Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཕོ་བྲང་པོ་ཏ་ལ་དེ་ཉེན་ཁའི་འོག་ལྷུང་བའི་དངོས་མིན་རིག་གནས་ཤུལ་བཞག་ལ་ངོས་འཛིན་དང་ལྷ་སའི་ཇོ་ཁང་ལ་སྲུང་སྐྱོབ་དགོས་པའི་ཞུ་སྐུལ།  

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་ལྟ་ཞིབ་སྙན་ཐོའི་ནང་ UNESCO འམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་སྡེ་ཚན་གྱི་སྲུང་སྐྱོབ་འོག་ཏུ་འཛམ་གླིང་གི་དངོས་མིན་རིག་གནས་ཤུལ་བཞག་ཡིན་པའི་བོད་ཀྱི་ཕོ་བྲང་པོ་ཏ་ལ་དེ་ཉེན་ཁའི་ནང་དུ་ལྷུང་བའི་དངོས་མིན་རིག་གནས་ཤུལ་བཞག་ལ་ངོས་འཛིན་དགོས་པ་དང་ལྷག་པར་དུ་དེའི་ཁྱབ་ཁོངས་སུ་གཏོགས་པའི་ལོ་ངོ་ ༡༣༠༠ ཙམ་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་ལྷ་སའི་ཇོ་ཁང་ངམ་གཙུག་ལག་ཁང་ལ་སྲུང་སྐྱོབ་དགོས་པའི་ཞུ་སྐུལ་གནང་འདུགWorld heritage watch ཞེས་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་གནང་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་ཕྱི་ལོ་ ༢༠༢༡ ལོའི་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་ལྟ་ཞིབ་ཅེས་རྒྱལ་སྤྱིའི་དངོས་མིན་རིག་གནས་ཤུལ་བཞག་ལ་ཉམས་ཞིབ་ཀྱི་སྙན་ཐོ་དེ་ཟླ་ ༦ ཚེས་ ༦ སྟེ་ཁ་ཉིན་རེས་གཟའ་ཉི་མའི་ཉིན་སྤེལ་འདུག་པ་དང་། སྙན་ཐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དཔྱད་ཞིབ་གྲུབ་དོན་ཁག་ཅིག་བཀོད་པ་མ་ཟད་དེའི་ཁོངས་སུ་རྒྱ་ནག་གིས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཁྲོད་ཟླ་བ་གསུམ་གྱི་ནང་ལ་བོད་ཀྱི་རྩ་ཆེའི་ཇོ་ཁང་གི་མདུན་དུ་རྒྱ་ནག་གི་བཟོ་དབྱིབས་ལྡན་པའི་ལྡིང་ཁང་གི་འཛུགས་སྐྲུན་ལས་གཞི་གསར་པ་གཉིས་སྤེལ་འགོ་བཙུགས་ཡོད་པར་མངོན་གསལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོར་ད་དུང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁང་བཀོད་བཟོ་རིག་ཁག་དང་ཡོངས་སུ་འགལ་བའི་ལྡིང་ཁང་གི་ལས་གཞི་གསར་པའི་ཁྲོད་ཇོ་ཁང་གི་ཞུགས་སྒོ་བཀག་པ་དང་། གཞན་ཡང་ཕོ་བྲང་པོ་ཏ་ལའི་གཡས་གཡོན་ས་གནས་འཛིན་སྐྱོང་དང་འབྲེལ་བའི་གནད་དོན་ཁག་ཅིག་ཆེད་གསལ་གནང་བའི་ཁོངས་སུ་ལྷ་སའི་གྲོང་སྡེ་རྙིང་པར་ཚོང་ལྟེ་ཆེ་བ་གཉིས་འཛུགས་སྐྲུན་དང་དེ་བཞིན་ཕྱི་ལོ་ ༢༠༡༨ ལོའི་ལོ་གསར་གྱི་ཚེས་ ༢ དང་ཕྱི་ཚེས་ ༡༧ ཉིན་གྱི་དགོང་དྲོར་གཙུག་ལག་ཁང་དུ་མེ་སྐྱོན་བྱུང་བའི་གནས་ཚུལ་ལ་ལན་འདེབས་ཐུབ་མེད་པའི་གནད་དོན་བཀོད་འདུགརྒྱ་གཞུང་གིས་འདས་པའི་ལོ་ངོ་ ༡༨ ནས་འཛམ་གླིང་རིག་གནས་ཤུལ་བཞག་ཡིན་པའི་ཕོ་བྲང་པོ་ཏ་ལའི་ཁྱབ་ཚད་ཁ་གསལ་གཏན་འབེབས་མེད་པ་མ་ཟད་ད་བར་རིག་གནས་ཤུལ་བཞག་དེ་སྲུང་སྐྱོབ་ཀྱི་ལས་འཆར་ཞིག་ཡིན་པར་ཁ་གསལ་མེད་པར་སྐྱོན་བརྗོད་གནང་འདུག གཞི་རྩའི་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་ལྟ་ཞིབ་ཁང་ནི་ཁེ་མེད་ཀྱི་ཚོགས་པ་ཞིག་དང་འཛམ་གླིང་ཁྱོན་ནས་ཚོགས་སྡེ་ ༡༥༠ ལྷག་དང་མཉམ་ལས་གནང་གི་ཡོད་ཅིང་། དེའང་ཆབ་སྲིད་དང་དཔལ་འབྱོར་གྱི་ཁེ་ཕན་ཆེད་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་གཏོར་བཤིག་ལས་དོན་འགོག་ཐབས་བྱེད་ཀྱི་ཡོད་པ་རེད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཚོགས་པ་དེ་བཞིན་རིང་མིན་ཕྱི་ཟླ་ ༧ པའི་ནང་ལྷན་འཛོམས་ཀྱིས་དེ་གའི་སྲུང་སྐྱོབ་འོག་ཡོད་པའི་ཕོ་བྲང་པོ་ཏ་ལའི་འཛིན་སྐྱོང་སྐོར་ལ་བསྐྱར་ཞིབ་གནང་འཆར་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྐབས་དེ་དང་བསྟུན་བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་དེ་ཉེན་ཁའི་ནང་དུ་ལྷུང་བར་ངོས་འཛིན་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་ཁོར་ཡུག་ལ་བདག་གཅེས་དགོས་བའི་གླེང་མོལ།

ཁ་ཉིན་ཟླ་ ༦ པའི་ཚེས་ ༥ ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན་པ་དང་བསྟུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་ཚོགས་པ། Centre for Himalayan Asian Studies and Engagement གཉིས་ཟུང་འབྲེལ་གྱིས་རྒྱ་ནག་གཞུང་ནས་བོད་ནང་གི་རང་བྱུང་ཁོར་ཡུག་གཏོར་སྐྱོན་ཚབས་ཆེན་གཏོང་བའི་རྐྱེན་དེས་ཨེ་ཤེ་ཡའི་རྒྱལ་ཁབ་ནང་དཀའ་ངལ་གང་འཕྲད་མིན་དང་འབྲེལ་བའི་དྲ་ཐོག་བགྲོ་གླེང་ཞིག་ཚོགས་འདུག བགྲོ་གླེང་དེའི་ཐོག་ཨོ་གླིངགི་ཁོར་ཡུག་ལས་འགུལ་བ་སྐུ་ཞབས་ Gabriel Lafitte དང་བོད་རིག་པའི་མཁས་པ་དང་རྩོམ་པ་པོ་སྐུ་ཞབས་ Claude Arpi ལགས།  JNU གཙུག་ལག་སློབ་ཁང་གི་སྐུ་ཞབས་ Milap Chand Sharma ལགས།  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས།  དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས།  Centre for Himalayan Asian Studies and Engagement ཚོགས་པའི་ཚོགས་གཙོ་དང་རྩོམ་པ་པོ་དང་གསར་འགོད་པ་སྐུ་ཞབས་Vijay Kranti ལགས།  Aayushi Ketkar ལགས་བཅས་ནས་མཉམ་ཞུགས་གནང་འདུག སྐབས་དེར་སྐུ་ཞབས་ Vijay Kranti ལགས་ཀྱིས་ཁོང་གི་ཕྱག་རོགས་ Anjali Mishra དང་ལྷན་བགྲོ་གླེང་གི་བརྗོད་གཞི་དང་འབྲེལ།   རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་བའི་གནད་དོན་ཐད་འཛམ་གླིང་གི་རྒྱལ་ཁབ་གཞན་ཚོས་འཕྱི་མ་དྲག་པའི་སྔ་རོལ་དུ་ཐུགས་སྣང་གནང་དགོས་ཅེས་པའི་སྙན་ཐོ་ཞིག་ཕུལ་འདུག་པ་དང་།  དེའི་ནང་རྒྱ་ནག་གིས་བོད་ཀྱི་རང་བྱུང་གཏེར་ཁ་གང་བྱུང་སྔོག་འདོན་གྱིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་ཚབས་ཆེན་གཏོང་བཞིན་པ་དང་།  ཁོར་ཡུག་གཏོར་བཅོམ་དེས་ད་ཆ་བོད་ཙམ་མིན་པར་བོད་ཀྱི་ཆུ་གཙང་ཆུ་ཁག་ལ་བརྟེན་པའི་ཨེ་ཤེ་ཡ་གཙོས་ཡང་སྒོས་འཛམ་གླིང་སྤྱིར་ཉེན་ཁར་བསྒྱུར་ཡོད་པ་གསུངས་འདུག  ལྷག་པར་དྲ་ཐོག་གི་བགྲོ་གླེང་དེའི་ཐོག་ཚོགས་ཞུགས་པ་རྣམས་ནས་རྒྱ་ནག་གིས་བོད་ནང་ཆུ་མཛོད་གསར་རྒྱག་གིས་་གློག་དང་ཆུ་འཐེན་པ་དེས་ས་འགུལ་དང་རི་ཉིལ་་སོགས་ཀྱི་གོད་ཆག་བསྟུར་མར་བྱུང་དང་འབྱུང་ཉེན་ཡོད་སྐོར་ཚང་མས་ཞལ་གཅིག་གྲགས་ཀྱིས་གསུངས་འདུག་ལ།  གཞན་ཡང་བོད་དེ་ས་ཁུལ་ཆ་ནས་རྒྱ་ཁྱོན་ཆེ་བས།   འཛམ་གླིང་ནས་བོད་ཀྱི་ཁོར་ཡུག་གཏོར་བཅོམ་འགྲོ་བཞིན་པ་དེར་སྣང་མེད་དུ་མི་གཏང་བ་དང་།   ལྷག་པར་ཆུ་རག་རྒྱག་རྒྱུ་དང་ཆུ་བོ་ཁ་བསྒྱུར་བ་དེས་བོད་ཀྱི་ཆུ་བོར་བརྟེན་མཁན་ཨེ་ཤ་ཡའི་མི་ཐེར་འབུམ་གཉིས་ལྷག་གི་འཚོ་བར་ཤུགས་རྐྱེན་སྤྲོད་ཀྱི་ཡོད་སྟབས།  རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པའི་ཐད་འཕྱི་མ་དྲག་པའི་སྔོ་རོལ་དུ་ཐུགས་སྣང་གནང་དགོས་ཅེས་གསུངས་འདུག དེ་བཞིན་སྐབས་དེར་སྐུ་ཞབས་ Gabriel Lafitte ལགས་ཀྱིས་རྒྱ་ནག་གིས་འགོ་ཁྲིད་ཚོས་རྒྱལ་སྤྱིའི་ཁྲོད་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱི་ཡོད་ཁུལ་གྱི་འགྲེལ་བརྗོད་བྱེད་བཞིན་་ཡོད་པ་དེ་ལྟར་ཡང་།  ཕྱོགས་གཞན་ནས་རྒྱ་ནག་གིས་བོད་ནང་གི་ཁོར་ཡུག་གཏོར་བཅོམ་བྱེད་ཀྱི་ཡོད་པ་གསུངས་འདུག  ལྷག་པར་རྒྱ་ནག་གིས་དེ་སྔ་བོད་བཙན་འཛུལ་བྱེད་སྐབས་རྒྱ་ནག་ནས་བོད་དེ་བཞིན་ཡར་རྒྱས་མ་ཕྱིན་པ་དང་ས་ཁུལ་སྐྱོ་བོ་ཞིག་ལ་ངོས་འཛིན་དང་།  ཡང་བོད་ཀྱི་ཁོར་ཡུག་ཐད་བོད་དེ་བཞིན་བེད་མེད་དང་གང་ཅིའི་ཐད་ནས་ཕན་ཐོག་བྲལ་བ་ཞིག་རེད་ཅེས་བརྗོད་ཀྱང་།  རིམ་བཞིན་རྒྱ་ནག་གིས་བོད་དེ་རིན་ཆེན་གཏེར་ཁ་འབྱུང་གནས་དང་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཤིག་ལ་ངོས་འཛིན་གྱིས་གང་ལྟར་ལོ་ངོ་བདུན་ཅུའི་ནང་རྒྱ་ནག་ནས་བོད་ཐད་ལྟ་ཚུལ་ལ་འགྱུར་བ་ཐེབས་ཡོད་པ་གསུངས་འདུག་པ་མ་ཟད།  ད་ཆ་རྒྱ་གཞུང་གིས་བོད་ནང་གི་ཁོར་ཡུག་གཏོར་བཅོམ་གྱིས་བོད་སླད་མར་སྐམ་ས་ལྟ་བུར་ཆགས་པར་ཞེད་སྣང་འདུག་ཅེས་གསུངས་འདུག མ་ཟད།  སྐུ་ཞབས་ Claude Arpi ལགས་ཀྱིས་རྒྱ་ནག་གིས་རང་གི་ཁེ་ཕན་ཆེད་བོད་ཀྱི་ཆུ་བོ་བཀོལ་སྤྱོད་བྱེད་ཕྱོགས་དང་འབྲེལ།  རྒྱ་ནག་གིས་ད་ཆ་ཡར་ཀླུངས་གཙང་པོར་ཆུ་མཛོད་ཆེ་གྲས་གསར་རྒྱག་གི་ལས་གཞི་གསར་པར་དམིགས་བཞིན་པ་དང་།  ལས་གཞི་གསར་པ་དེས་ས་ཁུལ་དེའི་སྣོད་བཅུད་རྟེན་འབྲེལ་གྱི་རང་བཞིན་ལ་གནོད་སྐྱོན་ཚབས་ཆེན་ཕོག་ངེས་ཡིན་པ་མ་ཟད།  ས་ཁུལ་དེའི་བོད་མི་མང་ཚོགས་ཙམ་མ་ཟད་རྒྱ་གར་གྱི་བདེ་འཇགས་ལའང་ཉེན་ཚབས་ཇེ་ཆེར་འགྱུར་ངེས་ཡིན་པར་གསུངས་འདུག  གཞན་ཡང་སྐུ་ཞབས་ Milap Sharma ལགས་ཀྱིས། རྒྱ་ནག་གིས་བོད་ནང་ཆུ་མཛོད་ཆེ་གྲས་བརྒྱབས་པ་དེ་རང་བྱུང་གོད་ཆགས་ཏེ་ས་འགུལ་སོགས་འབྱུང་བའི་ཉེན་ཁ་ཡོད་པ་མ་ཟད།   ས་འགུལ་བྱུང་བའི་སྐབས་རྐྱེན་ངན་ཚབས་ཆེན་ཡོང་ངེས་ཡིན་པ་གསུངས་འདུག    ད་དུང་ཁོང་གིས་བོད་ཀྱི་གནམ་གཤིས་ཀྱི་གནས་བབ་དུས་ཐུང་ནང་འགྱུར་བ་ཐེབས་བཞིན་ཡོད་པ་མ་ཟད།   རྒྱ་ནག་གིས་བཟོ་ལས་དང་འབྲེལ་བའི་ལས་དོན་རྐྱེན་གྱིས་བོད་མཐོ་སྒང་གི་གཏན་འཁྱགས་ཆགས་རོམ་གང་མགྱོགས་ཞུ་བཞིན་པ་དང་ཆབས་ཅིག   ད་ཆ་མེ་འཁོར་སོགས་འཛུགས་སྐྲུན་གསར་རྒྱག་དང་འབྲོག་པ་གནས་སྤོར་གྱིས་སྲིད་བྱུས་ཀྱིས་བོད་ཀྱི་ཁོར་ཡུག་གི་གནས་བབ་ཇེ་སྡུག་བཏང་ཡོད་པར་གསུངས་འདུག གཞི་རྩའི་རྒྱ་ནག་གིས་བོད་ནང་འཛུགས་སྐྲུན་གསར་རྒྱག་དང་རང་བྱུང་གཏེར་ཁ་གང་བྱུང་སྔོག་འདོན་གྱི་བྱ་སྤྱོད་དེས་འདས་པའི་དུས་ཡུན་ནང་བོད་ནང་རི་ཉིལ་དང་གངས་རུད།  དེ་བཞིན་ས་རུད་སོགས་ཀྱི་རྐྱེན་ངན་ཇེ་མང་དུ་གྱུར་ཡོད་པ་དཔྱད་ཞིབ་པ་ཚོས་གསུངས་ཀྱི་ཡོད་རེད།   བསྟན་པ་རྒྱལ་མཚན་ལགས་ཀྱིས།  ཕྱི་ལོ་ ༢༠༡༨ ལོར་བོད་ཤར་ཕྱོགས་ཁུལ་དུ་འབྲི་ཆུ་གཙང་པོར་ས་རུད་བྱུང་བའི་སྐབས་རི་ཉིལ་གྱིས་དཀའ་ངལ་འཕྲད་ཡོད་པ་དང་།  སྐབས་དེར་རྒྱ་ནག་གི་མྱུར་སྐྱོབ་ཚན་པ་རྣམས་ཉིན་གྲངས་ལྔ་པར་མ་གཏོགས་འབྱོར་མེད་པ་དང་།  དེ་མཚུངས་ཀྱིས་གོད་ཆགས་སླར་ཡང་ཉིན་གྲངས་ ༢༣ རྗེས་བྱུང་ཡོད་པས།  རྒྱ་ནག་ནས་ཆུ་མཛོད་སོགས་རྒྱག་ཐུབ་རྒྱུའི་ནུས་པ་ཡོད་ནའང་གོད་ཆགས་སོགས་བྱུང་བའི་སྐབས་དེར་གདོང་ལེན་བྱེད་ཐུབ་ཀྱི་མེད་སྐོར་གསུངས་འདུག  གཞན་ཡང་བསོད་ནམས་ཚེ་རིང་ལགས་ཀྱིས།  རྒྱ་ནག་ནས་འབྲོག་པ་བཙན་དབང་གིས་སྤོར་བཅུག་པའི་ཐོག་འཛུགས་སྐྲུན་གསར་རྒྱག་བྱེད་ཀྱི་ཡོད་པ་དང་།  འབྲོག་པ་གནས་སྤོར་བཅུག་པ་དེས་སྲོལ་རྒྱུན་གྱི་འཚོ་བའི་ལམ་ལུགས་ལ་དོ་ཕོག་འགྲོ་བཞིན་པ་མ་ཟད།   བོད་དང་སྤྱི་ཚོགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པ་གསུངས་འདུག གཞི་རྩའི་རྒྱ་ནག་གིས་བོད་ནང་དུ་ཤིང་ནགས་གཅོད་འབྲེག་དང་རང་བྱུང་གཏེར་ཁ་སྔོག་འདོན།  དེ་བཞིན་འབྲོག་པ་བཙན་དབང་གིས་གནས་སྤོར་གྱིས་བོད་ཀྱི་ཁོར་ཡུག་སྤྱིར་ཤུགས་རྐྱེན་ཚབས་ཆེན་སྤྲོད་བཞིན་ཡོད་པ་དང་།  ཁོར་ཡུག་གི་གནས་བབ་ལ་འགྱུར་བ་ཕྱིན་རྐྱེན་དེང་སྐབས་བོད་ནང་དུ་རང་བྱུང་གོད་ཆགས་སོགས་ཇེ་མང་དང་འཁྱགས་རོམ་གྱི་ཞུ་ཚད་ཇེ་མྱུར་ལ་འགྲོ་བཞིན་པ་རེད་འདུག tSAM 07  

ཨ་རི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ཁང་འཕར་མ་ཁག་ཅིག་ལ་མ་འཛུགས་མཚམས་འཇོག

ཨ་རིའི་ཇཱོ་བྷ་ཊན་སྲིད་གཞུང་གིས་རྒྱ་དམག་དང་འབྲེལ་བའི་བཟོ་ལས་ཁང་འཕར་མ་ཁག་ཅིག་མིང་གཞུང་ནག་པོའི་ནང་དུ་བཀོད་དེ་འདི་ལོའི་ཟླ་བ་བརྒྱད་པའི་ཚེས་གཉིས་ཀྱི་སྔོན་ལ་ཨ་རི་བ་རྣམས་ཀྱིས་བཟོ་ཚོང་ཁང་དེ་དག་དང་འབྲེལ་བའི་མ་འཛུགས་དངོས་སུ་མཚམས་འཇོག་དགོས་བའི་བཀོད་ཁྱབ་བཏང་འདུགདེའང་སྲིད་འཛིན་ཇཱོ་བྷ་ཊན་མཆོག་གིས་ཚེས་གསུམ་ཉིན་རྒྱ་ནག་གི་འཕྲུལ་ལས་ཀྱི་གསང་མྱུལ་རིགས་ནི་རྒྱ་ནག་ཙམ་མ་ཟད་ཕྱི་ཕྱོགས་ཀྱི་མཐའ་མཚམས་བརྒལ་ཏེ་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ལ་ཉེན་ཚབས་ཅན་དུ་འགྱུར་ཡོད་པར་ལུང་འདྲེན་དང་འབྲེལ། དེ་སྔ་སྲིད་འཛིན་ Trump སྐབས་ཐོ་གཞུང་ནག་པོའི་ནང་རྒྱ་ནག་གི་ཚོང་ལས་ཁང་ ༣༡ ཡོད་པ་དེར་བསྐྱར་ཞིབ་ཀྱིས་ད་ཆ་ཁྱོན་རྒྱ་ནག་དམར་ཤོག་དང་འབྲེལ་བའི་བཟོ་ཚོང་ཁང་ ༥༩ ལ་མ་འཛུགས་བྱེད་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་པ་དང་། སྲིད་འཛིན་མཆོག་གི་ཐག་གཅོད་དེས་ཁོང་གིས་སྣེ་ཁྲིད་པའི་སྲིད་གཞུང་ནས་དེ་སྔ་སྲིད་འཛིན་ Trump སྐབས་རྒྱ་ནག་ཐོག་བཞེངས་པྱོགས་འཁྲེགས་པོ་ཞིག་འཛིན་པ་དེ་མུ་མཐུད་རྒྱུའི་ཚོད་དཔག་གནང་བཞིན་འདུག   ཐེངས་འདིར་ཨ་རིའི་ངོས་ནས་མ་འཛུགས་མཚམས་འཇོག་གི་ཐོ་གཞུང་ནག་པོའི་ནང་དུ་བཅུག་ཡོད་པའི་བཟོ་ལས་ཁང་དེ་དག་མང་ཆེ་བ་རྒྱ་ནག་དམར་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པའི་རིགས་སམ། ཡང་ན་རྒྱ་ནག་གཞུང་གིས་རོགས་དངུལ་གྱི་རིགས་ལ་བརྟེན་ཡོད་མཁན་སྟེ། རྒྱ་ནག་གི་བར་སྣང་གི་ཕྲ་གཟུགས་འདུ་ཆས་ཀྱི་བཟོ་ལས་ཁང་དང་བརྡ་འཕྲིན་འཕྲུལ་ལས་ཀྱི་བཟོ་གྲྭ་ཆེ་ཤོས་ཝ་བཱེ་སོགས་ཡིན་པར་འཁོད་འདུག གསར་ཁང་གིས་དབྱེ་ཞིབ་བྱས་པ་ལྟར་ན། ཐེངས་འདིའི་ཇཱོ་བྷ་ཊན་སྲིད་གཞུང་གིས་རྒྱ་ནག་གི་བཟོ་ལས་ཁང་དེ་དག་ལ་མ་འཛུགས་མཚམས་འཇོག་གི་ཐག་གཅོད་དེ་ནི་ཨ་རིའི་ངོས་ནས་རྒྱ་ནག་གི་སྲིད་བྱུས་ཁྱོན་ཡོངས་དང་། དེ་བཞིན་སྲིད་འཛིན་སྔོན་མ Trump ཡིས་རྒྱ་ནག་དང་འབྲེལ་བའི་ཁྲལ་བསྡུ་དང་ཚོང་ལས་ཀྱི་ཐག་གཅོད་ཡོངས་ལ་བསྐྱར་ཞིབ་བྱས་ཏེ་ཐག་གཅོད་གནང་བ་ཞིག་ཡིན་སྐོར་དང་འབྲེལ་ནས། ད་ལྟའི་བར་དུ་ཨ་རིའི་གཞུང་འཛིན་གསར་བའི་ངོས་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་ཐག་གཅོད་ཁག་ཅིག་བླངས་ཡོད་པ་ལུང་འདྲེན་དང་སྦྲགས།  ཨ་རིའི་ངོས་ནས་ཉེ་སྔོན་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཅིག་ཅིག་དང་ལྷན་དུ་རྒྱ་ནག་གིས་ཤིན་ཅང་གི་ཁ་ཆེ་གྲངས་ཉུང་མི་རིགས་མང་པོ་བཙོན་འཇུག་བྱེད་བཞིན་པ་དང་འབྲེལ་ནས་རྒྱ་ནག་གི་དཔོན་རིགས་ཁག་ཕྱི་རྒྱལ་དུ་ཡོང་རྒྱུར་བཀག་སྡོམ་བྱས་པའི་གནད་དོན་དེར་མཉམ་ཞུགས་བྱས་ཡོད་པར་བསྒྲགས་འདུག ཨ་རིའི་འཛིན་སྐྱོང་གི་ཆེས་མཐོ་དཔོན་རིགས་ཤིག་གིས་གསར་ལམ་ཁག་ཏུ་གནས་ཚུལ་འགྲེལ་བརྗོད་གནང་བའི་ནང་དུ། ཐེངས་འདིར་ཨ་རིའི་ངོས་ནས་རྒྱ་ནག་གི་བཟོ་ལས་ཁང་ཁག་ཅིག་ལ་མ་འཛུགས་མཚམས་འཇོག་གི་ཐག་གཅོད་གནང་བ་དེ་ནི་ཨ་རིའི་ངོས་ནས་སྟོབས་ཤུགས་རྒྱ་བསྐྱེད་ཀྱིས་རྒྱ་ནག་ལ་འགྲན་སློང་བྱས་པའི་གོམ་སྟབས་གསར་བ་ཞིག་ཡིན་པ་དང་། དེ་བཞིན་ཨ་རིའི་མངོན་འདོད་དང་རིན་ཐང་ལ་ཕྱོགས་འགལ་དུ་ལྟ་བ་རྣམས་ལ་ཁ་གཏད་བཅག་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ། Wang Wenbin ཟེར་བས་ཐེངས་འདིའི་ཨ་རིའི་ཐག་གཅོད་དེ་དང་འབྲེལ་ནས་པེ་ཅིང་གི་གསར་འགོད་པ་རྣམས་ལ་ལན་འདེབས་བྱས་པའི་ནང་དུ། ཨ་རིའི་སྲིད་འཛིན་གོང་མའི་ཐག་གཅོད་དེ་ནི་དངོས་དོན་དང་ཆ་འཇོག་གང་ཡང་མེད་པའི་གནད་དོན་ཞིག་ཆགས་ཡོད་པ་དང་། བྱེད་བབ་དེ་ཡིས་ཚོང་རའི་གཞི་རྩའི་ཁྲིམས་སྒྲིག་དང་གོ་རིམ་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་པར་ལུང་འདྲེན་དང་འབྲེལ་ནས། ཨ་རིའི་ངོས་ནས་ཚོང་རའི་ཁྲིམས་སྒྲིག་ལ་བརྩི་བཀུར་གྱིས་ནོར་འཁྲུལ་ཁག་བསྐྱར་སྒྲིག་བྱེད་དགོས་བ་མ་ཟད། རྒྱ་སྤྱིའི་དཔལ་འབྱོར་གྱི་ཚོང་རའི་གོ་རིམ་དང་མ་འཛུགས་བྱེད་མཁན་རྣམས་ཀྱི་ཐོབ་ཐང་དང་མངོན་འདོད་ལ་དོ་ཕོག་གཏོང་རྒྱུའི་བྱ་བཞག་ཁག་མཚམས་འཇོག་དགོས་བའི་ཞུ་སྐུལ་གྱིས། རྒྱ་ནག་སྲིད་གཞུང་གིས་རྒྱ་རིགས་ཀྱི་ཚོང་ལས་ཀྱི་མངོན་འདོད་དང་ཐོབ་ཐང་སྲུང་སྐྱོབ་བྱེད་ཐབས་ལ་ཐབས་ཤེས་བྱ་རྒྱུ་ཡིན་པར་བསྒྲགས་འདུག རྩ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ། རྒྱ་ནག་གི་འཕྲུལ་ལས་ཀྱི་བཟོ་ཚོང་ཁག་གིས་གསང་བའི་མྱུལ་ཞིབ་ཀྱིས་གནས་ཚུལ་རྐུ་འཁྱེར་གྱི་གླེང་སློང་མང་པོ་ཡོང་གི་ཡོད་པ་ལྟར། ཐེངས་འདིར་ཨ་རིའི་སྲིད་གཞུང་གིས་མ་འཛུགས་བཀག་སྡོམ་གྱི་ཐོ་གཞུང་གི་ནང་དུ། རྒྱ་ནག་གི་བདེ་སྲུང་དང་དམག་མི་ལ་འབྲེལ་བ་ཡོད་པ་ཙམ་མ་ཟད། རྒྱ་ནག་སྲིད་གཞུང་གི་རོགས་དངུལ་གྱི་འོག་ཏུ་བཙུགས་པའི་བཟོ་ཚོང་ཁག་ཀྱང་ཚུལ་ཡོད་པ་མ་ཟད། ཉེ་སྔོན་སྲིད་འཛིན་གོང་མའི་མ་འཛུགས་བཀག་རྒྱའི་གནད་དོན་ཁག་ཅིག་ཁྲིམས་གཏུག་བྱས་ཡོད་པའི་གནད་དོན་དང་གཞིགས་ནས། ཐེངས་འདིའི་བཀག་རྒྱ་དེར་ཨ་རིའི་ཁྲིམས་ཀྱི་རྨང་གཞི་སྲ་བརྟན་བཟོས་ཡོད་པ་མ་ཟད། སྲིད་གཞུག་གི་བཀའ་རྒྱ་བཏང་བའི་གནད་དོན་དེ་ཨ་རིའི་ནོར་སྲིད་ལྷན་ཁང་གིས་སྤྱི་ཡོངས་ནས་ལྟ་རྟོག་ནན་མོ་བྱེད་རྒྱུ་ཡིན་པར་མངོན་གསལ་གནང་འདུག

ཨོ་རྩེད་འགྲན་ཚོགས་དེ་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུའི་གོ་སྐབས་ཤིག་ཡིན་པ་གསུངས་འདུག

ཁེ་ན་ཌའི་སྲིད་བློན་སྐུ་ཞབས་ Justin Trudeau མཆོག་གིས་རྒྱ་གཞུང་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱ་རྒྱུ་དེས་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་ཁྲལ་ཡོད་མཁན་རྒྱལ་ཁབ་དག་ལ་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་འདྲི་རྩད་ཀྱིས་གནོན་ཤུགས་སྤྲོད་རྒྱུའི་གོ་སྐབས་ཤིག་སྐྲུན་ཡོད་པར་གསུངས་འདུག དེའང་ཉེ་ལམ་སྲིད་བློན་སྐུ་ཞབས་ trudeau མཆོག་གིས་ Toronto Star བརྙན་འཕྲིན་ཐོག  ད་ལྟའི་ཆར་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པ་དང་། ལྷག་པར་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་བསྡུར་དང་འབྲེལ་ནས་རྒྱ་གཞུང་ལ་ཟུར་ཟ་དང་སྐྱོན་བརྗོད་ཀྱིས་རྩེད་འགྲན་དེ་ཕྱིར་འཐེན་བྱེད་དགོས་པའི་དམིགས་བསལ་གྱི་གནོན་ཤུགས་དྲག་པོ་སྤྲོད་བཞིན་ཡོད་སྐོར་གསུང་བ་དང་འབྲེལ། རྒྱ་ནག་གི་ངན་སྤྱོད་ལ་འགྱུར་བ་གཏོང་རྒྱུའི་ཐབས་ལམ་ཁོ་ན་དེ་ནི་རྒྱལ་ཁབ་གཞན་རྣམས་་ཟློག་གཅིག་ཏུ་སྒྲིལ་ནས་ཁ་གཏང་གཅོག་རྒྱུ་དེ་ཡིན་སྐོར་གསུངས་བ་མ་ཟད། ཁོང་ནས་དེའི་སྐོར་གཟའ་འཁོར་འདིའི་ནང་འཚོགས་རྒྱུའི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཐོག་གླེང་སློང་གནང་རྒྱུ་ཡིན་ཞེས་ནན་བརྗོད་གནང་འདུག ཁོང་གིས་ད་དུང་ཨ་རིའི་གཙོ་བྱས་པའི་རྒྱལ་ཁབ་ཅིག་ཁོ་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དེའི་ཕན་ཐོགས་གང་ཡང་མེད་ལ་དེར་རྒྱ་གཞུང་གིས་ཀྱང་སྣང་མེད་བྱ་ངེས་ཡིན་སྟབས་རྒྱལ་སྤྱི་ཁྱོན་ཡོངས་མཉམ་རུབ་ཀྱིས་གདོང་ལེན་བྱ་དགོས་དགོས་སྐོར་གསུངས་པ་མ་ཟད། ཁེ་ན་ཌ་དེ་བཞིན་འཛམ་གླིང་ཁྲོད་དགུན་དུས་རྩེད་འགྲན་གོ་སྒྲིག་གནང་ཡུལ་གྱི་རྒྱལ་ཁབ་གཙོ་གྲས་ཤིག་ཆགས་ཀྱང་འདས་པའི་ལོ་གཉིས་ནས་རྒྱ་ནག་དང་ལྷན་ཕྱི་འབྲེལ་དང་ཚོང་འབྲེལ་གྱི་གནད་དོན་མང་དག་ཅིག་གི་ཐོག་རྩོད་གླེང་འགྲོ་མུས་ཡིན་པར་གསལ་སྟོན་གནང་འདུགརྩ་བའི་སྐུ་ཞབས་ Trudeau ལགས་ཀྱིསToronto Star བརྙན་ལམ་བཅར་འདྲི་དེའི་སྐབས་རྩེད་འགྲན་པ་རྣམ་པར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ནང་འཛུལ་བྱ་རྒྱུ་མེད་པའི་ཞུ་སྐུལ་གནང་མི་འདུག་ལ    ཁེ་ན་ཌའི་ཨོ་རྩལ་ལྷན་ཚོགས་ཀྱིས་ཀྱང་རྩེད་འགྲན་དེ་ཕྱིར་འཐེན་བྱ་རྒྱུ་དེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཕན་ཐོགས་གང་ཡང་མེད་སྟབས་ཕྱིར་འཐེན་གྱི་གནད་དོན་དེར་ངོ་རྒོལ་གནང་བཞིན་ཡོད་པ་རེད། སྤྱིར་ཟླ་བ་སྔོན་མའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་ཉན་ཞིབ་ཀྱི་ཚོགས་འདུ་ཞིག་གི་ཐོག་ཨ་རིའི་གཞུང་གིས་རྒྱ་གཞུང་ནས་ཡུ་གུར་གཙོས་གྲངས་ཉུང་མི་རིགས་ལྡེབ་གསོད་དང་རྩ་གཏོར་གཏོང་བཞིན་པའི་ངན་སྤྱོད་སྤེལ་གྱི་ཡོད་པར་ངོས་འཛིན་ཐོབ་ཡོད་པ་ལུང་འདྲེན་དང་འབྲེལ་ཕྱི་འབྲེལ་དཔོན་རིགས་ཚོས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱིས་རྒྱ་ནག་ནང་ཆེད་གཏོང་བྱ་རྒྱུ་མཚམས་འཇོག་དགོས་ཞེས་ནན་བརྗོད་གནང་ཡོད་པ་རེད། རྩ་བའི་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་ལམ་པིག་རྩེད་འགྲན་འཚོགས་འཆར་གྱི་གནད་དོན་དེ་ཕྱི་ལ་ཐོན་མ་ཐག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་དང་མང་གཙོ་ལས་འགུལ་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་མང་དག་ཅིག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་མ་བཏང་བར་དུ་རྒྱ་ནག་ཏུ་རྩེད་འགྲན་དེ་འཚོགས་རྒྱུའི་གོ་སྐབས་སྤྲོད་རྒྱུ་མེད་པར་སྐྱོན་བརྗོད་གནང་ཡོད་པ་མ་ཟད། ཨོ་ལམ་པིག་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་ཡོ་རོབ་དང་ཨ་རི། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་གཞུང་གིས་ཡུ་གུར་ས་ཡ་མང་པོར་སྡུག་སྦྱོང་ཚད་མེད་བཏང་དང་གཏོང་བཞིན་པར་བརྟེན་དགུན་དུས་ཀྱི་ཨོ་རྩེད་འགྲན་ཚོགས་དེ་རྒྱ་ནག་ནས་ཕྱིར་འཐེན་གྱིས་རྒྱལ་ཁབ་གཞན་ནང་སྐོང་ཚོགས་དགོས་པའི་ཞུ་སྐུལ་རིམ་པ་གནང་བཞིན་ཡོད་པ་རེད།

ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ལྕགས་ལམ་ཕྱི་ཟླ་བདུན་པའི་ནང་དབུ་འབྱེད་བྱ་འཆར།

རྒྱ་ནག་གཞུང་་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་གྱི་འཕགས་བོད་ས་མཚམས་ཉེ་འགྲམ་སྟེ་ཉིང་ཁྲི་ས་ཁུལ་བར་གྱི་མེ་འཁོར་ལྕགས་ལམ་དེ་འདི་ལོ་ཕྱི་ཟླ་ ༧ པའི་ནང་དབུ་འབྱེད་བྱ་གཏན་འཁེལ་འདུགདེ་ཡང་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཐོག་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༧ པའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ ༡༠༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་འཆར་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ལ་ལེགས་སྐྱེས་ཀྱི་ཚུལ་དུ་ལྷ་ས་ནས་ཉིང་ཁྲི་བར་སྤྱི་ལེ་ ༤༣༥ ལྡན་པའི་ལོ་བདུན་ཅན་གྱི་ལས་གཞི་ཡོངས་སུ་མཇུག་བསྡུས་ཏེ་དབུ་འབྱེད་བྱེད་རྒྱུ་དང་འབྲེལ། ཟླ་བ་དེའི་ཚེས་ ༣༠ ཉིན་ལྕགས་ལམ་དེའི་ཐོག་གློག་སྐུད་གྱི་མེ་འཁོར་འགྲུལ་བཞུད་དངོས་སུ་འགོ་འཛུགས་རྒྱུ་ཡིན་པ་རེད་འདུག རྩ་བའི་ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་ཁོར་ལྕགས་ལམ་གྱི་ལས་གཞི་འདི་བཞིན་ཕྱི་ལོ་ ༢༠༡༤ ལོར་འགོ་བཙུགས་ཤིང་། བོད་ནང་གློག་སྐུད་ཀྱི་མེ་འཁོར་ལྕགས་ལམ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་དང་། ལས་གཞི་དེའི་ཆེད་དུ་རྒྱ་མིའི་སྒོར་མོ་ཐེར་འབུམ་ ༣༧ ཙམ་གྱི་འགྲོ་གྲོན་བཏང་ཡོད་པ་རེད་འདུག ལས་གཞི་དེ་བཞིན་རྒྱ་གཞུང་གི་དབྱེ་བའི་བོད་ཀྱི་ཟི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏོའུ་གྲོང་ཁྱེར་ནས་ཉིང་ཁྲི་བརྒྱུད་ལྷ་ས་བར་གྱི་ལས་གཞི་རྒྱ་ཆེ་བའི་ཆ་ཤས་ཡིན་པ་དང་། ལས་གཞི་ཡོངས་རྫོགས་ཕྱི་ལོ ༢༠༣༠ བར་འགྲུབ་རྒྱུར་དམིགས་བཞིན་ཡོད་པ་ལྟར། ཆུ་ཚོད་གཅིག་ལ་སྤྱི་ལི་ ༡༢༠ མགྱོགས་ཚད་ཐོག་ཤར་གཏོང་བྱེད་རྒྱུའི་ལྕགས་ལམ་དེས་ད་ལྟ་ཁྲིན་ཏོའུ་ནས་ལྷ་ས་བར་གཞུང་ལམ་བརྒྱུད་ཆུ་ཚོད་ ༣༦ འགོར་བཞིན་ཡོད་པ་དེ་ཆུ་ཚོད་ ༡༢ ནང་དུ་འབྱོར་ཐུབ་རྒྱུ་ཡིན་པ་རེད་འདུག ཞི་ཅིན་ཕིང་གིས་ཕྱི་ལོ་ ༢༠༡༣ ལོར་སྲིད་འཛིན་གྱི་ལས་ཡུན་འགོ་བཙུགས་པ་ནས་བཟུང་། བོད་ནང་འཛུགས་སྐྲུན་གྱི་ལས་དོན་དང་འབྲེལ། ས་མཚམས་ས་ཁུལ་ཁག་ཏུ་གྲོང་ཁྱེར་དང་རྒྱ་ལམ། གནམ་ཐང་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་སོགས་ལས་གཞི་གཙོ་བོའི་གྲས་སུ་བཞག་པའི་ཁྲོད། ཉེ་ཆར་རྒྱ་གར་གྱི་བདེ་སྲུང་གི་གནས་ཚུལ་ཐོན་ཁག་ལ་གཞིགས་ན། རྒྱ་དཀར་ནག་གཉིས་དབར་ལོ་མང་ནས་རྩོད་རྙོག་ཡོད་པའི་རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་གྱི་འཕགས་བོད་ས་མཚམས་ས་ཁུལ་གྱི་ཉེ་འགྲམ་དུ་དེང་དུས་ཀྱི་ཆ་རྐྱེན་ལྡན་པའི་གྲོང་ཚོ་གསར་པ་གསུམ་ཙམ་གསར་རྒྱག་བྱས་ཡོད་པ་དང་། འབྲུག་ཡུལ་དང་འབྲེལ་བའི་ས་མཚམས་ས་ཁུལ་དུ་གྲོང་ཁྱེར་འཛུགས་སྐྲུན་བྱས་པ་མ་ཟད། འབྲུག་གི་ས་ཁུལ་ནང་དུ་ཁྲིམས་བརྒལ་ཐོག་རྒྱ་ནག་གི་གྲོང་ཚོ་འཛུགས་བསྐྲུན་བྱས་ཡོད་པ། དེ་བཞིན་རྒྱ་གར་གྱི་འབྲས་ལྗོངས་ཉེ་འགྲམ་གྱི་ས་མཚམས་ས་ཁུལ་དུའང་གྲོང་ཚོ་གསར་རྒྱག་བྱེད་བཞིན་པ་མངོན་གསལ་གནང་ཡོད་པ་རེད། དེའི་ཁྲོད་རྒྱ་གར་གྱི་ཨ་རུ་ན་ཅལ་ས་མཚམས་ས་ཁུལ་ནས་སྤྱི་ལེ་ ༡༦ ཙམ་ལས་མེད་པའི་ཉིང་ཁྲི་ས་ཁུལ་བར་དུ། རྒྱ་གཞུང་གིས་ད་ལྟ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ཟིན་པ་དང་། དེ་སྔོན་རྒྱ་ལམ་དང་། གནམ་ཐང་ཡང་འཛུགས་སྐྲུན་ཟིན་ཡོད་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་རེད། རྒྱ་གར་གཞུང་གི་ངོས་ནས་རྒྱ་གཞུང་གིས་ས་མཚམས་ས་ཁུལ་ཉེ་འགྲམ་གྱི་འཛུགས་སྐྲུན་ལས་གཞི་དེ་དག་ལ་དོགས་གཞི་ཆེན་པོའི་ཐོག་ནས་ལྟ་བཞིན་ཡོད་པ་དང་འབྲེལ་རྒྱ་གར་གྱི་ཕྱོགས་ནས་ཀྱང་། ས་མཚམས་ས་ཁུལ་དེ་དག་བར་དུ་རྒྱ་ལམ་འཛུགས་སྐྲུན་སོགས་ཀྱི་ལས་གཞི་འགོ་བཙུགས་ཟིན་ཡོད་པ་རེད། དེའི་བར་ན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཁོར་ཡུག་ཉམས་ཞིབ་པ་རྣམས་ནས་བོད་ཀྱི་ཚོར་རྣོ་བའི་ཁོར་ཡུག་གནས་སྟངས་ལ་གཞིགས་པའི་བོད་མཐོ་སྒང་ཐོག་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེན་པོ་སྤེལ་བ་དེ་དག་གིས་བོད་ཀྱི་ཁོར་ཡུག་ལ་དོ་ཕོག་གཏོང་གི་ཡོད་སྐོར་གསུངས་བ་དང་འབྲེལ། རྒྱ་གཞུང་ལ་བོད་ནང་འཛུགས་སྐྲུན་དང་གཏེར་ཁ་སྔོག་འདོན་སོགས་ཀྱི་ལས་གཞི་མཚམས་འཇོག་དགོས་པའི་ཞུ་གཏུགས་གནང་མུས་ཡིན་པ་རེད།

རིག་རྩལ་ཤོ་གཟུགས་མའི་རྩེད་ཆས་ལས་བཟོས་པའི་༸གོང་ས་མཆོག་གི་༸སྐུ་པར་ཞིག་ཕ་རན་སིའི་འགྲེམས་སྟོན་ཁང་ནས་རིན་སྤར་ཚོང་སྒྱུར་བྱ་རྒྱུ་ཡིན་པ་རེད་འདུག

ཕ་རན་སིའི་རྒྱསལ་ས་པེ་རིས་ནང་རྟེན་གཞི་བྱས་པའི་ Art Curial acution house ཞེས་ལོ་རྒྱུས་རང་བཞིན་ལྡན་པའི་ཅ་དངོས་འགྲེམས་སྟོན་གྱིས་རིན་སྤར་ཚོང་སྒྱུར་བྱེད་སར་སྒྱུ་རྩ་བ་གཉིས་དབར་འགྲན་རྩོད་བྱ་རྒྱུའི་ཁྲོད་ཕ་རན་སིའི་ལམ་ཟུར་གྱི་སྒྱུ་རྩ་ལ་བ་དང་ ༡༩༧༤ ལོར་ཧང་གྷི་རིའི་འཇིམ་བཟོ་བ་སྐུ་ཞབས་ Rubik ལགས་ཀྱིས་རིག་པའི་རྣམ་དཔྱོད་གོང་སྤེལ་གཏང་སླད་གསར་སྐྲུན་གནང་བའི་ Rubik's Cubes ཞེས་རིག་རྩལ་ཤོ་གཟུགས་མའི་རྩེད་ཆས་ཀྱི་བརྒྱུད་དེ་ ༢༠༠༨ ལོར་བཟོས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཞིག་ཟླ་བ་འདིའི་ཚེས་ ༥ ཉིན་འགྲེམས་སྟོན་ཁང་དེའི་ནང་ཡོ་རོ་འབུམ་གསུམ་ནས་འབུམ་བཞིའི་བར་རིན་སྤར་ཚོང་སྒྱུར་བྱ་རྒྱུ་རེད་འདུག སྒྱུ་རྩལ་བ་དེས་བཞེངས་པའི་མགོན་པོ་མཆོག་གི་༸སྐུ་པར་དེའི་ནང་རིག་རྩལ་ཤོ་གཟུགས་མའི་གྲངས་ཉིས་བརྒྱས་བཞེངས་ཡོད་པ་ཞིག་དང་། Art Curial acution house གྱིས་སྒྱུ་རྩལ་དེ་དང་མགོན་པོ་མཆོག་གི་༸སྐུ་པར་ལ་བསྟོད་པ་དང་སྦྲགས་ནང་པའི་ཆོས་བརྒྱུད་དེ་མིའི་མི་ཚེ་འདི་རིན་ཐང་ཆེན་པོ་ཞིག་ཡིན་པའི་ལམ་ཀ་གནང་མཁན་ཞིག་ཡིན་པར་གསུངས་འདུག་པ་མ་ཟད། སྒྱུ་རྩལ་བ་དེས་ངོས་རང་ནང་པའི་ཆོས་ལ་དད་མོས་ཆེན་པོ་ཡོད་མཁན་ཞིག་དང་ལྷག་པར་དུ་སེམས་ཁམས་རིག་པ་དང་འབྲེལ་ནས་སེམས་བཅོས་ཐབས་དང་སྒོམ་རྒྱག་རྒྱུའི་སྐོར་ལ་ནང་པའི་གཞུང་ནས་གསུངས་པའི་ལྟ་གྲུབ་ལ་དགའ་མོས་ཆེན་པོ་ཡོད་ཅེས་གསུངས་འདུགསྒྱུ་རྩལ་བ་དེས་དེ་སྔ་ Italian གྱི་སྒྱུ་རྩལ་བ་ཞིག་གིས་བྲིས་པའི་ཕྱེད་པར་ Monalisa ཞེས་པ་དེའང་ Rubik's Cubes འམ་རིག་རྩལ་ཤོ་གཟུགས་མས་བཞེངས་ནས་ཡོ་སྒོར་འབུམ་གཅིག་དང་སྟོང་ཕྲག་ཉི་ཤུར་ཚོང་རྒྱུའི་ཚོད་དཔག་བྱས་ཀྱང་དངོས་སུ་ཚོང་བསྒྱུར་བྱེད་སྐབས་ཡོ་རོ་འབུམ་བཞི་དང་སྟོང་བརྒྱད་བཅུ་དང་ཉིས་བརྒྱར་ཚོང་བསྒྱུར་བྱས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཞག་ཡོད་པ་དང་། ད་ཐེངས་ Rubik's Cubes འམ་རིག་རྩལ་ཤོ་གཟུགས་མའི་བཞེངས་པའི་༸གོང་ས་མཆོག་གི་༸སྐུ་པར་ལ་ཡོ་རོ་སྒོར་འབུམ་གསུམ་ནས་བཞིའི་རིན་གོང་རག་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། དེ་སྔ་ Monalisa འི་པར་རིས་ཀྱི་ཚོད་དཔག་ལས་ཀྱང་རིན་གོང་མར་བ་བཞག་ཡོད་སྟབས་པེ་རིས་ནང་རྟེན་གཞི་བྱས་པའི་ Art Curial acution house ཞེས་ལོ་རྒྱུས་རང་བཞིན་ལྡན་པའི་ཅ་དངོས་འགྲེམས་སྟོན་ཁང་དུ་ཟིན་ཐོ་གསར་པ་ཞིག་སྐྲུན་ཡོད་པ་རེད།

རྒྱ་ནག་གི་སྣང་བརྙན་གསར་སྐྲུན་དགོས་པའི་གཏམ་བཤད་དེས་ད་ཡོད་རྒྱ་ནག་གི་ཕྱི་འབྲེལ་བྱུས་ལ་ཕམ་ཉེས་བྱུང་བ་མཚོན་ཡོད།

xiའདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ལས་དོན་ཐོག་ཐེས་བྱུས་དང་དྲག་རྩུབ་ཅན་གྱི་ཕྱི་འབྲེལ་གྱི་སྲིད་བྱུས་ལག་བསྟར་བརྒྱུད་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ཁོ་ན་བསྒྲུབ་ཐབས་བྱེད་བཞིན་པའི་ཁྲོད་འདིར་སྲིད་འཛིན་ཞི་ཅིན་ཕིང་གིས་ཡུལ་དེའི་འགོ་ཁྲིད་དང་འབྲེལ་ཡོད་ལས་བྱེད་ཚོས་རྒྱལ་སྤྱིའི་ཐོག་མཐུན་འབྲེལ་གྱི་ནུས་པ་ཆེ་རུ་བཏང་ནས་རྒྱ་ནག་གི་སྣང་བརྙན་དེ་བཞིན་གཞན་གྱི་དགའ་འོས་པ་ཞིག་བཟོ་དགོས་ཞེས་བཤད་འདུགརེས་གཟའ་ཟླ་བའི་ཉིན་སྲིད་འཛིན་ཞི་ཅིན་ཕིང་གིས་ཡུལ་དེའི་དམག་ཤོག་ཚོགས་པའི་འཐུས་མི་ཚོགས་ཆེན་ཐོག་རྒྱ་ནག་གྱི་གཏམ་བརྒྱུད་རྒྱལ་སྤྱིའི་ཐོག་ལེགས་པར་བཤད་དགོས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཅིག་བྱས་ཏེ་རྐང་རྒྱ་ནག་གི་གསར་སྤེལ་ཁང་དང་གཞུང་ཚབ་སོགས་ཕྱི་འབྲེལ་ཚན་པ་དང་འབྲེལ་བའི་དམག་ཤོག་གི་འགོ་ཁྲིད་དང་ལས་བྱེད་ཚོས་རྒྱ་ནག་གི་གནས་ཚུལ་རྣམས་ཕྱི་ཕྱོགས་སུ་བཤད་པའི་སྐབས་ལ་བཟང་ཕྱོགས་ཀྱི་རྣམ་པའི་ཐོག་ནས་སྤེལ་དགོས་པ་མ་ཟད་རྒྱ་ནག་འདི་བཞིན་མང་མོས་ཀྱི་རྒྱབ་སྐྱོར་ཡོད་པའི་རྒྱལ་ཁབ་ཅིག་མ་ཆགས་བར་དུ་རྒྱལ་ཁབ་གཞན་དང་གྲོགས་པོ་བཟོ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང་། འདེང་ཚོད་དང་གུས་བཀུར་ལྡན་པའི་ཐོག་ནས་བྱེད་དགོས་ཀྱི་རེད་ཅེས་བཤད་འདུག ལྷག་པར་དུ་རྒྱ་ནག་གི་འགོ་ཁྲིད་དང་ལས་བྱེད་ཚོས་རྒྱལ་སྤྱིའི་ཐོག་ལ་རྒྱ་ནག་གྱི་སྣང་བརྙན་དེ་དགའ་འོས་པ་ཞིག་དང་བརྩི་བཀུར་བྱ་འོས་པ་ཞིག་བཟོ་དགོས་པ་དང་རྒྱལ་ཁབ་གཞན་དང་གྲོགས་འདྲིས་ཡག་པོ་ཡོང་རྒྱུར་འབད་བརྩོན་བྱེད་དགོས་ཞེས་བཤད་ཡོད་པ་རེད། ད་ལྟའི་ཆ་ལ་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དང་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་འཛིན་བཟུང་དང་ཐེ་ཝན་དང་རྒྱ་གར་ལ་དྲག་པོའི་འཇིགས་སྐུལ་རིགས་བྱེད་བཞིན་པའི་གནས་སྟངས་ཡོད་པ་མ་ཟད་ལྷག་པར་དུ་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་སོགས་ཀྱི་རྐྱེན་གྱིས་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་ཡོད་པ་དང་། དུས་སྐབས་དེ་འདྲ་ཞིག་གི་སྐབས་སུ་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་སྣང་བརྙན་གསར་པ་བཟོ་དགོས་སྐོར་གྱི་གཏམ་བཤད་བྱས་པའི་དགོས་དམིགས་དང་འབྲེལ་ཏེ་ཐེ་ཝན་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་པར་ཞི་ཅིན་ཕིང་གི་གཏན་བཤད་དེས་ད་ཆ་རྒྱ་ནག་གཞུང་གི་ངོས་ནས་ཕྱིའི་རྒྱལ་ཁབ་ཁག་ལ་འཛིན་བཞིན་པའི་ཕྱི་འབྲེལ་གྱི་སྲིད་བྱུས་ལ་ཕམ་ཉེས་བྱུང་བ་ཞིག་མཚོན་གྱི་ཡོད་ཅེས་གསུངས་པ་དང་ཆབས་ཅིག ད་བར་ཞི་ཅིན་ཕིང་གིས་རྒྱ་ནག་གྱི་སྣང་བརྙན་སྐྲུན་རྒྱུ་སོགས་ཀྱི་གཏམ་བཤད་མང་དག་ཅིག་བྱས་ཡོད་ཀྱང་རྐང་རྒྱ་ནག་ཕྱོགས་ནས་གཞན་གྱི་བསམ་ཚུལ་ལ་བརྩི་འཇོག་མེད་པར་འགག་པ་ཁོ་ན་བྱེད་བཞིན་ཡོད་སྟབས། རྒྱ་ནག་གྱི་ཕྱིའི་རྒྱལ་ཁབ་ལ་གྲོགས་འདྲིས་བྱེད་ཀྱི་ཡིན་ཞེས་པ་དེར་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་རྒྱུ་ཁག་པོ་ཡིན་པ་དང་དེར་ཡིད་ཆེས་བྱེད་མཁན་ཡང་དཀོན་པོ་རེད་འདུག་ཅེས་གསུངས་སོང་།གནད་དོན་དེའི་ཐོག་རྒྱལ་སྤྱིའི་དཔྱད་ཞིབ་པ་ Adam Taylor ལགས་ནས་རྒྱ་ནག་གི་གསར་སྤེལ་ཁང་དང་གཞུང་ཚབ་ཀྱི་ལས་བྱེད་ཚོར་རྒྱ་ནག་གྱི་གནས་ཚུལ་ལེགས་པར་བཤད་དགོས་ཞེས་བཤད་པ་ཙམ་གྱིས་འགྱུར་བ་ཞིག་ཐེབས་རྒྱུ་ཁག་པོ་ཡིན་པ་དང་། རྒྱ་ནག་ཕྱོགས་ནས་དོན་ངོ་མའི་འགྱུར་བ་ཞིག་ལ་བསམ་བློ་གཏང་གི་ཡོན་ན་དང་ཐོག་རྒྱ་གཞུང་གི་སྲིད་བྱུས་སྤྱི་ལ་འགྱུར་བ་ཞིག་གཏོང་དགོས་ཞེས་གསུངས་འདུག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱ་ནག་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས་ཞི་ཅིན་ཕིང་གི་གཏན་བཤད་དེ་ནི་ད་ཆ་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་ལྟ་སྟངས་ཡག་པོ་མེད་པའི་སྐབས་འདིར་རྒྱ་ནག་རང་ཉིད་སྐྱོབ་ཐབས་ཀྱི་རྣམ་པ་ཞིག་རེད་ཅེས་གསུངས་ཡོད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་ཀྱིས་ཀྱང་གཏམ་བཤད་བྱས་པ་ཙམ་གྱིས་རྒྱ་ནག་གི་ཕྱི་འབྲེལ་སྲི་བྱུས་ལ་འགྱུར་བ་ཞིག་ཐེབས་རྒྱུར་ངོས་འཛིན་གནང་རྒྱུ་ཁག་པོ་ཡིན་པ་དེ་ལྟར་ནའང་གཏམ་བཤད་དེས་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་ལྟ་སྟངས་ཡག་པོ་མེད་པ་གསལ་པོ་མཚོན་ཡོད་ཅེས་གསུངས་ཡོད།གཞི་རྩའི་ཐེངས་འདིའི་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་ཚོགས་ཆེན་ཐོག་རྒྱ་ནག་གི་དེ་སྔ་ཡུལ་དེའི་ནང་གི་ཁྱིམ་ཚང་རེར་ཕྲུ་གུ་གཉིས་ལས་ལྷག་པ་སྐྱེ་མི་ཆོག་ཅེས་པའི་སྲིད་བྱུས་དེར་བསྐྱར་བཅོས་བྱས་ཏེ་ད་ཆ་ཁྱིམ་ཚང་རེར་ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་བྱུས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་དང་། སྲིད་བྱུས་དེར་རྒྱ་ནག་གཞུང་ཕྱོགས་ནས་གུ་ཡངས་དང་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་སྐོར་བཤད་བཞིན་ཡོད་ཀྱང་རྒྱལ་སྤྱིའི་ཐོག་འགྲོ་བ་མའི་ཐོབ་ཐང་དང་མི་འབོར་འཕེལ་རིམ་གྱི་གནས་བབ་ཐད་དཔྱད་ཞིབ་གནང་མཁན་ཁག་ཅིག་གིས་རྒྱ་གཞུང་གི་ཐག་གཅོད་དེ་ནི་དེ་སྔའི་སྲིད་བྱུས་ལྟར་མུ་མཐུད་ཁྲིམས་འགལ་ཞིག་ཆགས་ཀྱི་ཡོད་པ་མ་ཟད་དེ་ནི་རྐང་མི་མང་གི་མངོན་འདོད་དང་མཐུན་པ་ཞིག་མིན་པར་མ་འོངས་ཚོང་གི་ཁེ་ཕན་ལ་དམིགས་པའི་སྲིད་བྱུས་ཤིག་ཡིན་པ་སོགས་སྐྱོན་བརྗོད་བྱས་ཡོད།

དྲུག་བཞིའི་དོན་རྐྱེན་དང་འབྲེལ་ནས་ཧོང་ཀོང་དུ་མི་གཉིས་བཀག་བསྐྱིལ།

ཟླ་བ་ ༦ ཚེས་ ༤ ཉིན་མོ་འདི་ནི་རྒྱ་ནག་དམར་གཞུང་གིས་མང་གཙོའི་ལས་འགུལ་བ་སྟོང་ཕྲག་མང་པོ་གནམ་བདེ་སྒོ་མོ་ཆེ་ཡི་མདུན་ནས་དམར་གསོད་བཏང་ནས་མི་ལོ་ཧྲིལ་བོ་ ༣༢ ཕྱིན་པའི་དུས་དྲན་འཁེལ་གྱི་ཡོད་སྟབས་རྒྱ་ནག་གིས་ཧོང་ཀོང་ནང་དུ་རིམས་ནད་ཁྱབ་བརྡལ་ལ་ཉེན་ཚབས་ཆེ་བར་ཁ་གཡར་གྱིས་མི་མང་འདུ་འཛོམས་ཀྱིས་དུས་དྲན་དེ་སྲུང་བརྩི་གནང་མི་ཆོག་པའི་བཙན་བཀའ་བཏང་ཡོད་པའི་ཁྲོད་ Hong Kong Alliance ཞེས་པའི་ཧོང་ཀོང་གི་མཉམ་འབྲེལ་ཚོགས་པ་ཞིག་གི་ཚོགས་གཞོན་དང་ཞལ་ལག་སྐྱེལ་འདྲེན་བྱེད་མཁན་གྱི་ན་གཞོན་ཞིག་བཅས་ཁོང་རྣམ་གཉིས་ཀྱིས་དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་སྲུང་བརྩི་བྱེད་རྒྱུར་སྐུལ་སློང་བྱེད་བཞིན་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག་པ་མ་ཟད་ཧོང་ཀོང་གི་མཉམ་འབྲེལ་ཚོགས་པས་་དྲུག་བཞིའི་དོན་རྐྱེན་ཁྲོད་ཤི་རྨས་ཐེབས་པའི་རྒྱ་རིགས་མི་མང་དྲན་གསོའི་ཆེད་དུ་འགྲེམས་སྟོན་ཁང་ཞིག་གཉེར་བཞིན་པ་དེའང་བདུན་ཕྲག་འདིའི་ནང་བཙན་དབང་གིས་སྒོ་ཕྱེ་མི་ཆོག་པར་སྒོ་བརྒྱབ་འདུགརྩ་བའི་ AP གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་ཧོང་ཀོང་གི་ཉེན་རྟོག་རུ་ཁག་གི་འགོ་གཙོ་ Law Kwok-hoi ཟེར་བས་མང་ཚོགས་ཀྱིས་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་དུས་དྲན་སྲུང་བརྩི་བྱེད་མི་ཆོག་པའི་བཀའ་བཏང་སྟེ་དུས་དྲན་དེར་འཛུལ་ཞུགས་བྱེད་པ་ནི་ཁྲིམས་འགལ་གྱི་དོན་རྐྱེན་ཞིག་ཡིན་སྟབས་མི་སུ་ཞིག་གིས་བཀག་འགོག་བྱས་ཡོད་པའི་ཁྲིམས་འགལ་གྱི་དུས་དྲན་སྲུང་བརྩིར་འཛུལ་ཞུགས་བྱས་པ་ཤེས་རྟོགས་བྱུང་ཚེ་མང་ན་ལོ་ལྔའི་ཁྲིམས་ཆད་ཕོག་ཉེན་ཡོད་པའི་བཙན་བཀའ་བཏང་ཡོད་འདུགཐེངས་འདིའི་དུས་ཚིགས་དང་བསྟུན་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་སྦྲེལ་པོས་གཞུང་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ་ཨ་རིའི་ངོས་ནས་གནམ་བདེ་སྒོ་མོ་ཆེས་མཚོན་པའི་རྒྱ་ནག་གི་གྲོང་ཁྱེར་བཞི་བརྒྱ་ལྷག་གི་ནང་དུ་མི་མང་སྟོང་ཕྲག་མང་པོ་འཛོམས་ནས་མང་གཙོའི་དགོས་འདུན་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ལྐོག་ཟ་རུལ་སུངས་མཚམས་འཇོག་དགོས་པ་སོགས་ཀྱི་འབོད་སྒྲ་བསྒྲགས་ཏེ་སྲང་ལམ་དུ་ཐོན་ནས་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་རྣམས་ཀྱི་སྙིང་སྟོབས་ལ་རྗེས་དྲན་ཞུ་བཞིན་ཡོད་པ་དང་། རྒྱ་ནག་གིས་སྐབས་དེའི་ཞི་རྒོལ་བ་རྣམས་ལ་དྲག་གནོན་བྱས་པ་དེ་ནི་དེང་སྐབས་ཀྱི་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གྱི་ཁྲོད་དུ་མགོ་རྙོག་རང་བཞིན་གྱི་གནད་དོན་ཞིག་ཆགས་ཡོད་པར་མངོན་གསལ་གནང་འདུགདེ་བཞིན་བསྒྲགས་གཏམ་དེའི་ནང་རྒྱ་ནག་གིས་དུས་དེང་སང་ཡང་དྲུག་བཞིའི་དོན་རྐྱེན་སྐབས་སུ་དྲག་གནོན་བྱས་པའི་གནད་དོན་དེ་འབྲེལ་གྱི་གྲོས་བསྡུར་དང་དུས་དྲན་སྲུང་བརྩི་སོགས་བཀག་སྡོམ་བྱས་ཡོད་པ་མ་ཟད་ཐ་ན་ཧོང་ཀོང་གི་རང་སྐྱོང་ས་ཁུལ་དུ་ཡང་གཞུང་འབྲེལ་གྱིས་བཀག་སྡོམ་བྱས་ཡོད་པ་ལུང་འདྲེན་གྱིས་ཨ་རིའི་ངོས་ནས་རྒྱ་རིགས་མི་མང་གིས་སྲིད་གཞུང་གི་བཀག་འགོག་མེད་པར་དུས་དྲན་སྲུང་བརྩི་ཞུ་ཐུབ་པའི་ཉི་མ་ཞིག་མ་ཤར་བར་དུ་མུ་མཐུད་དུ་དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན་པར་ཡོངས་གྲགས་གནང་འདུག ཁྲག་དྲི་བྲོ་བའི་མི་ལོ་སོ་གཉིས་ཀྱི་རྗེས་ཀྱི་དེ་རིང་ཡང་རྒྱ་ནག་སྲིད་གཞུང་གིས་མུ་མཐུད་དུ་རྒྱ་རིགས་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་བྱེད་བཞིན་པར་ལུང་འདྲེན་གྱིས་རྒྱལ་སྤྱིའི་ཚོགས་སྡེ་ཡོངས་ཀྱིས་རྒྱ་ནག་གིས་གང་བྱུང་མི་མང་འཛིན་བཟུང་གིས་མནར་གཅོད་གཏོང་བཞིན་པ་དང་། ཤིན་ཅང་ནང་དུ་མི་རིགས་རྩ་གཏོར་གཏོང་བཞིན་པ་དང་བོད་མིའི་ཆོས་རིག་ཀྱི་སྙིང་དོན་རྩ་གཏོར་གཏོང་བཞིན་པ། རྒྱ་རིགས་ས་ཡ་མང་པོའི་ཐོབ་ཐང་འཕྲོག་བཞིན་པ། རྒྱལ་སྤྱིའི་ཆིགས་ཡིག་ཁག་གིས་ཧོང་ཀོང་མི་མང་ལ་ཁག་ཐེག་བྱས་ཡོད་པའི་རང་དབང་བཅས་རྩ་གཏོར་གཏོང་བཞིན་པ་བཅས་ལ་གནོན་ཤུགས་སྤྲོད་གོས་པའི་ཞུ་སྐུལ་གནང་འདུག དེའི་མཇུག་ཏུ་རྒྱ་ནག་གི་ནང་ཁུལ་གཙོས་པའི་རང་དབང་ལ་དགའ་བའི་ས་ཕྱོགས་གང་སར་དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་མི་རབས་དེའི་སྙིང་སྟོབས་གསོན་པོར་གནས་ཡོད་པ་དང་ང་ཚོས་ཡ་ང་བའི་དུས་དྲན་དེ་དྲན་གསོ་ཞུ་བཞིན་ཡོད་པ་མ་ཟད་མ་འོངས་པར་རྒྱ་ནག་གི་ནང་དུ་དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་བྱས་རྗེས་དེ་དག་ཁྲིམས་མཐུན་གྱི་ངོས་འཛིན་ཐུབ་པར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བསྒྲགས་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཀྱང་དྲུག་བཞིའི་དོན་རྐྱེན་དང་འབྲེལ་ནས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་བོད་མི་དང་ཡུ་གུར་མི་མང་གི་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་གང་བྱུང་འཛིན་བཟུང་དང་མནར་གཅོད་གཏོང་བཞིན་ཡོད་པའི་གནད་དོན་ངོ་སྤྲོད་དང་སྦྲགས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་གཙོས་པའི་སྲིད་གཞུང་ཁག་གིས་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་ལ་འབོད་སྐུལ་གྱིས་རྒྱ་ནག་གིས་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ལ་གུས་བརྩི་བྱ་རྒྱུར་མཉམ་ལས་གནང་དགོས་པ། ཧོང་ཀོང་ནང་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་གྱིས་མང་ཚོགས་ལ་ཉེས་འཛུགས་སྣ་མང་བྱེད་བཞིན་པ་མཚམས་འཇོག་དང་། རྒྱལ་སྤྱིའི་སྤྱི་ཚོགས་བཀག་རྒྱ་མེད་པར་རྒྱ་ནག་ཏུ་རང་དབང་གིས་རྟོག་ཞིབ་ལ་འགྲོ་སྐྱོད་བྱེད་རྒྱུར་ཤུགས་སྣོན་སྤྲོད་དགོས་པ་སོགས་ཀྱི་འབོད་སྐུལ་ཞུས་འདུག ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲུག་བཞིའི་དོན་རྐྱེན་དང་འབྲེལ་ནས་གནས་ཚུལ་སྤེལ་བར་གྱ་དགུ་ལོའི་དྲུག་བཞིའི་དོན་རྐྱེན་གྱི་སྐབས་སུ་སློབ་མ་རྣམས་ཀྱིས་གཙོས་པའི་མང་ཚོགས་ཀྱིས་མང་གཙོའི་དགོས་འདོན་བཏོན་ནས་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་སྤེལ་བ་དེ་ཡིས་ལས་འགུལ་ཁང་ལ་སེམས་ཤུགས་འཕར་མ་ཞིག་གནང་ཡདོ་པ་ལུང་འདྲེན་དང་སྦྲགས་ཏེ། ཐེངས་འདིའི་དུས་དྲན་གྱི་ཉིན་མོ་དང་བསྟུན་ནས་ལས་འགུལ་ཁང་གིས་སྐབས་དེར་ཚེ་སྲོག་ཤོར་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ལྷན་དུ་རྒྱ་ནག་མི་མང་གི་རང་དབང་འཐབ་རྩོད་དེར་ནམ་ཡང་སེམས་ཤུགས་ཆགས་མེད་སྐོར་མངོམ་གསལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་དུང་གྱ་དགུའི་ལོར་རྒྱ་མི་ཙམ་མིན་པར་བོད་མི་རྣམས་ཀྱིས་ཀྱང་རྒྱ་ནག་གིས་དྲག་གནོན་བྱས་པར་ངོ་རྒོལ་བྱས་པའི་གནད་དོན་དང་སྦྲགས་ནས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་མི་ལོ་བདུན་ཅུའི་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་ཐེབས་ཡོད་པར་བསྒྲགས་ཏེ། རྒྱ་ནག་གིས་དྲུག་བཞིའི་དོན་རྐྱེན་ལ་དྲག་གནོན་བྱས་པའི་གནད་དོན་དེར་འཁྱོག་བཤད་བྱས་ཡོད་པ་ལྟར་བོད་མིའི་ལོ་རྒྱུས་ཀྱང་འཁྱོག་བརྗོད་བྱེད་སྲིད་པར་སེམས་འཚབ་ཡོད་པར་མངོན་གསལ་གྱིས་རྒྱ་ནག་མི་རིགས་ཀྱིས་ཆེ་མཐོང་ལྡན་པའི་ངང་ནས་རང་དབང་གི་ཆེད་དུ་འཐབ་རྩོད་བྱས་ཡོད་པ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་ནས་རྒྱ་རིགས་མི་མང་གི་རང་དབང་གི་ཆེད་དུ་འཐབ་རྩོད་རྒྱུན་སྐྱོང་གནང་དགོས་པའི་འབོད་སྐུལ་གནང་འདུགདེ་བཞིན་ཐེ་ཝན་སྲིད་འཛིན་མཆོག་གིས་ཀྱང་དྲུག་བཞིའི་དོན་རྐྱེན་དང་འབྲེལ་ནས་བསྒྲགས་སྤེལ་བར་ཐེ་ཝན་མི་མང་གིས་སྐབས་དེར་ཚེ་སྲོག་ཤོར་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པར་བསྒྲགས་པ་མ་ཟད་མང་ཚོགས་ཀྱིས་ནམ་ཡང་དྲུག་བཞིའི་དོན་རྐྱེན་དེ་བརྗེད་ཐབས་མེད་པར་ལུང་འདྲེན་གྱིས་ཐེ་ཝན་མང་ཚོགས་ནས་དུས་ནམ་ཡང་རང་ཉིད་ཀྱི་མང་གཙོ་དང་རང་དབང་ལ་སྤོབས་པ་ཡོད་པར་བསྒྲགས་འདུག

༸གོང་ས་མཆོག་གིས་སྲིད་སྐྱོང་མཆོག་ལ་གསར་མཇལ་དང་སྦྲགས་ཡིད་ཆེས་བློ་འགེལ་ཆ་ཚང་ཡོད་པས་ཕྱག་ལས་ཧུར་ཐག་གནང་ཤོག་ཅེས་བཀའ་སྩལ་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ལས་ཁུར་བཞེས་ཏེ་ཉིན་གྲངས་བདུན་ཙམ་འགྲོ་བཞིན་པའི་མཚམས་འདིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་མཆོག་ལ་གསར་མཇལ་བཀའ་དྲིན་སྩལ་བ་དང་སྦྲགས་ཡིད་ཆེས་བློ་འགེལ་ཆ་ཚང་ཡོད་པས་ལས་ཀ་ཧུར་ཐག་གནང་ཤོག་ཅེས་བཀའ་སློབ་ལམ་སྟོན་མཛད་འདུགབོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཁ་སང་ཕྱི་ཟླ་ ༦ ཚེས་ ༢ ཉིན་གྱི་སྔ་དྲོ་བོད་པའི་གཞོན་སྐྱེས་ཚོར་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟོགས་བརྗོད་འདུན་ལེགས་མའི་བཀའ་ཆོས་དང་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་བཅས་བཀའ་དྲིན་སྩལ་གྲུབ་མཚམས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཀྲ་ཤིས་པའི་འཚམས་འདྲི་དང་ཐུགས་སྨོན་བཅས་སྩལ་ཏེ། ད་ཆ་ང་ཚོ་བོད་མི་རྣམས་བཙན་བྱོལ་བ་ཆགས་ཡོད་ཀྱང་དངོས་ཡོད་གནས་ཚུལ་ཐོག་ནས་བསམ་བློ་བཏང་བ་ཡིན་ན། བོད་པ་ཚོ་སོ་སོའི་ལུང་པ་དང་བྲལ་ནས་བཙན་བྱོལ་བ་ཆགས་པ་དེས་བོད་ལ་སངས་རྒྱས་ཀྱི་བསྟན་པ་ཧ་ཅང་སྤུས་དག་ཡོད་པ་འདི་ཉིད་བོད་ཙམ་མིན་པར་འཛམ་གླིང་གང་སར་ཁྱབ་ཐུབ་པ་བྱུང་བ་འདི་ནི་རྐྱེན་ངན་གྲོགས་ལ་ཤར་བ་ལྟ་བུ་ཞིག་བྱུང་ཡོད་ཅེས་བཀའ་སྩལ་འདུགལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་བཙན་བྱོལ་ནང་ལ་ཡོད་པའི་སྒྲིག་འཛུགས་འདི་བཞིན་མིང་དོན་མཚུངས་པའི་མང་གཙོའི་ལམ་ལུགས་གཞི་རྩར་བཞག་ཏེ་བཙུགས་པ་ཞིག་ཡིན་པ་དང་། ད་རེས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བོད་མི་མང་ཚོགས་ཀྱིས་མང་གཙོའི་ལམ་ལུགས་འདིའི་ཐོག་ནས་འོས་འདེམས་བྱས་ཏེ་ཡར་སླེབས་པ་ཞིག་ཡིན་སྟབས་ད་ཆ་སྒྲིག་འཛུགས་ཆུང་ཆུང་འདི་བརྒྱ་ཆ་བརྒྱ་ཐམ་པ་ཡང་དག་པའི་མང་གཙོ་ལམ་དུ་འགྲོ་བཞིན་ཡོད་པར་བཀའ་སྩལ་བ་དང་ཆབས་ཅིག དེ་སྔ་༸གོང་ས་ལྔ་པ་ཆེན་པོ་མཆོག་གིས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མཛད་ཡོད་ན་ཡང་། ཕྱི་ལོ་ ༢༠༡༡ ལོ་ལ་མགོན་པོ་༸གང་ཉིད་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་མི་དམངས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲད་ཡོད་སྟབས། ད་རེས་སྲིད་སྐྱོང་མཆོག་བོད་མི་མང་ཚོགས་ཀྱིས་མང་མོས་སམ་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཐོག་སྲིད་སྐྱོང་གི་ལས་གནས་ཐོག་ཕེབས་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད་ཅེས་བཀའ་སྩལ་འདུག སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་མགོན་པོ་༸གང་ཉིད་མཆོག་གིས་དྲྭ་ཐོག་བརྒྱུད་དེ་སྲིད་སྐྱོང་དམ་འབུལ་མཛད་སྒོར་བཀའ་སློབ་བཀའ་དྲིན་སྩལ་བ་དང་ད་རེས་སླར་ཡང་གསར་མཇལ་དང་བཀའ་སློབ་ལམ་སྟོན་མཛད་པར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུས་པ་དང་ཆབས་ཅིག སྲིད་སྐྱོང་གི་འགན་བཞེས་མ་ཐག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་སེལ་སླད་ཛ་དྲག་ཚོགས་ཆུང་བསྐྱར་སྒྲིག་དང་། བཙན་བྱོལ་བོད་མི་ཚོར་སྔོན་འགོག་སྨན་ཁབ་གང་མང་བརྒྱབ་ཐུབ་ཐབས་གནང་རྒྱུ། ནད་པ་ཚོར་མཐུན་འགྱུར་གང་ཐུབ་སྦྱོར་སྤྲོད་བྱེད་རྒྱུ། དེ་བཞིན་རིམས་ནད་ཀྱིས་རྐྱེན་པས་འཚོ་བར་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་ནང་སྲིད་ལས་ཁུངས་བརྒྱུད་མཐུན་འགྱུར་ཞུ་རྒྱུ་དང་། ལྷག་པར་དུ་བོད་རྒྱ་འགྲེལ་མོལ་ཀྱི་གནད་དོན་སོགས་ཀྱི་སྐོར་སྙན་སྒྲོན་ཞུས་འདུགསྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོའི་སྒྲིག་འཛུགས་འདི་མུ་མཐུད་གནས་ཀྱི་རེད། རིམ་པས་རྒྱ་བོད་ཀྱི་འགྱུར་བ་ཏན་ཏན་ཡོང་གི་རེད་ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་སྦྲགས་ཏེ། མང་ཚོགས་ཀྱིས་འོས་འདེམས་གནང་བའི་སྲིད་སྐྱོང་མཆོག་ལ་ཡིད་ཆེས་བློ་འགེལ་ཆ་ཚང་ཡོད་པས་ལས་ཀ་ཧུར་ཐག་གནང་ཤོག་ཅེས་བཀའ་སྩལ་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་སྲིད་སྐྱོང་གི་དམ་འབུལ་མཛད་སྒོའི་ཐོག་སྲིད་སྐྱོང་གསར་རྙིང་གཉིས་ཀར་འཚམས་འདྲི་མཛད་པ་དང་སྦྲགས་ཏེ། བོད་མི་ཚོར་ལོ་རྒྱུས་རང་བཞིན་པའི་སྒྲིག་འཛུགས་ཤིག་ཡོད་པ་དེ་ད་ཆ་རྒྱ་ནག་ཕྱོགས་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་མེད་ལ་ལྟོས་མེད་རྒྱལ་སྤྱིའི་གཞུང་དང་མང་ཚོགས་ཀྱི་ངོས་ནས་བསྔགས་བརྗོད་གནང་འོས་པའི་མང་གཙོའི་ལུགས་ཚད་ལྡན་ཞིག་གི་ཐོག་ནས་སྐྱོད་བཞིན་ཡོད་པ་སོགས་བཀའ་སློབ་སྩལ་ཡོད་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ལས་ཁུར་བཞེས་ཏེ་ད་བར་ཉིད་གྲངས་བདུན་ཙམ་གྱི་ནང་ལ་བཞུགས་སྒར་ཉེ་འཁོར་གྱི་ཏོག་དབྱིབས་ཟུར་འཇོག་ཁང་ཁག་ལ་གཟིགས་ཞིབ་དང་། རིམས་ནད་ཀྱི་མནར་བའི་ནད་པ་དང་མདུན་ཐོན་ཞབས་ཞུ་བ་རྣམས་དང་ཐུག་འཕྲད་ཀྱིས་སེམས་གསོ་སློབ་སྟོན་སོགས་གནང་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་སྲ་བརྟན་དང་། ནུས་པ་མཉམ་སྤུངས་ཡོང་ཐབས་སོགས་ལ་དམིགས་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དང་མཇལ་འཕྲད་ཀྱིས་མ་འོངས་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་ལ་བཀའ་བསྡུར་གནང་ཡོད་པ་རེད།དེ་རིང་སྲིད་སྐྱོང་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་རང་དབང་ཅན་གྱི་སྡེ་ཚན་དབུས་འོས་བསྡུ་ལས་ཁང་དང་ལས་བྱེད་འདེམས་བསྐོ་ལས་ཁང་། དེ་བཞིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་བཅས་ཀྱི་འགན་འཛིན་གྱིས་དབུས་པའི་འབྲེལ་ཡོད་ལས་བྱེད་ཁག་ཅིག་དང་མཇལ་འཕྲད་ཀྱིས་མ་འོངས་ལས་དོན་གནང་ཕྱོགས་སྐོར་བཀའ་བསྡུར་གནང་ཡོད།

Latest news