Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་ཀྱི་རྒྱལ་ས་ལྷ་སར་ཐེམ་སྤང་བཀའ་རྒྱ་མུ་མཐུད་བསྡམས་པར་ངོ་རྒོལ།

བོད་ཀྱི་རྒྱལ་ས་ལྷ་ས་ནང་དུ་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་མང་ཚོགས་རྣམས་སྒོ་རྒྱ་བསྡམས་ནས་ད་ཆ་ཉིན་གྲངས་ ༧༠ ལྷག་འགྲོ་བཞིན་པའི་མཚམས་ཁ་སང་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲེང་ཀོན་ཆུས་ལྕགས་རོང་སྡེ་ཁུལ་གྱི་མང་ཚོགས་ཚོས་ངོ་རྒོལ་གནང་སྟེ་འབྲེལ་ཡོད་ས་གནས་སྲིད་གཞུང་གི་ངོས་ནས་ཁོང་རྣམས་རང་སར་ཕྱིར་ལོག་ཆོག་པའི་ཆོག་མཆན་སྤྲོད་དགོས་པ་སོགས་ཀྱི་སྐད་འབོད་བྱས་འདུགསྤྱི་ཚོགས་དྲ་ལམ་ཁག་ཏུ་ལྷ་ས་ནང་གི་བརྙན་པར་ཁག་གཅིག་ཕྱིར་འགྱར་བྱུང་བའི་ནང་མང་ཚོགས་མང་དག་ཅིག་ཕྱིར་ཐོན་ནས་རྒྱ་ནག་གཞུང་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་པ་མངོན་རྒྱུ་འདུག་པ་དང་། གནས་ཚུལ་ཡོང་ཁུངས་ཁག་གཅིག་གིས་ལས་འགུལ་དེ་གཙོ་བོ་ལྷ་སའི་ཕྱི་ཕྱོགས་ནས་ཡིན་པའི་རྒྱ་རིགས་ལས་མི་རྣམས་ཀྱིས་སྣེ་ཁྲིད་པ་ཞིག་ཡིན་པ་དང་ལས་འགུལ་ནང་ས་གནས་བོད་མི་རྣམས་ནས་ཀྱང་མཉམ་ཞུགས་གནང་ཡོད་སྐོར་བཤད་མཁན་འདུག འོན་ཀྱང་ད་ལྟའི་ཆར་མི་སྣ་དེ་དག་གི་གནས་སྟངས་ཇི་ཆགས་སོགས་ཁ་གསལ་མི་འདུག བརྙན་པར་ཁག་གཅིག་གི་ནང་རྒྱ་གཞུང་ལས་བྱེད་པ་དང་ཉེན་རྟོག་པ་རྣམས་རིམས་ནད་འགོག་སྲུང་གི་ཆས་སྤྲད་ཡོད་པ་དང་། མི་མང་མང་པོ་ཕྱི་ལ་འདུ་འཛོམས་ཀྱིས་ཉེན་རྟོག་པ་དང་གདོང་ཐུག་བྱུང་བ་མངོན་རྒྱུ་འདུག་ལ། བརྙན་གཞན་ཞིག་གི་ནང་ལས་འགུལ་སྣེ་ཁྲིད་གནང་མཁན་ཞིག་གིས་རྒྱང་བསྒྲགས་བརྒྱུད་ཁོང་རྣམས་ཟླ་བ་མང་པོར་དཔལ་འབྱོར་གྱི་ཡོང་འབབ་གང་ཡང་མེད་པའི་གནས་སུ་གྱར་ཞིང་ལུས་སེམས་གཉིས་ཀར་ངལ་བ་ཆེས་ཆེར་འཕྲད་བཞིན་འདུག་ཅེས་བཤད་འདུག དེ་རིང་སྤྱི་ཚོགས་དྲ་ལམ་ཁག་ཏུ་ལྷ་ས་ནང་གི་ངོ་རྒོལ་སྐོར་ལ་གནས་ཚུལ་བརྒྱུད་སྤེལ་བྱེད་མཁན་མང་དག་ཅིག་ཡོད་པའི་ཁྲོད་ལ་ལས་ཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་དེ་རྒྱ་རིགས་ལས་མི་ཚོས་སྣེ་ཁྲིད་པ་ཞིག་ཡིན་པར་འགྲེལ་བརྗོད་དང་འབྲེལ། གལ་ཏེ་དེ་ལྟ་བུའི་ལས་འགུལ་དེ་བོད་མི་ཚོས་སྤེལ་ཡོད་ཚེ་དེར་དྲག་གནོན་ནན་པོ་བྱེད་ངེས་རེད་ཅེས་འགྲེལ་བརྗོད་གནང་གི་འདུག རྩ་བའི་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཚོགས་ཆེན་ཚོགས་ཟིན་པའི་རྗེས་སུ་ལྷ་ས་ཁུལ་དུ་གཉན་རིམས་ཀྱི་དམ་བསྒྲགས་ཅུང་ལྷོད་ཡང་གཏོང་རྒྱུ་ཡིན་པའི་བརྡ་ཁྱབ་བཏང་ཡོད་ཀྱང་། ས་གནས་ཀྱི་བརྙན་དང་གནས་ཚུལ་ཕྱིར་འགྱར་འབྱུང་བཞིན་པར་གཞིགས་ཚེ་དུས་ད་ལྟའང་ལྷ་ས་ཁུལ་དུ་སྒོ་རྒྱ་བསྡམས་ནས་རིམས་ནད་འགོག་ཐབས་ཁྲོད་མི་མང་ཚོ་མཐུན་རྐྱེན་ཞན་པའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞག་ཡོད་པ་སོགས་ཀྱི་གནས་ཚུལ་མཐོང་རྒྱུ་འདུག བརྙན་གཞན་ཞིག་གི་ནང་བོད་མི་ཞིག་གིས་འུ་ཐུག་ཐབས་ཟད་པའི་རྣམ་པ་ཆེད་བཏོན་གྱིས་ལྷ་ས་ནང་དུ་མི་མང་པོ་ལྟོགས་བཀྲེས་ཀྱི་གནས་སུ་གྱར་བའི་ངལ་བ་འཕྲད་བཞིན་པའི་སྐོར་དང་འབྲེལ། སྲིད་གཞུང་ནས་ས་གནས་སུ་དངོས་སུ་ཕེབས་ཏེ་གནས་སྟངས་རྒྱུས་ལོན་དང་ཡོ་བསྲང་བྱེད་དགོས་པ། དེ་བཞིན་ས་ཕྱོགས་གཞན་ནས་སླེབས་པའི་ལས་མི་རྣམས་རང་ཡུལ་དུ་ཕྱིར་ལོག་བྱེད་བཅུག་དགོས་པ་སོགས་ཀྱི་དགོས་འདུན་བཏོན་འདུག གནས་ཚུལ་ཡོང་ཁུངས་ཁག་གཅིག་ལ་གཞིགས་ཚེ་ཁ་སང་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲེང་ཀོན་ཆུས་ལྕགས་རོང་སྡེ་ཁུལ་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་བྱུང་རྗེས་སྡོད་ཁུལ་གཞན་ཞིག་ནས་དེ་མཚུངས་ངོ་རྒོལ་བྱས་ཡོད་སྐོར་གསུངས་འདུག་པ་དེ་ལྟར་ནའང་། ད་ལྟའི་ཆར་གནས་ཚུལ་དེ་ཁུངས་ལྡན་ཇི་ཙམ་ཡིན་མིན་གསལ་རྟོགས་ཐུབ་ཀྱི་མི་འདུག

བོད་ཀྱི་འབྲོག་པའི་སྐོར་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད།

དེ་རིང་ཞོགས་པ་ཕྱག་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་ཀྱི་འབྲོག་པའི་སྐོར་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་།བོད་ཀྱི་འབྲོག་པའི་སྐོར་ཀྱི་དུས་ཐུང་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོ་དེའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། དམིགས་བསལ་སྐུ་མགྲོན་ལ་དྭགས་བོད་ཁྱིམ་སློབ་གྲྭའི་འགན་འཛིན་བསྟན་འཛིན་རབ་བརྟན་ལགས། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་རྣམ་པ། མི་མང་བཅས་མཉམ་ཞུགས་གནང་ཡོད།འགྲེམས་སྟོན་ཁྲོད་དུ་ལ་དྭགས་བོད་ཁྱིམ་སློབ་ཕྲུག་ཁག་ཅིག་གིས་འབྲོག་པའི་ཆས་གོས་སྤྲས་ཏེ་རྩམ་པ་བསྔོས་སྟངས་དང་། ཐགས་ལས། དེ་བཞིན་འབྲོག་པའི་དཀར་ལས་དང་སྒོ་ཕྱུགས་སེམས་ཅན་གྱི་སྤུ་བལ་བྲེག་པ་སོགས་གནང་སྟེ་འབྲོག་པའི་འཚོ་བ་སྐྱེལ་སྟངས་ཀྱི་རྣམ་པ་གསལ་བཏོན་གནང་ཡོད།སྐབས་དེར་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་མཆོག་གིས་ལ་དྭགས་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ནས་དེ་ལྟ་བུའི་འགྲེམས་སྟོན་གྱི་འགན་འཁུར་བླངས་པ་དེ་ལ་ཡི་རངས་བསྔགས་བརྗོད་དང་འབྲེལ། འགྲེམས་སྟོན་དེ་དག་གི་བརྒྱུད་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་གོམས་གཤིས། ཁོར་ཡུག ད་ལྟའི་ཆར་བོད་ནང་རྒྱ་དམར་གཞུང་གིས་སྲིད་བྱུས་ངན་པ་འདྲ་མིན་ལག་བསྟར་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རིག་གཞུང་རྩ་མེད་བཟོ་བཞིན་ཡོད་པ་རྣམས་འཛམ་གླིང་ལ་དྲིལ་བསྒྲགས་དང་ལྷག་པར་དུ་རང་རིགས་གཞོན་སྐྱེས་རྣམས་ལ་དེ་འབྲེལ་གོ་རྟོགས་སྤེལ་གལ་ཡིན་པ་གསུངས་སོང་། དེ་བཞིན་ཁོང་གིས་དེང་གི་ཆར་འབྲོག་པའི་གནས་སྟངས་དེ་ཉམས་དམས་སུ་འགྲོ་བཞིན་ཡོད་སྟབས་གནད་དོན་དེ་ནི་གལ་འགངས་ཆེན་པོ་ཞིག་ཏུ་ངོས་འཛིན་ནས་དེ་ལྟ་བུའི་འགྲེམས་སྟོན་གནང་བ་ནི་དུས་དང་རན་པ་ཞིག་དང་མཉམ་ཞུགས་གནང་མཁན་གཞོན་སྐྱེས་རྣམ་པས་དོ་དབྱིངས་དང་སྤོབས་པ་ལྡན་པའི་ཐོག་ནས་རང་ཉིད་ཀྱི་རིག་གཞུང་འགྲེམས་སྟོན་གནང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་ཁ་ཕྱོགས་གང་དུ་བསྒྱུར་མིན་ནི་གཞོན་སྐྱེས་ལ་རག་ལས་ཀྱི་ཡོད་པས་གཞོན་སྐྱེས་རྣམས་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པར་གསུངས་ཡོད།འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་སྐབས་ཁོང་གིས་ཐེངས་འདིའི་དུས་ཐུང་གི་འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི་ད་ལྟའི་ཆར་ཉམས་དམས་སུ་འགྲོ་མུས་ཡིན་པའི་བོད་ཀྱི་འབྲོག་པའི་ཁྱད་ཆོས་དེ་དག་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་ཏེ་གོ་སྒྲིག་གནང་བ་ཡིན་སྐོར་གསུངས་སོང་། བོད་ནང་རྒྱ་དམར་གྱིས་འབྲོག་པ་རྣམས་གྲོང་ཁྱེར་དུ་གནས་སྤོ་བྱེད་བཅུག་པའི་ལས་གཞི་དེ་ནི་བོད་རྒྱ་སྒྱུར་གྱི་སྲིད་བྱུས་ཤིག་ཡིན་པར་འགྲེལ་བརྗོད་གནང་བ་མ་ཟད་ཁོང་གིས་དུས་ཐུང་གི་འགྲེམས་སྟོན་དེའི་ཐོག་ཅ་དངོས་སྒྲིག་གཤོམ་བྱས་པ་ཕལ་ཆེ་བ་བྱང་ཐང་གི་འབྲོག་ས་ཁག་དྲུག་ནས་མཁོ་སྒྲུབ་གནང་བ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་ཡོད།རླུང་འཕྲིན་ཁང་གིས་དུས་ཐུང་འགྲེམས་སྟོན་གོ་སྒྲིག་པ་ལ་དྭགས་བོད་ཁྱིམ་སློབ་གྲྭའི་འགན་འཛིན་བསྟན་འཛིན་རབ་བརྟན་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་སྐབས་ཁོང་གིས་འགྲེམས་སྟོན་དེ་ནི་བོད་ཕྲུག་ཁྱིམ་སྡེ་སྤྱི་ཁྱབ་ཡིག་ཚང་ནས་ཇི་ལྟར་བཀའ་ཕེབས་དོན་ལྟར་ཉེ་ལམ་ལེགས་གྲུབ་ཟིན་པའི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༢ འཁོར་བའི་དུས་སྟོན་དང་༸རྒྱལ་བའི་བརྟན་བཞུགས་དང་སྟབས་བསྟུན་ལོ་གཉིས་གོང་ནས་གྲ་སྒྲིག་གནང་བ་ཞིག་ཡིན་སྐོར་གསུངས་སོང་། ཁོང་གིས་ད་ལྟའི་ཆར་འབྲོག་པའི་གནས་སྟངས་འདི་ཉམས་དམས་སུ་འགྲོ་བཞིན་ཡོད་སྐོར་བོད་རིགས་གཞོན་སྐྱེས་རྣམས་ལ་གོ་རྟོགས་སྤེལ་འགངས་ཡིན་པ་གསུངས་པ་དང་འབྲེལ། འབྲོག་པའི་འཚོ་བ་ནི་རང་སྐྱོང་གི་འཚོ་བ་ཡིན་སྟབས་དེང་གི་ཆར་དེ་ལྟ་བུའི་འཚོ་བ་སྐྱེལ་རྒྱུ་ནི་ཤིན་ཏུ་ནས་ཁག་པོ་ཆགས་ཡོད་པར་སོང་དེ་ལྟར་ངོ་སྤྲོད་གནང་ཆེད་དུ་བོད་ཀྱི་འབྲོག་པའི་སྐོར་གྱི་དུས་ཐུང་འགྲེམས་སྟོན་གནང་བ་ཡིན་སྐོར་གསུངས་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

དེ་རིང་ཕྱི་ཚེས་ ༢༦ རེས་གཟའ་ལྷག་པ་༸རྒྱལ་བའི་༸སྐུའི་བླ་གཟའ་ཉིན་གྱི་སྔ་ཐོག་བོད་ཁྱིམ་ལས་སློབ་ངོ་ཟུར་ཡོངས་དང་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཐུན་མོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་དག་སྣང་གསང་བ་རྒྱ་ཅན་ལས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་ཐོག་ནས་མཁའ་འགྲོའི་བསུན་ཟློག་དང་འབྲེལ་བའི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།  དེ་རིང་སྔ་དྲོ་ཚོུད་ ༦ ཙམ་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཞྭ་སེར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགེ་འདུན་འདུས་མང་གིས་བརྟན་བཞུགས་དང་འབྲེལ་བའི་༸སྐུའི་ཚེ་སྒྲུབ་དང་འབྲེལ་བའི་གནང་སྒོ་ཁག་གནང་ཡོད། ལེགས་གྲུབ་རྗེས་ཚོུད་ ༨༌༣༠ ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་སྐབས་ཕོ་བྲང་རྒྱལ་སྒོ་རུ་སྦྱིན་བདག་ཁག་གཉིས་ནས་སྤོས་སྣེ་དང་། ཕྱི་ནང་གི་དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོས་ཕེབས་བསུ་གཟབ་རྒྱས་དང་བཅས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་ཆོ་ག་དངོས་གཞི་དབུ་འཛུགས་སྦྲགས་ཏེ་རྡོ་རྗེ་སློབ་དཔོན་ཞྭ་སེར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱལ་ཕུལ་དང་དེ་བཞིན་མཎྜལ་ལྗགས་བཤད་གནང་ཡོད། སྐབས་དེའི་བརྟན་བཞུགས་ཀྱི་གནང་སྒོ་ཁག་གྲུབ་མཚམས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་འདིར་བརྟན་བཞུགས་ཐོག་དངོས་སུ་ཕེབས་པ་དང་ལྷག་པར་དུ་ལུས་པོ་འདིར་འཁོད་མེད་ཀྱང་མགོན་པོ་༸གང་ཉིད་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་སྨོན་ལམ་རྒྱག་བཞིན་ཡོད་པའི་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་བོད་མི་རྣམས་དང་འཛམ་གླིང་ས་གནས་གང་སར་བཞུགས་པའི་དད་ལྡན་ཆོས་གྲོགས་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་སོང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་དུས་ད་ལྟའི་བར་གྱི་ལོ་ཡུན་དེ་དག་རིང་བོད་བསྟན་སྲིད་རིག་གཞུང་དང་བཅས་པར་སྨན་པའི་མཛད་པ་ཇི་སྙེད་ཅིག་བསྐྱངས་པ་དེ་ནི་འཕགས་པ་སྤྱན་རས་གཟིགས་ལ་སྒྲུབ་པའི་མཆོད་པ་ཡིན་ཞེས་བཀའ་སྩལ་བ་དང་ཆབས་ཅིག་མུ་མཐུད་དུ་བོད་བསྟན་སྲིད་ཀྱི་དོན་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་བསྣམས་ནས་ད་དུང་དགུང་གྲངས་བཅུ་ཕྲག་གཉིས་གསུམ་ལྷག་བཞུགས་རྒྱུ་ཡིན་པར་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད།གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བརྟན་བཞུགས་དང་འབྲེལ་ནས་མགོན་པོ་༸གང་ཉིད་མཆོག་གིས་བཀའ་རྩོམ་མཛད་པའི་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་ལྗགས་ལུང་བཀའ་དྲིན་སྩལ་བ་དང་། ཞི་བ་ལྷའི་དགོངས་པ་ལྟར་༸གོང་ས་མཆོག་གིས་བྱང་ཆུབ་ཀྱི་སེམས་སྒོམ་པ་ནི་ཉམས་ལེན་གྱི་མཐིལ་དུ་མཛད་བཞིན་ཡོད་པས་ཆོས་གྲོགས་ཚོས་ཀྱང་བྱང་ཆུབ་ཀྱི་སེམས་ལ་དགོངས་པ་ཆེ་བཞེས་གནང་གལ་ཡིན་པར་ལམ་སྟོན་མཛད་ཡོད།  གཞི་རྩའི་ཐེངས་འདིའི་བརྟན་ཞུགས་ཐོག་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲིད་གཅོད་ལགས་ཀྱིས་དབུས་པའི་དགེ་ལས་སློབ་ཕྲུག་དང་། རྒྱལ་སྤྱིའི་ས་གནས་གང་སར་ཡོད་པའི་བོད་ཁྱིམ་སློབ་ཟུར། དེ་བཞིན་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་སྒྲུབ་ལགས་གཙོས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་དང་ཚོགས་མི། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བཞུགས་སྒར་དུ་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་ཕྱི་ནང་གི་སེར་སྐྱ་མང་ཚོགས་སོགས་ཕེབས་འདུག སྐབས་དེར་བོད་ཁྱིམ་སྡེའི་སློབ་ཕྲུག་ཁག་ཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་བསྟོད་གླུ་གཟིགས་འབུལ་ཞུས་ཡོད། ༸སྐུ་པར་ཁག་གི་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

བོད་མི་གློག་བརྙན་བཟོ་བསྐྲུན་པ་དགེ་ལེགས་དཔལ་བཟང་ལགས་དང་གླེང་མོལ།

དགེ་ལེགས་དཔལ་བཟང་ལགས་ཀྱིས་གསར་བསྐྲུན་གནང་བའི་ཨ་མ་ལགས་ཞེས་པའི་གློག་བརྙན་དང་འབྲེལ་ཏེ་གླེང་མོལ་ཞུས་ཡོད།  དགེ་ལེགས་དཔལ་བཟང་ལགས་ནི། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞི་ཆགས་ནས་ཡིན་ཞིང་། ལ་དྭགས་བོད་ཕྲུག་ཁྱིམ་སྡེ་དང་རིམ་པས་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ། དེ་ནས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ Asian School of Media Studies དང་ཨ་རི་ Millennium Flim School གཉིས་ནས་གློག་བརྙན་བཟོ་བསྐྲུན་ཐོག་སློབ་ཐར་སོན་རྗེས་རྒྱ་གར་གྱི་གློག་བརྙན་མང་པོའི་ནང་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། ལྷག་པར་ཁོང་གིས་ Alexandra David-Ne`el ཞེས་པའི་ཕ་རན་སི་གློག་བརྙན་ནང་འཁྲབ་ཁྲིད་པའི་ལས་རོགས་གནང་ཡོད། ཁོང་གི་བཟོ་བསྐྲུན་དང་འཁྲབ་ཁྲིད་ཆ་ཚང་གནང་བའི་ Prayers Answered ཞེས་པར་རྒྱལ་སྤྱིའི་གཟེངས་རྟགས་ཐོབ་མྱོང་ཡོད་པ་རེད།

༸གོང་ས་མཆོག་གིས་སྐུ་ཞབས་ Rishi Sunak ལགས་ལ་དབྱིན་ཡུལ་གྱི་སྲིད་བློན་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་པ།

ཁ་སང་ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་དབྱིན་ཡུལ་གྱི་ Conservative Party འམ་རྙིང་ཞེན་ཚོགས་པའི་འགོ་ཁྲིད་དང་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་ Rishi Sunak ལགས་ལ་སྲིད་བློན་གྱི་རྒྱལ་ཁ་ཐོབ་ཡོད་སྟབས། དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་རི་ཤི་ལགས་ལ་དགའ་བསུའི་འཚམས་འདྲི་མཛད་འདུགའཚམས་འཕྲིན་དེའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་མགོན་པོ་༸གང་ཉིད་མཆོག་དབྱིན་ཡུལ་ནང་ཆིབས་སྒྱུར་མཛད་སྐབས་དབྱིན་ཇིའི་མང་ཚོགས་ཀྱིས་མཛའ་བརྩེ་དང་མཛའ་འབྲེལ་གྱི་འདུ་ཤེས་བསྟན་གནང་བར་ཐུགས་འགུལ་ཐེབས་ཡོད་པར་བཀའ་སྩལ་འདུག་པ་དང་། དེ་བཞིན་མགོན་པོ་མཆོག་གིས་གོ་ལའི་ཁྱོན་ལ་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུའི་དགོངས་གཞིར་ཐུགས་སྣང་ཆེན་པོས་རྒྱབ་སྐྱོར་དང་ཐུགས་འགུལ་ཐེབས་པའི་རྣམ་པ་བསྟན་པ་བྱུང་ཡོད་སྐོར་བཀའ་སྩལ་འདུགདེ་མཚུངས་སུ་༸གོང་ས་མཆོག་གིས་གོ་སྐབས་དེའི་བརྒྱུད་དབྱིན་ཇིའི་མཆེད་གྲོགས་ཕོ་མོ་ཚོས་བོད་མིའི་མཚན་མཐོང་དང་རང་དབང་གི་མངོན་འདོད་ལ་ཐུགས་སྣང་ཆེན་པོས་རྒྱབ་སྐྱོར་གནང་བར་ཡི་རང་དང་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་མཛད་འདུག༸གོང་ས་མཆོག་གིས་སྲིད་བློན་སྐུ་ཞབས་ Rishi Sunak ལགས་ལ་དེ་འབྲེལ་འཚམས་འཕྲིན་སྩལ་མ་ཐག་ཏུ་དེང་གི་དུས་སྐབས་འདི་ནི་དབྱིན་ཡུལ་སྤྱི་དང་སྒོས་གོ་ལ་ཡོངས་ཀྱིས་ངལ་བར་གདོང་ལེན་གནང་དགོས་པའི་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་ཆགས་ཡོད་པ་དང་། ལྷག་པར་དུ་འཛམ་གླིང་གི་ཆ་ཤས་གཅིག་ལ་གནད་དོན་གང་ཞིག་བྱུང་བ་དེས་ང་ཚོ་ཚང་མར་ཤུགས་རྐྱེན་སྤྲོད་ཀྱི་ཡོད། དེས་ན་སྐུ་ཉིད་མཆོག་གིས་སྲིད་བློན་གྱི་ཐུགས་འགན་བཞེས་རིང་ལ་དབྱིན་ཡུལ་མང་ཚོགས་དང་འབྲེལ་བའི་གདོང་ལེན་གནང་སྒོ་སྤྱི་དང་ལྷག་པར་འཛམ་གླིང་སྤྱིར་སྨན་པའི་ཞི་བདེ་རྒྱ་ཆེ་བསྐྲུན་ཐུབ་རྒྱུ་བཅས་ལ་ཐུགས་སྨོན་མཛད་འདུགདེ་བཞིན་རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་གིས་ཀྱང་སྐུ་ཞབས་རི་ཤི་ལགས་དབྱིན་ཡུལ་གྱི་སྲིད་བློན་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་བ་དང་འབྲེལ། ཁོང་ནི་རྒྱ་གར་མི་རྒྱུད་ཡིན་པ་གང་ཞིག་ལ་ཨེ་ཤ་ཡའི་མི་རིགས་ཁྲོད་ནས་དབྱིན་ཡུལ་གྱི་སྲིད་བློན་ཆེས་ཐོག་མ་དེ་ཆགས་ཡོད་སྐོར་གསུངས་པ་དང་ཆབས་ཅིག་སྲིད་བློན་མཆོག་གིས་གོ་ལ་སྤྱིའི་གནད་དོན་དང་ཕྱི་ལོ་ ༢༠༣༠ ལོའི་གཞུང་ལམ་ས་བཀྲ་བཅས་ཀྱི་ཐད་ལ་བློ་ཐག་ཉེ་པོའི་ཐོག་ནས་མཉམ་སྦྲེལ་གནང་རྒྱུར་མངོན་འདོད་ཡོད་པར་གསུངས་པ་དང་སྦྲགས། རྒྱ་གར་གྱི་སྒྲོན་མེའི་དུས་སྟོན་ལ་འཚམས་འདྲི་གནང་འདུག དེ་བཞིན་ཁོང་གིས་རྒྱ་གར་དང་དབྱིན་ཇིའི་དབར་སྔར་གྱི་དེ་བྱུང་ལ་བསྒྱུར་བཅོས་ཀྱིས་དེང་རབས་ཅན་གྱི་མཛའ་སྦྲེལ་རང་བཞིན་ལྡན་པ་ཞིག་བསྐྲུན་གལ་ཡིན་པ་སོགས་གསུངས་འདུགརྩ་བའི་སྐུ་ཞབས་ Rishi Sunak ལགས་ལ་ཁ་སང་སྲིད་བློན་གྱི་རྒྱལ་ཁ་ཐོབ་པའི་རྗེས་ཀྱི་གསུང་བཤད་ཆེས་ཐོག་མར་གནང་སྐབས། ཁོང་གིས་དབྱིན་ཇིའི་རྒྱལ་ཁབ་དེ་ཉིད་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ཀྱང་ད་ལྟའི་ཆར་ང་ཚོའི་དཔལ་འབྱོར་གྱི་གནས་བབས་ཇི་ཆགས་ཆ་མ་རྟོགས་པའི་འགག་མཚམས་ཤིག་ཏུ་གྱུར་ཡོད་ཅེས་གསུངས་པ་དང་། ཁོང་གི་རྙིང་ཞེན་ཆབ་སྲིད་ཚོགས་པའི་ངོས་ནས་མ་འོངས་པའི་དབྱིན་ཡུལ་གྱི་མང་ཚོགས་རྣམས་ལ་གོ་སྐབས་སྔར་ལྷག་བསྐྲུན་རྒྱུའི་ཐག་གཅོད་གནང་ངེས་ཡིན་པར་སོང་། རང་ཉིད་སྲིད་བློན་གྱི་འོས་མིར་ལངས་པ་ཡིན་ཞེས་གསུངས་འདུག་པ་མ་ཚད་པར་ལྷག་དོན་ཁོང་གིས་དཔལ་འབྱོར་གྱི་ངལ་བ་ཇི་འཕྲད་སེལ་རྒྱུ་དང་ཆབ་སྲིད་ཚོགས་པ་ཕན་ཚུན་དབར་ཆིག་སྒྲིལ་བཟོས་ཏེ་རྒྱལ་ཁབ་ལ་ཞབས་འདེགས་ཞུ་ངེས་ཡིན་ཞེས་གསུངས་ཡོད།

རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆའི་ཐོག་ནས་བོད་ཀྱི་ཆོས་རིག་རྩ་མེད་གཏོང་ཐུབ་ཀྱི་མ་རེད་ཅེས་བཀའ་སྩལ་བ།

དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཁྱིམ་སློབ་ཟུར་རྣམས་ལ་དམིགས་བསལ་མཇལ་ཁ་སྩལ་སྐབས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་རིང་ཐང་སྐོར་ངོ་སྤྲོད་མཛད་པ་དང་འབྲེལ་ཏེ་རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་སྤྱོད་ནས་བོད་ཀྱི་ཆོས་དང་རིག་གཞུང་ནམ་ཡང་རྩ་མེད་གཏོང་ཐུབ་ཀྱི་མ་རེད་ཅེས་བཀའ་སྩལ་འདུགདྷརྨ་སཱ་ལཱར་རྟེན་གཞི་བྱས་པའི་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༢ ཧྲིལ་པོ་འཁོར་བའི་དུས་སྟོན་སྲུང་བརྩི་དང་ལྷག་པར་དུ་བོད་ཕྲུག་ཁྱིམ་སྡེའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་རིམ་དང་འབྲེལ། རྒྱལ་སྤྱིའི་ཡུལ་གྲུ་གང་སར་གནས་པའི་བོད་ཁྱིམ་གྱི་ལས་སློབ་ངོ་ཟུར་མི་ཉུང་བ་ཞིག་བཞུགས་སྒར་དུ་ཆེད་བཅར་ཞུས་ཡོད་པ་ལྟར་དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་དུ་བོད་ཁྱིམ་གྱི་སློབ་ཟུར་དེ་དག་ལ་མཇལ་ཁ་སྩལ་བ་དང་སྦྲགས། རྒྱ་གར་ནང་བཙན་བྱོལ་དུ་འབྱོར་མ་ཐག་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཐུབ་ཐབས་སོགས་ལ་དམིགས་ཏེ་སྐབས་དེའི་སྲིད་བློན་ནེཧ་རུ་མཆོག་ལ་བོད་པའི་སློབ་གྲྭ་ཟུར་འཛུགས་དགོས་པའི་རེ་སྐུལ་མཛད་དོན་ལྟར་རོགས་རམ་གནང་ཡོད་པ་སོགས་བཀའ་སྩལ་འདུག ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་བོད་ལ་ཆ་མཚོན་ན་ཆོས་རྒྱལ་ཚོའི་སྐུ་དུས་ནས་བོད་ཀྱི་སྐད་ཡིག་གསར་གཏོད་དང་རིམ་པས་ནང་པའི་གཞུང་ཆེན་ཁག་བོད་སྒྱུར་གནང་སྟེ་རང་ལུགས་སྲ་བརྟན་གནང་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག ད་ཆ་ང་ཚོ་ཆབ་སྲིད་ཀྱི་རང་དབང་ཤོར་ཡོད་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་བོད་ནང་གཞིས་བཞུགས་རྒྱ་ཆེ་མང་ཚོས་སེམས་ཤུགས་ཆེན་པོས་གཅེས་ཉར་གནང་བཞིན་ཡོད་པ་དང་། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོས་ཀྱང་བོད་ཀྱི་རིག་གཞུང་ལ་དོ་སྣང་དང་སེམས་ཤུགས་ཧ་ཅང་ཆེན་པོ་ཡོད་པར་བཀའ་སྩལ་ཏེ། རྒྱ་ནག་གུང་ཁྲན་ཏང་གིས་རྡུལ་ཕྲན་མཚོན་ཆ་སྤྱོད་པའི་ཐོག་ནས་བོད་ཀྱི་ཆོས་རིག་རྩ་མེད་གཏོང་ཐུབ་ཀྱི་མ་རེད་ཅེས་བཀའ་སྩལ་ཡོད།མགོན་པོ་༸གང་ཉིད་མཆོག་གིས་བོད་བརྒྱུད་ནང་བསྟན་ནང་གསུངས་པའི་བསམ་བློའི་འགྲོ་སྟངས་དང་འབྲེལ་བའི་སེམས་ཁམས་རིག་པའི་རྣམ་གཞག་ཐོག་དེང་རབས་ཀྱི་ཚན་རིག་མཁས་པ་ཚོས་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་པ་སོགས་བཀའ་སྩལ་བ་དང་སྦྲགས། གཙོ་བོ་ང་ཚོས་སོ་སོའི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་འདུག

༸གོང་ས་མཆོག་གིས་ཨི་ཊ་ལིའི་སྲིད་བློན་གསར་པར་འཚམས་འདྲི་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་ཆབ་སྲིད་པ་དང་གསར་འགོད་པ་ལྕམ་སྐུ་ Giorgia Meloni ལགས་ཡུལ་དེའི་སྲིད་བློན་དུ་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་སྩལ་བ་མ་ཟད། ཐེངས་འདིར་ཨི་ཊ་ལིའི་སྲིད་བློན་དུ་བེུད་ཅིག་འདེམས་ཐོན་བྱུང་བ་དེར་མགོན་པོ་༸གང་ཉིད་མཆོག་དམིགས་བསལ་གྱི་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་འདུག༸གོང་ས་མཆོག་གིས་འཚམས་འཕྲིན་དེའི་ནང་། འདས་པའི་ལོ་མང་རིང་མགོན་པོ་༸གང་ཉིད་མཆོག་ཨི་ཊ་ལི་རྒྱལ་ཁབ་ནང་ཆིབས་སྒྱུར་མཛད་སྐབས་ཨི་ཊ་ལིའི་མང་ཚོགས་ཀྱིས་མཛའ་བརྩེ་དང་མཛའ་འབྲེལ་གྱི་འདུ་ཤེས་བསྟན་གནང་བར་ཐུགས་འགུལ་ཐེབས་ཡོད་པར་བཀའ་སྩལ་འདུག་པ་དང་། དེ་བཞིན་མགོན་པོ་མཆོག་གིས་ཨི་ཊ་ལིའི་མཆེད་གྲོགས་ཕོ་མོ་ཚོས་བོད་མིའི་མཚན་མཐོང་དང་རང་དབང་གི་མངོན་འདོད་ལ་ཐུགས་སྣང་ཆེན་པོས་རྒྱབ་སྐྱོར་གནང་བར་ཡི་རང་མཛད་ཀྱི་ཡོད་པར་བཀའ་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་ད་དུང་སྤྱིར་བུད་མེད་རྣམས་ཀྱི་རྒྱུད་ལ་འགྲོ་བ་གཞན་གྱི་བདེ་སྡུག་གི་ཚོར་བ་མང་བ་རྟོགས་ཐུབ་རྒྱུའི་ནུས་པ་ལྡན་ཡོད་པ་ནི་ཚན་རིག་དང་མཐུན་པར་ར་འཕྲོད་ཐུབ་ཀྱི་ཡོད་ལ། ༸གོང་ས་མཆོག་གིས་ཀྱང་དེ་ལྟར་ཡིན་པར་ཐུགས་ཡིད་ཆེས་ཀྱི་ཡོད་པ་དང་། རྒྱུ་མཚན་དེར་བརྟེན་བེུད་རྣམས་གཞན་གྱི་བདེ་སྡུག་ཆེད་ཐུགས་ཁུར་དང་བྱམས་བརྩེའི་བློ་སྟོབས་མང་བ་ཡོད་སྟབས། ཐེངས་འདིར་ཨི་ཊ་ལིའི་སྲིད་བློན་དུ་བེུད་ཅིག་འདེམས་ཐོན་བྱུང་བ་དེར་དམིགས་བསལ་གྱི་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་འདུགདེང་གི་དུས་སྐབས་འདི་ནི་ཨི་ཊ་ལི་སྤྱི་དང་སྒོས་འགྲོ་བ་མིའི་རིགས་ཡོངས་ཀྱིས་ངལ་བར་གདོང་ལེན་གནང་དགོས་པའི་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་ཆགས་ཡོད་པ་དང་། དེ་རིང་ཁ་སང་གོ་ལ་ཡོངས་ཕན་ཚུན་དབར་གཅིག་ལ་གཅིག་རྟེན་གྱི་གནས་བབ་སྔར་ལྷག་ཆགས་ཡོད་སྟབས། གང་ཟག་སྒེར་དང་རྒྱལ་ཁབ་གཅིག་ཁོ་ནས་ངལ་བ་དེ་དག་སེལ་མི་ཐུབ། ང་ཚོ་འགྲོ་བ་མི་རྣམས་ཡིད་ཆེས་འཕེར་བའི་སྤྱི་ཚོགས་རྒྱ་ཆེན་པོར་བརྟེན་ནས་འཚོ་བཞིན་ཡོད་པ་རེད། དེས་ན་ང་ཚོས་འགྲོ་བ་མི་ཕན་ཚུན་དབར་གཅིག་གིས་གཅིག་ལ་ཆེས་བྱམས་བརྩེ་དང་སྙིང་རྗེ་མང་ཙམ་སྟོན་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་གནང་མཛད་པར་མ་ཟད། ལྕམ་སྐུ་ Giorgia Meloni ལགས་ཀྱི་ཨི་ཊ་ལིའི་སྲིད་བློན་གྱི་ཐུགས་འགན་བཞེས་རིང་ལ་ཨི་ཊ་ལི་རྒྱལ་ཁབ་ཀྱི་མང་ཚོགས་དང་ལྷག་པར་འཛམ་གླིང་སྤྱིར་སྨན་པའི་ཞབས་འདེགས་བསྒྲུབ་པར་ཐུགས་སྨོན་བཅས་མཛད་འདུག ༸གོང་ས་མཆོག་གིས་སྲིད་བློན་ Giorgia Meloni ལགས་སུ་དེ་འབྲེལ་འཚམས་འཕྲིན་སྩལ་མ་ཐག་ཏུ་དེ་རིང་ལྕམ་སྐུ་མཆོག་གིས་ཁོང་སྐུ་སྒེར་གྱི་འཕྲུལ་སྒྲའམ་ Twitter དྲ་གནས་ཐོག་༸གོང་ས་མཆོག་གིས་ཁོང་ལ་འཚམས་འཕྲིན་དེ་ལྟ་བུ་སྩལ་བ་དེས་ཁོང་ལ་བློ་སྤོབས་ཆེན་པོ་སྦྱིན་བྱུང་ཞེས་འགྲེལ་བརྗོད་དང་འབྲེལ། གོ་སྐབས་དེའི་བརྒྱུད་༸གོང་ས་མཆོག་ལ་མཛའ་འབྲེལ་གྱི་འདུ་ཤེས་རྒྱུན་སྐྱོང་གནང་རྒྱུའི་ཆོད་སེམས་ཡོད་པ་མངོན་གསལ་གནང་འདུག

ཞི་ཅིན་ཕིང་གིས་རང་ཉིད་ཀྱི་བློ་མཐུན་མི་སྣ་འགོ་ཁྲིད་ལ་བསྐོ་གཞག་གིས་སྲིད་དབང་རྒྱ་སྐྱེད།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ པ་མཇུག་སྒྲིལ་དང་བསྟུན་ཞི་ཅིན་ཕིང་ལས་ཡུན་གསུམ་པ་གཏན་ཁེལ་བྱུང་བ་མ་ཚད་པར་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ཅུས་སམ་ཆབ་སྲིད་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་མི་སྣ་བདུན་གསལ་བསྒྲགས་བྱས་པར་ཁོ་པའི་བློ་མཐུན་འགོ་ཁྲིད་ཁོ་ན་བསྐོ་གཞག་བྱས་འདུགཁ་སང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་ལྔ་ཚན་གྱི་ཚོགས་ཆེན་མཇུག་སྒྲིལ་མཚམས་སུ་ཞི་ཅིན་ཕིང་གི་འགོ་འཁྲིད་འོག་རྒྱ་ནག་གི་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་སུ་ Li Qiang དང་ Zhao Leji།   Wang Huning།  Cai Qi།  Ding Xuexiang དང་ Li Xi བཅས་བསྐོ་གཞག་བྱས་འདུག ཁོ་པས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དེ་དག་ངོ་སྤྲོད་བྱས་པར་ང་ཚོ་རླུང་འཚུབ་ཆེན་པོ་དང་ཆར་རླུང་སོགས་ལ་ཞེད་སྣང་མེད་ཅེས་དང་ལྷག་པར་དམར་ཤོག་ཚོགས་པའི་ལྟ་བ་ལངས་ཕྱོགས་ལ་ཇི་ཙམ་གྱིས་བརྟན་པོ་གནས་ཐུབ་པ་དེ་ཚོད་ཀྱིས་གཞན་གྱི་དབང་བསྒྱུར་མི་ཐུབ་པའི་གཏམ་བཤད་བྱས་འདུག སྤྱིར་ཞི་ཅིན་ཕིང་དམར་ཤོགས་ཚོགས་པའི་འགོ་ཁྲིད་ཀྱི་ལས་ཡུན་གསུམ་པར་བདམས་པ་དེ་ནི་རྒྱ་ནག་གི་ལོ་རྒྱུས་ཁྲོད་མའོ་ཙེ་ཏུང་གི་རྗེས་སུ་དབང་ཐང་ཆེ་ཤོས་ཀྱི་འགོ་ཁྲིད་ཆགས་ཀྱི་ཡོད་པ་མ་ཟད་རང་ཉིད་ཀྱི་བློ་མཐུན་མི་སྣ་ཁག་ཅིག་ལ་འགོ་ཁྲིད་ཀྱི་གོ་གནས་སྤྲད་པ་དེ་སྲིད་འཛིན་གྱི་ལས་ཡུན་གསུམ་པ་བཟུང་རྒྱུར་ནང་ཁུལ་གྱི་འཁོན་དཀྲུག་མེད་པར་དབང་ཆ་རྒྱ་སྐྱེད་ཐུབ་ཐབས་ཀྱི་རྣམ་པ་ཞིག་སྟོན་གྱི་ཡོད་པར་གསུངས་ཡོད།ཁ་སང་ཚོགས་ཆེན་མཇུག་སྒྲིལ་མཚམས་སུ་ཞི་ཅིན་ཕིང་གིས་རྒྱ་ནག་གི་དབུས་ཆབ་སྲིད་ལྷན་ཁང་གི་མི་སྣ་ ༢༤  ཞིག་ངོ་སྤྲོད་བྱས་ཡོད་པ་དང་ཐེངས་འདིའི་དབུས་ཆབ་སྲིད་ལྷན་ཁང་ལ་བུད་མེད་གཅིག་ཀྱང་མེད་པ་དེ་ནི་འདས་པའི་ལོ་ངོ་ ༢༥ ནང་ཆབ་སྲིད་ལྷན་ཁང་ལ་བུད་མེད་མེད་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་མ་ཟད། ཐེངས་འདིའི་ཚོགས་ཆེན་ཐོག་ཚོགས་མི་ ༢༠༥ ལས་གྲུབ་པའི་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཚོགས་མི་གསར་པའི་ནང་སྲིད་བློན་ Li Keqiang དང་རྒྱ་ནག་གཞུང་གི་ཆབ་སྲིད་སློབ་སྟོན་པ་མཐོ་གྲས Wang Yang གཉིས་ཚུད་མེད་པ་རེད། རླུང་འཕྲིན་ཁང་གིས་ཐེ་ཝན་སྐུ་ཚབ་དོན་གཅོད་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་ཐེངས་འདིར་བསྐོ་གཞག་བྱུང་བའི་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་མི་སྣ་བདུན་པོ་དེ་དག་སྐོར་དང་། ཞི་ཅིན་ཕིང་གིས་བློ་མཐུན་མི་སྣ་འགོ་ཁྲིད་ལ་བསྐོ་བཞག་བརྒྱུད་རང་ཉིད་ཀྱི་སྲིད་དབང་རྒྱ་སྐྱེད་གཏོང་ཕྱོགས་དང་འབྲེལ་བཅར་འདྲི་ཞུས་ཡོད། གཞི་རྩའི་རེས་གཟའ་སྤེན་པར་མཇུག་སྒྲིལ་བྱུང་བའི་ཚོགས་ཆེན་ལ་དོ་སྣང་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གླེང་བཞིན་པའི་གནད་དོན་གཅིག་ནི། ཞི་ཅིན་ཕིང་གི་ཟུར་དུ་བསྡད་པ་ལོ་ན་ ༧༩ སོན་པ་རྒྱ་ནག་གི་སྲིད་འཛིན་ཟུར་པ་ Hu Jintao ཚོགས་ཆེན་ནས་ལས་བྱེད་གཉིས་ཀྱིས་ཁོ་བོ་འདོད་མོས་མེད་བཞིན་དུ་ཁྲིད་པའི་བརྙན་པར་ཡོད་པ་དང་།  ཁོ་བོ་དེ་ལྟར་ཕྱིར་ཁྲིད་པའི་རྒྱུ་རྐྱེན་གང་ཡིན་གསལ་ཁ་མེད་ཀྱང་། རྒྱ་ནག་གི་གཞུང་འབྲེལ་ཤིན་ཧུའ་གསར་ཁང་གིས་དེ་ནི་ཁོ་པའི་འཕྲོད་བསྟེན་དང་འབྲེལ་བ་ལས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་སྐོར་བཤད་འདུག རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཁོ་པ་ཚོགས་ཆེན་ནས་ཕྱིར་ཁྲིད་པའི་པར་རིས་དང་གནས་ཚུལ་སོགས་གང་ཡང་མཐོང་རྒྱུ་མི་འདུག

དག་སྣང་གསང་བ་རྒྱ་ཅན་ལས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

བོད་ཁྱིམ་ལས་སློབ་ངོ་ཟུར་ཡོངས་དང་བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཕྱི་ཟླ་ ༡༠ ཚེས་ ༢༦ རེས་གཟའ་ལྷག་པ་༸རྒྱལ་བའི་༸སྐུའི་བླ་གཟའ་དང་བསྟུན་ནས་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱའི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཞྭ་སེར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དག་སྣང་གསང་བ་རྒྱ་ཅན་ལས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་ཐོག་ནས་མཁའ་འགྲོའི་བསུན་ཟློག་དང་འབྲེལ་བའི་བརྟན་བཞུགས་ཀྱི་སྒྲུབ་ཞག་དབུ་འཛུགས་གནང་ཡོད། ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་དང་འབྲེལ་ཏེ་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་ཀྱི་འབུལ་རྫས་གཙོ་བོ་ནི་སྐུ་རྟེན་དུ་ཐུབ་དབང་སྐུ་བརྙན་ ༡༡༣ དང་འཇམ་དཔལ་དབྱངས་སྐུ་བརྙན། གསུང་རྟེན་ལ་འབུམ་པོ་ཏི་ ༡༦ དང་མདོ་སྡེ་བསྐལ་བཟང་གི་ཕྱག་དཔེ། ཐུགས་རྟེན་ལ་བྱང་ཆུབ་མཆོད་རྟེན། དེ་བཞིན་པཎ་གྲུབ་ ༡༧ གྱི་སྐུ་བརྙན། སྤྱན་རས་གཟིགས་ཀྱི་མེ་ལོང་། ཕྱག་ཚོད། ཕྱག་སྨྱུག ༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་བླ་མའི་རྣམ་འབྱོར་གྱི་ཕྱག་དཔེ། ནང་པའི་ལྟ་གྲུབ་ཀུན་བཏུས་ཕྱག་དཔེ་སོགས་པ་ཆགས་ཀྱི་འདུགགསར་འགོད་པས་དྷ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་དྲུང་ཆེ་ཆོས་དབྱིངས་དོན་གྲུབ་ལགས་སུ་ཐེངས་འདིའི་བོད་ཁྱིམ་ལས་སློབ་ངོ་ཟུར་ཡོངས་དང་བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཐོུང་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་ཐོག་མའི་དགོངས་པ་སོགས་དང་འབྲེལ་བའི་བརྒྱུད་རིམ་སྐོར་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་བོད་ཁྱིམ་ལས་སློབ་ངོ་ཟུར་ཡོངས་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༩ ལོར་གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་འཆར་གྱི་སྙན་སེང་ཞུས་སྐབས་ཨ་མ་ལགས་ཀྱིས་དེ་ལྟར་གནང་མི་དགོས་པར་དེ་ལས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་གཏང་རག་གི་བརྟན་བཞུགས་བསྟར་འབུལ་གསོལ་འདེབས་ཞུ་གལ་ཆེ་བའི་བཀའ་སློབ་ཕེབས་པ་བཞིན་གྲ་སྒྲིག་ཞུས་ཡོད་པ་དེ་ལྟར་ནའང་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཤུགས་ཆེར་སོང་བར་བརྟེན་ད་བར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གོ་སྐབས་བྱུང་མེད་སྐོར་སོགས་གསུངས་སོང་།དེ་བཞིན་གསར་འགོས་པས་ཐེངས་འདིའི་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་གསོལ་འདེབས་ཞུས་དོན་གཙོ་བོ་དེ་རིན་པོ་ཆེ་མཆོག་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་ཡིན་པའི་ཆ་ནས་ཡིན་ནམ་ཞེས་བཅར་འདྲི་ཞུས་སྐབས་ཁོང་གིས་བརྟན་བཞུགས་བསྟར་འབུལ་ཞུ་མཁན་བོད་ཁྱིམ་ལས་སློབ་ངོ་ཟུར་རྣམས་ཆགས་ཀྱི་ཡོད་པ་དང་ལྷག་དོན་རྡོ་རྗེ་སློབ་དཔོན་དེའང་སློབ་ཟུར་ཞིག་བྱུང་བ་དེ་རྟགས་རྟེན་འབྲེལ་དམིགས་བསལ་ལ་དགོངས་ནས་གསོལ་འདེབས་ཞུས་ཡོད་པར་གསུངས་སོང་།དྷ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་དྲུང་ཆེ་ཆོས་དབྱིངས་དོན་གྲུབ་ལགས་ཀྱིས་ད་དུང་བོད་ཕྲུག་ཁྱིམ་སྡེའི་སློབ་གཉེར་བ་ཟུར་པ་དང་ད་ཡོད་ཚང་མས་༸གོང་ས་མཆོག་གིས་རྣམ་ཀུན་ནས་ལམ་སྟོན་བཀའ་སློབ་ཡང་ཡང་ཕེབས་དོན་ལྟར་བོད་ཀྱི་ཐུན་མིན་སྐད་ཡིག་དང་། ཆོས་རིག ལེགས་བྱང་བཅས་པར་ཐུགས་སྣང་རྒྱ་གང་ཆེ་གནང་དགོས་པའི་གཞེན་སྐུལ་གནང་ཡོད།༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་རྒྱར་༸གོང་ས་མཆོག་གི་མཛད་འཆར་སྐོར་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཟླ་ ༡༡ ཚེས་ ༢༥ དང་ཚེས་ ༢༦ བཅས་ཉིན་གཉིས་རིང་ལ་ཀོ་རི་ཡའི་ནང་པའི་རྗེས་འཇུག་པ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུང་ལག་ཁང་དུ་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཕྱི་ཟླ་ ༡༢ ཚེས་ ༢༩ དང་ ༣༠ ཉིན་གཉིས་རིང་གི་སྔ་དྲོ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་། དེ་བཞིན་ཚེས་ ༣༡ ཉིན་གྱི་སྔ་དྲོ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀའ་དྲིན་སྩལ་རྒྱུ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༡ ཚེས་ ༡ སྟེ་ཕྱི་ལོ་གསར་ཚེས་ཉིན་དགེ་ལུགས་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་འདུག

Latest news