Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

༸གོང་ས་མཆོག་ཨུ་རུ་སུའི་ཁུལ་དུ་ཕེབས་རྒྱུར་ཐུགས་རེ་ཡོད་སྐོར་བཀའ་སྩལ་བ།

དེ་རིང་ཟླ་ ༡༡ ཚེས་ ༧ ཉིན་གྱི་སྔ་དྲོའི་ཚོུད་༩ བའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་ཐོག་བརྒྱུད་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་ཉིན་མཐའ་མའི་བཀའ་ཆོས་སྐབས། དེ་རིང་ལྷ་བབ་དུས་ཆེན་གྱི་ཉིན་མོ་ཡིན་པར་ངོ་སྤྲོད་ཀྱིས་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་བོ་དེ་སེམས་ལ་བཅོས་བསྒྱུར་གཏོང་རྒྱུ་དེ་ཡིན་པར་བརྟེན། སྒྲུབ་པའི་མཆོད་པ་འབུལ་རྒྱུ་དེ་གལ་ཆེན་པོ་ཡིན་པར་བཀའ་སྩལ་སོང་།

ཆོས་བྱེད་པར་རྩ་བའི་བླ་མའི་སྐུ་མདུན་དུ་སྡོད་མི་དགོས་པར་སྤྱོད་འཇུག་ལ་སློབ་གཉེར་བྱོས།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དྲྭ་ཐོག་བརྒྱུད་དེ་སྩལ་བའི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་ཉིན་གཉིས་པའི་ཐོག་ཐུ་ཝ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་ཁུལ་དེའི་བླ་མ་མཚན་གནས་མཐོ་ཤོས་ Kamby བླ་མ་ཁྲི་ཐོག་བརྒྱད་པ་འཇམ་དཔལ་བློ་གྲོས་མཆོག་འདི་ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་དགོངས་པ་རྫོགས་དོན་ལྟར་མཁན་པོ་བླ་མ་གསར་དུ་བསྐོ་གཞག་གནང་བ་དགེ་ལེགས་རྡོ་རྗེ་མཆོག་ཆེད་བཅར་ཞུས་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཉིས་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་གྲུབ་མཚམས་སུ་དད་ལྡན་ཆོས་ཞུ་བས་གོ་སྒྲིག་ཚོགས་ཆུང་ལ་གློག་འཕྲིན་བརྒྱུད་ནང་ཆོས་ལ་སློབ་གཉེར་བྱེད་མཁན་ཕལ་མོ་ཆེ་རང་གི་རྩ་་བའི་བླ་མའི་དྲུང་དུ་གནས་ནས་དེར་དོགས་འདྲི་ཞུ་རྒྱུའི་གོ་སྐབས་ཤིག་མེད་སྟབས། ཉམས་ལེན་གནང་ཕྱོགས་ཀྱི་ཐད་གོང་འཕེལ་འགྲོ་གྱི་ཡོད་མེད་ཇི་ལྟར་བྱས་ནས་ཤེས་ཐུབ་བམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ནང་པའི་ཆོས་བྱེད་པར་བླ་མ་དངོས་དུ་བརྟེན་ནས་དབང་དང་ལུང་མན་ངག་ཞུ་རྒྱུ་དེ་ཕུན་སུམ་ཚོགས་པའི་ཡན་ལག་ཞིག་ལས་ངེས་མཁོ་ཞིག་མིན་པར་བཀའ་སྩལ་དང་སྦྲགས། བཀའ་གྱུར་དང་བསྟན་གྱུར་པོ་ཏི་གསུམ་བརྒྱ་ལྷག་ཡོད་པའི་ནང་ནས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལས་ལྷག་པ་ཞིག་ཕལ་ཆེར་མེད་སྟབས། ཆོས་བྱེད་པར་རྩ་བའི་བླ་མའི་སྐུ་མདུན་དུ་སྡོད་མི་དགོས་པར་སྤྱོད་འཇུག་དེ་རང་ཉིད་ཀྱི་བླ་མ་དང་གྲོགས་པོར་བརྟེན་ནས་སློབ་སྦྱོང་གནང་རྒྱུ་དང་། ལྷག་པར་དུ་སྤྱོད་འཇུག་གི་ལེའུ་དྲུག་པ་བཟོད་པའི་ལེའུ་དང་ལེའུ་བརྒྱད་པ་བསམ་གཏན་གྱི་ལེའུ་ལྟ་ཀློག་གནང་གནད་ཡིན་པར་ལམ་སྟོན་མཛད་སོང་།ད་དུང་ St Petersburg ནས་ལྕམ་ Denarak གྱིས་ཆོས་ཉམས་ལེན་བྱེད་སྐབས་ཐོག་མར་ཨ་གསར་ཐོག་ནས་འདུན་པ་ཆེན་པོ་ཞིག་དང་བར་སྐབས་ནས་འཆར་ཅན་ལྟ་བུར་ཆགས་ནས་ཉམས་ལེན་གནང་རྒྱུ་དེ་ཉམས་ཀྱི་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་གི་ཐུགས་མྱོང་དང་འབྲེལ་ནས་ལམ་སྟོན་བཀའ་དྲིན་ཆེ་བར་སྩལ་གནང་ཡོང་བ་ཞེས་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་མཆོག་གིས་སྤྱིར་དེང་གི་ཤེས་ཡོན་སློབ་སྦྱོང་བྱས་ནས་མི་ཚེ་སྐྱེལ་རྒྱུ་དེ་མི་ཚང་མར་གཅིག་མཚུངས་ལྟར་ཆགས་ཀྱི་ཡོད་ཀྱང་། དེང་གི་ཤེས་ཡོན་དེས་མ་འདང་བའི་རྐྱེན་གྱིས་ཤེས་ཡོན་ཡོད་མཁན་ཚོས་རྙོག་གྲ་བཟོ་བའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་དེང་དུས་ཀྱི་ཤེས་ཡོན་ནང་ཕྱི་ལུས་པོའི་འཕྲོད་བསྟེན་སྐོར་ལ་དོ་སྣང་ཆེ་བ་དང་ནང་སེམས་ཀྱི་འཕྲོད་བསྟེན་དེ་སརྒྱས་པའི་གཞུང་ནས་ཞིབ་ཕྲ་གསུངས་ཡོད་པར་བརྟེན་དེར་ཉམས་ལེན་གནང་བའི་སྒོ་ནས་སེམས་ཞི་བདེ་དང་སྤྱི་ཚོགས་བདེ་སྐྱིད་སྐྲུན་ཐབས་ལ་འབད་ཚེ་ནཱ་ལེནྡཱའི་ཆོས་བརྒྱུད་ལ་དོ་སྣང་གསར་པ་ཞིག་གནང་ཐུབ་ངེས་ཡིན་པ་བཀའ་སྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གི་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མ་གནང་གོང་ཨུ་རུ་སུའི་དད་ལྡན་ཆོས་ཞུ་རྣམས་ལ་སང་ཉིན་བོད་ལུགས་ལྟར་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་མོ་སྟེ་ལྷ་བབ་དུས་ཆེན་ཁེལ་གྱི་ཡོད་སྟབས། བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ནས་སེམས་བསྐྱེད་གསུང་འདོན་གནང་རྒྱུ་ཡིན་པ་བཀའ་སྩལ་བ་དང་འབྲེལ། དགོན་སྡེ་ཁག་ཅིག་གི་ནང་དུ་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་ལྷ་བབ་དུས་ཆེན་ཞེས་བརྗོད་སྐབས་སྐས་འཛེག་རིང་པོ་རྒྱག་སྲོལ་ཡོད་པ་ནི་ཀླད་པ་ལྗང་ཁུའི་སྐད་ཆ་ཞིག་ཡིན་པ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་པོད་ལྔ་པོ་དག་ལ་བརྟག་དཔྱད་གནང་སྟེ་སློབ་གཉེར་གནང་དགོས་གལ་ཡིན་པ་བལམ་སྟོན་བཀྲིན་ཆེ་བ་མཛད་སོང་།

རྒྱ་དཀར་ནག་གིས་འཕགས་བོད་ས་མཚམས་ཀྱི་རྙོག་གླེང་ལ་གྲོས་མོལ་བྱེད་བཞིན་པ།

རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་སྔ་དྲོ་ཕྱག་ཚོད་ ༩་དང་༣༠ ཕྱེད་ཀའི་སྟེང་། རྒྱ་དཀར་ནག་གི་ཆེས་མཐོའི་དཔོན་རིགས་དང་དམག་སྤྱིའི་བར་དུ་འཕགས་བོད་ས་མཚམས་ཀྱི་རྙོག་གླེང་དང་འབྲེལ་བའི་གྲས་མོལ་ཐེངས་བརྒྱད་པ་དེ་བྱེད་བཞིན་ཡོད་པ་དང་འབྲེལ་ནས། སྔོན་དཔག་གི་དགོངས་ཚུལ་འདྲ་མིན་སྤེལ་མཁན་བྱུང་བཞིན་པའི་ཁྲོད།    མང་དག་ཅིག་གིས་ཕྱོགས་གཉིས་ཀྱིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ས་མཚམས་ཀྱི་དམག་མི་ཕྱིར་བསྡུ་བྱེད་མི་སྲིད་པ་མ་ཟད།  ད་དུང་དགུན་དུས་དང་འབྲེལ་ནས་གྱོན་གོས་དང་བཟའ་འབྲུ་རིགས་མང་དུ་འབོར་འདྲེན་བྱེད་བཞིན་ཡོད་སྐོར་གསུངས་འདུག  

ཛ་དྲག་མ་ཆགས་བར་དུ་མ་བཞུགས་པར་ས་གནས་ས་ཐོག་གི་སྨན་པར་འབྲེལ་བ་གནང་དགོས།

རྒྱ་གར་ནང་ད་བར་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་ས་ཡ་བརྒྱད་ལྷག་བྱུང་བའི་ཁོངས་ནས་ས་ཡ་བདུན་ལྷག་དྲག་སྐྱེད་དུ་བྱུང་ཡོད་ཀྱང་། ད་བར་འདས་གྲོངས་སུ་གྱུར་བའི་གྲངས་འབོར་དེ་ནི་འབུམ་གཅིག་ལྷག་ཆགས་ཀྱི་འདུག ཁ་སང་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་ནང་མི་གྲངས་ཁྲི་ལྔ་ལྷག་ལ་གཉན་རིམས་ཕོག་པ་བྱུང་འདུག  དེའི་ཁྲོད་གཟའ་འཁོར་འདིའི་ནང་བཙན་བྱོལ་བོད་མིའི་འདུ་སྡོད་ཁག་ཏུ་ཏོག་དབྱིབས་གཉན་རིམས་ཕོག་མཁན་བོད་མི་ ༨༧ དང་ ༡ འདས་གྲོངས་སུ་གྱུར་འདུགབོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༢ སྤེལ་སྐབས་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བོད་མིའི་འདུ་སྡོད་ཀྱི་ས་ཁུལ་ཁྲོད་བོད་མི་ ༨༧ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་རྒྱ་གར་ནས་བོད་མི་ ༨༥ དང་བལ་ཡུལ་ཁུལ་ནས་ ༢ དེ་བཞིན་ནད་ཡམས་དེའི་རྐྱེན་གྱིས་རྒྱ་གར་བྱང་ཕྱོགས་སུ་ཆགས་པའི་ཅོན་ཏ་རཱ་ནས་ཡིན་པ་སྐྱེས་པ་རང་ལོ་ ༥༧ སོན་པ་ཞིག་འདས་གྲོངས་སུ་གྱུར་ཡོད་པ་གསུངས་སོང་།སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་ལྟའི་ཆར་གནམ་གཤིས་འགྱུར་ལྡོག་འགྲོ་བའི་དུས་སྐབས་འདིར་འཆམ་ཚད་ལྟ་བུ་ནད་གཞི་སོགས་ཕོག་ཉེན་ཡོད་སྟབས་ཚང་མས་གང་གཟབ་གནང་དགོས་པ་དང་ཆབས་ཅིག གཉན་རིམས་ཀྱི་ནད་རྟགས་ཅུང་མངོན་པར་སྣང་མེད་དུ་འཇོག་རྒྱུ་མེད་པ་དང་ལྷག་དོན་ཛ་དྲག་མ་ཆགས་བར་དུ་མ་བཞུགས་པར་ངེས་པར་དུ་ས་གནས་ས་ཐོག་གི་སྨན་པར་འབྲེལ་བ་གནང་སྟེ་སྨན་གཏུག་གནང་དགོས་པར་མ་ཟད། ནད་རྟགས་རིགས་མངོན་ཚེ་མི་གཞན་དང་རྒྱང་བཀྱེད་བསྟེན་རྒྱུ་གཙོས་འདུ་འཛོམས་ཆེ་སར་ཕེབས་རྒྱུ་མེད་པ་སོགས་ཀྱི་གཞེན་སྐུལ་ནན་པོ་གནང་ཡོད། གསར་འགོད་ལྷན་ཚོགས་ཀྱི་ཐོག་མར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་ད་ལྟ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་མུས་ཁྲོད་འདིར་བོད་མི་ཚོའི་ངོས་ནས་ལྷོད་གཡེང་མེད་པར་སྔོན་འགོག་གི་གནང་སྒོ་ཁག་མུ་མཐུད་གནང་དགོས་པར་མ་ཟད། བོད་མིའི་ཁྲོད་ནས་ནད་རྟགས་ཐོན་པའི་གང་ཟག་ཚོས་ནད་དྲག་ཐབས་ལ་ཐུགས་སྣང་གནང་དགོས་པ་གསུངས་སོང་།   ཁོང་གིས་ད་དུང་རང་ཉིད་དང་དངོས་སུ་འབྲེལ་གཏུག་བྱུང་བའི་གང་ཟག་སུ་དང་སུ་ཡིན་པ་བདེན་བརྗོད་གནང་སྐྱོང་ཡོང་བའི་འབོད་སྐུལ་བསྐྱར་ནན་གནང་སོང་བ་དང་ཆབས་ཅིག ས་གནས་ཁག་ཏུ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དཀའ་སྡུག་ལ་མ་འཛེམས་པར་ཕྱག་ལས་མུ་མཐུད་གནང་མཁན་སྨན་པ་དང་སྨན་ཞབས། དེ་བཞིན་འབྲེལ་ཡོད་ལས་བྱེད་རྣམ་པ་གཙོས་པའི་རྒྱབ་སྐྱོར་གནང་མཁན་ནང་མི་ཉེ་འབྲེལ་ཡོངས་ལ་ཐུགས་རྗེ་ཆེ་ཞེས་གསུངས་ཡོད། གཞི་རྩའི་ད་བར་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་ཁྲོད་བོད་མི་ ༡༠༣༡ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་ནས་  ༥༤༤  དྲག་སྐྱེད་དང་ ༢༣ འདས་གྲོངས། ད་ཆར་ནད་ཀྱིས་མནར་བཞིན་པ་ ༤༦༤  ཆགས་ཀྱི་ཡོད་པ་རེད།

ཆོས་རབ་ཏུ་རྣམ་འབྱེད་ཀྱི་ལྟ་གྲུབ་ཐོག་སློབ་གཉེར་གནང་དགོས་ཞེས་བཀའ་སྩལ་བ།

དེ་རིང་ཟླ་ ༡༡ ཚེས་ ༥ ཉིན་གྱི་སྔ་དྲོའི་ཚོུད་ ༩ ནས་ ༡༠ བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་ཐོག་བརྒྱུད་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་དབུ་འཛུགས་བཀའ་དྲིན་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་ཆོས་རབ་ཏུ་རྣམ་པར་འབྱེད་རྒྱུའི་ལྟ་གྲུབ་ཐོག་སློབ་གཉེར་གནང་དགོས་གལ་ཡིན་པ་བཀའ་སྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་དངོས་གཞི་དབུ་འཛུགས་མ་གནང་གོང་ཨུ་རུ་སུའི་དད་ལྡན་ཆོས་ཞུ་རྣམས་ལ་ཆེན་པོ་ཧོར་གྱི་ཡུལ་ཁག་ནས་གནའ་སྔ་མོ་ནས་མཁས་པའི་དབང་པོ་རིམ་པ་བྱུང་བ་བཞིན་དུས་ད་ལྟའང་རྒྱ་གར་ལྷོ་ཕྱོགས་སུ་ཕྱག་དཔེ་གཟིགས་པར་ཡོང་མཁན་སློབ་ཕྲུག་མང་དག་ཅིག་ཡོད་པར་བཀའ་སྩལ་བ་དང་། ཆོས་ལ་དད་པ་གནང་མིན་ནི་སོ་སོའི་རང་དབང་ཡིན་ཀྱང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ལྟ་གྲུབ་སྐོར་ལ་དོ་སྣང་དང་སློབ་གཉེར་གནང་གནད་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།མགོན་པོ་༸གང་ཉིད་མཆོག་གིས་རང་ཉིད་ཀྱི་ཉེ་ས་ལ་མཐའ་གཅིག་ཏུ་ཆགས་པ་དང་ཏོག་ཙམ་མི་བདེ་བར་དགྲར་ངོས་འཛིན་གྱི་ཡོད་པ་ནི་ཆགས་སྡང་གྱི་རྐྱེན་ཞིག་ཡིན་པ་དང་། ཆགས་སྡང་དེས་ང་ཚོའི་སེམས་མ་ཞི་བ་བཟོ་ཡི་ཡོད་སྟབས། ཆོས་ཁས་མི་ལེན་མཁན་ཞིག་ཡིན་ཀྱང་སེམས་ཀྱི་བདེ་སྐྱིད་ཅེས་པ་དེ་ཚང་མས་འདོད་ཀྱི་ཡོད་པ་ལྟར་སེམས་མ་སྐྱིད་པ་དང་མ་ཞི་བ་དེ་སྨན་གྱིས་ཀྱང་བཅོས་ཐབས་མེད་པར་བརྟེན་དབུ་མའི་ལྟ་བ་ཟེར་བ་དེས་སེམས་དཀྲུག་མཁན་གྱི་ཆགས་སྡང་གི་ནུས་པ་ཆུང་དུ་གཏང་བའི་ནུས་ཁྱད་ལྡན་ཡོད་པ་ལྟར་དེ་ལ་དཔྱད་ནས་རང་ཉིད་ཀྱི་སེམས་ཞི་བར་བཅོས་དགོས་ཞེས་བཀའ་སྩལ་སོང་།༸གོང་ས་མཆོག་གི་དེ་རིང་ཉིན་དང་པོའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་གྲུབ་མཚམས་སུ་དད་ལྡན་ཆོས་ཞུ་བས་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་ཡོད་པ་ལྟར། ཨུ་རུ་སུའི་ཚན་རིག་སྡེ་ཚན་ཞིག་ཏུ་ཕྱག་ལས་གནང་མཁན་དང་དེ་སྔ་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་སར་ཞིབ་འཇུག་གནང་བར་ཕེབས་མཁན་སློབ་དཔོན་ཀཱཔ་ལཱམ་ལགས་ཀྱིས་དེང་དུས་འཕྲུལ་ཆས་ཀྱི་སྒོ་ནས་གནས་ཚུལ་ཞིབ་འཇུག་བྱ་རྒྱུ་ཡོད་པ་དང་སྔར་འཕྲུལ་ཆས་སོགས་མེད་ཀྱང་སེམས་ཕྲ་རགས་སྐོར་ལ་འགྲེལ་བཤད་གཏིང་ཟབ་གནང་རྒྱུ་ཡོད་པ་དེ་རྒྱུ་མཚན་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་སརྒྱས་པའི་གཞུང་ལས་དབུ་མ་དང་ཕར་ཕྱིན་ནང་ཀླད་པའི་སྐོར་ལ་འགྲེལ་བཤད་གང་ཡང་མེད་པ་དང་། སྔགས་ཀྱི་རྒྱུད་སྡེ་བཞི་དང་འབྲེལ་ནས་སྔགས་བླ་མེད་སྐབས་སུ་རྩ་རླུང་ཐིག་ལེའི་ཉམས་ལེན་ལ་བརྟེན་པའི་ཤེས་པ་ཕྲ་རགས་ཀྱི་དབྱེ་བ་ཡོད་པ་བཀའ་སྩལ་བ་དང་འབྲེལ། ཕྱིའི་དབུགས་རགས་པ་འགག་སྐབས་སུ་ཤི་བར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་སྐབས་རེར་ཕུང་པ་སོས་པར་གནས་པར་ཚན་རིག་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་མེད་སྟབས། གནས་ཚུལ་དེ་གསར་པར་ངོས་འཛིན་ནས་ཉམས་ཞིབ་གནང་བཞིན་ཡོད་པ་རེད། འོན་ཀྱང་གནད་དོན་དེ་ནི་ཀླད་རྩ་དང་འབྲེལ་བའི་རགས་པ་གློ་བུར་བ་རྣམས་འགག་ནས་ཕྲ་བ་གཉུག་མའི་སེམས་དེ་མུ་མཐུད་ནས་ཕུང་པོའི་ནང་བསྡད་པའི་རྒྱུ་མཚན་ཞིག་ཡིན་པ་བཀའ་སྩལ་ཡོད།ལྕམ་ཝེ་ལན་ཊི་ནི་ཡ་ལགས་ཀྱིས་རང་ཉིད་ཀྱི་ནང་མི་དང་གཉེན་འབྲེལ་ལ་དཀའ་ངལ་འཕྲད་སྐབས་གདོང་ལེན་ཇི་ལྟར་གནང་དགོས་སམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་འཁོར་བ་སྡུག་བསྔལ་རྒྱ་མཚོ་ཞེས་བརྗོད་པ་ལྟར་དཀའ་ངལ་འཕྲད་སྐབས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་འབྲེལ་ཏེ་རྒྱ་ཆེ་ས་ནས་དགོངས་བཞེས་གནང་གལ་ཡིན་པ་དང་། ལྷག་པར་ད་ལྟའི་ཏོག་དབྱིབས་ཀྱི་རྐྱེན་གྱིས་རང་ཉིད་ཀྱི་ནང་མིར་དཀའ་ངལ་འཕྲད་སྐབས་སྤྱོད་འཇུག་ལས་གསུངས་པ་བཞིན། གལ་ཏེ་བཅོས་སུ་ཡོད་ན་ནི། ། དེ་ལ་མི་དགར་ཅི་ཞིག་ཡོད། ། གལ་ཏེ་བཅོད་སུ་མེད་ན་ནི། ། དེ་ལ་མི་དགའ་བྱས་ཅི་ཕན།། ཞེས་པའི་དོན་ཉམས་ལེན་གནང་དགོས་པ་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་དེ་རིང་གི་བཀའ་ཆོས་དེ་ཉིན་གྲངས་གཉིས་ཀྱི་རིང་མུ་མཐུད་བསྩལ་ རྒྱུ་ཡིན་པ་དང་། བཀའ་ཆོས་དེ་སྔ་དྲོ་ཚོུད་ ༩ ཐོག་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་རྒྱ་དང་ངོ་དེབ་སོགས་བརྒྱུད་དེ་བོད་སྐད་དང་། དབྱིན་སྐད། རྒྱ་སྐད་སོགས་སྐད་རིགས་མི་འདྲ་བ་དུ་མའི་ནང་གསུང་སྒྱུར་གནང་ཡོད་པ་རེད།

འཛུགས་སྐྲུན་གྱི་གཡོ་ཇུས་འོག་བོད་ནང་དུ་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་བཞིན་པ།

ཉེ་ཆར་རྒྱ་ནག་རྒྱལ་ས་པེ་ཅིང་དུ་ཚོགས་པའི་སྐབས་ ༡༩ པའི་རྒྱ་ནག་དམར་ཤོགས་ཚོགས་པའི་ཚོགས་འདུ་ཐེངས་ ༥ པའི་ཐོག ཕྱི་ལོ་ ༢༠༢༡ ནས་ ༢༠༢༥ བར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༤ པ་དེ་གཏན་འབེབས་ཐོག་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་བསྟུན། ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༣ པ་སྟེ། ཕྱི་ལོ་ ༢༠༡༦ ནས་ ༢༠༢༠ བར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་ལག་བསྟར་ཐོག་ལ་དཔྱད་ཞིབ་གནང་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དུ། རྒྱ་ནག་གཞུང་གིས་འདས་པའི་ལོ་ལྔའི་ནང་དུ་བོད་ནང་འཛུགས་སྐྲུན་ཡར་རྒྱས་སོགས་ལ་ཁ་གཡར་ཏེ། ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་གདོང་ལེན་ཇེ་ཆེར་བཏང་བ་དང་། དབུལ་ཐར་འཁྲེགས་གཏོར། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ། བོད་མི་ཞིང་འབྲོག་མང་ཚོགས་གྲོང་ཁྱེར་ནང་དུ་གནས་སྤོར་སོགས་འཛུགས་སྐྲུན་ཡར་རྒྱས་སོགས་ལས་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དམིགས་ཡུལ་ཤུགས་ཆེ་བ་བསྒྲུབས་ཡོད་པ་མངོན་གསལ་གནང་འདུག

སུད་སི་དང་དབྱིན་ཡུལ་དོན་གཅོད་ཁོངས་ཀྱི་བོད་མི་ ༤༧༩༠ ནས་འོས་བསྡུའི་དེབ་སྐྱེལ་གནང་བ།  

ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༦ གི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་གཉིས་ཀྱི་སྔོན་འགྲོ་དང་དངོས་གཞི་འོས་བསྡུ་ཆེན་མོར་བོད་མི་ཚོ་མཉམ་ཞུགས་གནང་བར་འོས་བསྡུའི་དེབ་སྐྱེལ་གནང་རྒྱུ་ནི་རྩ་བའི་ཆ་རྐྱེན་ཞིག་ཆགས་ཀྱི་ཡོད་པ་དང་། དབུས་འོས་བསྡུའི་ལས་ཁང་གི་བཀོད་ཁྱབ་འོག་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡ ནས་ཕྱི་ཟླ་ ༡༠ ཚེས་ ༣༠ བར་ཁྱོན་ཉིན་གྲངས་ ༦༠ རིང་ལ་ས་གནས་འོས་བསྡུའི་ལས་ཁང་བརྒྱུད་ནས་བཙན་བྱོལ་བོད་མི་ཚོས་འོས་བསྡུའི་དེབ་སྐྱེལ་གནང་ཡོད་པ་རེད།འདི་ག་སུད་སི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་བོད་མི་གནས་འཁོད་རྒྱལ་ཁབ་སུད་སི་དང་ལིག་ཏེག་སེཊཡན། འཇར་མི། ཨི་ཊ་ལི། དེ་བཞིན་ཨོ་སི་ཀྲིཡ་བཅས་ནས་རིང་མིན་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ནང་ཁྱོན་བོད་མི་ ༤༤༢༥ ནས་འོས་བསྡུའི་དེབ་སྐྱེལ་གནང་འདུག འདི་ནི་དེ་སྔ་ ༢༠༡༦ ལོའི་འོས་བསྡུའི་དེབ་སྐྱེལ་གནང་བ་དང་བསྡུར་ཚེ་ཁྱོན་བོད་མི་གྲངས་ ༥༩༩ དེབ་སྐྱེལ་གནང་མཁན་མང་བ་བྱུང་འདུགསྤྱིར་སུད་སི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་སུ་དཀྱིལ་ཤར་ཡོ་རོབ་རྒྱལ་ཁབ་ཁྱོན་ ༢༡ ཆགས་ཀྱི་ཡོད་ཀྱང་། ད་ལྟའི་ཆར་བོད་རིགས་ཚོགས་པ་དང་འོས་བསྡུའི་ཚོགས་མི་ཡོད་པའི་རྒྱལ་ཁབ་སུད་སི་དང་ལིག་ཏེན་སིཊཡན། འཇར་མི། ཨི་ཊ་ལི། དེ་བཞིན་ཨོ་སི་ཀྲིཡ་བཅས་ཡོ་རོབ་རྒྱལ་ཁབ་ལྔ་ཆགས་ཡོད་པ་རེད། དེ་དག་ཁྲོད་བོད་མིའི་མི་འབོར་གྲངས་ཚད་ནི་ད་ལྟའི་ཆར་གཏན་འཁེལ་བ་ཞིག་མེད་ཀྱང་རགས་ཚོད་ལ་གཞིགས་ན་རྒྱལ་ཁབ་དེ་དག་ནང་བོད་མི་ ༡༢༠༠༠ ཙམ་ཡོད་པ་རེད།ས་གནས་འོས་བསྡུ་ལས་ཁང་ནས་གོང་གསལ་རྒྱལ་ཁབ་དེ་དག་ནང་རིང་མིན་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུར་འོས་འཕང་སའི་ས་ཚིགས་ ༣༨ གྲ་སྒྲིག་གནང་འདུག  སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ད་ལྟའི་ཆར་ས་གནས་སུ་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་དང་འོས་བསྡུའི་སྒྲིག་གཞི། དེ་བཞིན་འགྲོ་གྲོན་གནས་བབ་བཅས་ལ་གཞིགས་ཏེ་དེ་སྔ་དང་མི་འདྲ་བར་ད་ལན་གྱི་འོས་བསྡུ་གྲངས་བཤེར་གནང་ཕྱོགས་ལ་འགྱུར་བ་གནང་ཡོད་པ་གསུངས་སོང་།རླུང་འཕྲིན་ཁང་ལ་ཡོ་རོབ་རྒྱལ་ཁབ་ཁུལ་གྱི་བོད་མི་ཚོའི་འོས་བསྡུའི་དེབ་སྐྱེལ་གནང་བའི་གྲངས་ཐོ་གཞན་ཞིག་ལག་སོན་བྱུང་བར་དབྱིན་ཡུལ་གྱི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་ཆགས་ཀྱི་ཡོད། ཁྱོན་བོད་མི་ ༡༥༠༠ ལྷག་ཁ་འཐོར་དུ་གནས་ཡོད་པའི་རྒྱལ་ཁབ་དབྱིན་ཡུལ་དང་ནོར་ཝེ། ཌན་མག སུའི་ཌན། ཨར་ལེན་ཊ། པོ་ལེན་ཊ་བཅས་ནས་ཕྱི་ལོ་ ༢༠༢༡ ལོའི་འོས་བསྡུ་ཆེན་མོར་བོད་མི་ ༣༦༥ ནས་འོས་བསྡུའི་དེབ་སྐྱེལ་གནང་འདུག་པ་དང་། འདི་ནི་དེ་སྔ་ ༢༠༡༦ ལོའི་འོས་བསྡུའི་དེབ་སྐྱེལ་གནང་བ་དང་བསྡུར་ཚེ་ཁྱོན་བོད་མི་ ༦༥ དེབ་སྐྱེལ་གནང་མཁན་མང་བ་བྱུང་འདུག སྤྱིར་འོས་བསྡུའི་དེབ་སྐྱེལ་དང་འབྲེལ་ནས་བཙན་བྱོལ་བོད་མིའི་ཁྲོད་དཔྱ་དེབ་རྙིང་པའི་སྟེང་དེབ་སྐྱེལ་ཆོག་མིན་གྱི་གནད་དོན་ཐད་དབུས་འོས་བསྡུའི་ལས་ཁང་གིས་ཟླ་ ༡༠ ཚེས་ ༢༠ ཉིན་གནང་བའི་རྩ་འཛིན་བཀོད་ཁྱབ་ནང་དཔྱ་དེབ་རྙིང་པའི་སྟེང་དེབ་སྐྱེལ་མི་ཆོག་པའི་ལམ་སྟོན་གནང་བ་དང་སྦྲགས། དབུས་འོས་བསྡུའི་ལས་ཁང་ནས་ལུགས་མཐུན་གྱི་འོས་བསྡུའི་ནང་ཆ་ཤས་བཞེས་སླད་དཔྱ་དེབ་རྙིང་པ་ནས་གསར་པ་བསྒྱུར་རྒྱུ་ཁོ་ནའི་ཆེད་དུ་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ བར་དམིགས་བསལ་གོ་སྐབས་གནང་ཡོད་པ་རེད།རྩ་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་ཆེན་མོ་དེ་རིང་མིན་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༡ ཚེས་ ༣ ཉིན་གནང་རྒྱུ་ཡིན་པ་དང་དེ་བཞིན་དངོས་གཞིའི་འོས་བསྡུ་ཆེན་མོ་ནི་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༤ ཚེས་ ༡༡ ཉིན་གནང་གཏན་ཁེལ་ཡོད་པ་རེད།  

བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པ་དང་འབྲེལ་ཐེ་ཝན་གྱི་རྩ་ཁྲིམས་ལ་བསྐྱར་བཅོས་དགོས་པའི་གྲོས་འཆར་ཆེད་འདོན།

ཉེ་ཆར་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tsai Yi-Yu ལགས་དང་ Yu Tien ལགས་རྣམ་གཉིས་ཀྱིས་བོད་དང་སོག་ཡུལ་གཉིས་ཀྱི་གནད་དོན་དང་འབྲེལ་ཐེ་ཝན་གྱི་རྩ་ཁྲིམས་ཀྱི་ཆ་ཤས་ཁག་ཅིག་ལ་བསྐྱར་བཅོས་དགོས་པའི་གྲོས་འཆར་ཆེད་བཏོན་དང་སྦྲགས། དེ་སྔ་ཕྱི་ལོ་ ༡༩༥༡ སྔོན་ལ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རེད་ཅེས་མངོན་གསལ་གནང་འདུགདེ་རིང་ཕྱི་ཚེས་ ༥ ཉིན་ཐེ་ཝན་གྱི་ liberty times net གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གྲོས་ཚོགས་འཐུས་མི་རྣམ་པ་གཉིས་ནས་ཡུལ་དེའི་གྲོས་ཚོགས་སུ་ཐེ་ཝན་གྱི་རྩ་ཁྲིམས་དེ་ཕྱི་ལོ་ ༡༩༤༦ ལོར་གཏན་འབེབས་གནང་བ་ཞིག་ཡིན་པ་དང་དེའི་ནང་གི་འབྲུ་དོན་མང་དག་ཞིག་ད་ལྟའི་ཆབ་སྲིད་ཀྱི་གནས་བབ་དང་མཐུན་གྱི་མེད་སྐོར་གསུངས་པ་དང་ཆབས་ཅིག རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལོ་དེ་རང་ལ་སོག་ཡུལ་སྤྱི་མཐུན་རྒྱལ་ཁབ་ལ་གཞུང་འབྲེལ་ངོས་འཛིན་བྱས་ཡོད་པར་མ་ཟད། བོད་ལྟ་བུར་མཚོན་ན་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གིས་དྲག་པོའི་དབང་སྒྱུར་བྱས་ཏེ་བཙན་དབང་གི་ཆིངས་ཡིག་འཇོག་བཅུག་པ་ལས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ནམ་ཡང་མ་རེད་ཅེས་ནན་གསུངས་གནང་འདུག ཁོང་རྣམ་པ་གཉིས་ཀྱིས་གྲོས་ཆོད་གྲོས་འཆར་དེའི་ནང་ད་དུང་ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༡༢ ནང་ཐེ་ཝན་བོད་སོག་ལས་དོན་ལྷན་ཚོགས་དངོས་སུ་སྒོ་བརྒྱབ་ཟིན་ཀྱང་། ཐེ་ཝན་གྱི་རྩ་ཁྲིམས་ནང་ད་དུང་ཡང་གྲོས་ཚོགས་དང་འཛིན་སྐྱོང་སོགས་ཀྱི་འཐུས་མི་འོས་འདེམས་སྐབས་བོད་དང་སོག་པོའི་སྐུ་ཚབ་དགོས་སྐོར་འཁོད་ཡོད་སྟབས། སླད་མར་ཚིག་བརྗོད་དེ་རིགས་ཕྱིར་འཐེན་གནང་དགོས་པའི་ཞུ་སྐུལ་གནང་བར་མ་ཟད། གྲོས་འཆར་དེར་ཁྱོན་གྲོས་འཐུས་མི་ཞལ་གྲངས་ ༢༧ གྱིས་རྒྱབ་སྐྱོར་གནང་འདུག གྲོས་ཆོད་གྲོས་འཆར་དེའི་ནང་ཕྱི་ལོ་ ༡༩༡༡ ལོར་རྒྱ་ནག་གི་རྒྱལ་རབས་མཐའ་མ་ཆིང་རྒྱལ་རབས་མི་སེར་རྒྱལ་ཁབ་ཏུ་འགྱུར་བ་ནས་བཟུང་སོག་ཡུལ་གྱིས་རང་བཙན་གསལ་བསྒྲགས་ཡོངས་གྲགས་གནང་བ་དང་། ཕྱི་ལོ་ ༡༩༦༡ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་ཞུགས་པ་དང་སྦྲགས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ཁྲོད་ནས་གཞུང་འབྲེལ་ངོས་འཛིན་ཐོབ་ཡོད་པ་དེ་ལྟར་ཡང་། ཐེ་ཝན་གྱི་རྩ་ཁྲིམས་ནང་མུ་མཐུད་སོག་ཡུལ་མིང་འདོན་གྱིས་མི་རིགས་ཆེན་མོའི་རིང་ལུགས་ཀྱི་སྔ་མོའི་ལྟ་གྲུབ་མུ་མཐུད་མངོན་གསལ་གནང་བཞིན་པ་དེ་ཐེ་ཝན་དང་སོག་ཡུལ་གཉིས་ཀྱི་དབར་ད་ལྟའི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་གསུངས་འདུག བོད་ལ་མཚོན་ན་ཕྱི་ལོ་ ༡༩༥༡ ལོ་ནས་བཟུང་རྒྱ་ནག་དམར་པོས་རིམ་བཞིན་བཙན་འཛུལ་བྱས་པ་ལས་དེ་སྔོན་བོད་དེ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ནམ་ཡང་མིན་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་དམར་ཤོག་གཞུང་གིས་ད་ཆ་བོད་ནང་ཆེས་དྲག་ནོན་གྱི་སྲིད་བྱུས་འོག་རྒྱ་ནག་གི་མི་སེར་སྤེལ་ཡུལ་ཞིག་ཏུ་འགྱུར་བཞིན་པ་དེའང་རྒྱ་ནག་གི་མི་རིགས་ཆེན་མོའི་རིང་ལུགས་དང་རྒྱ་སྐྱེད་རིང་ལུགས་ཀྱི་འབྲས་བུ་ཞིག་ཡིན་སྐོར་བརྗོད་འདུག རྩ་བའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tsai Yi-Yu ལགས་དང་ Yu Tien ལགས་རྣམ་གཉིས་ཀྱིས་གྲོས་ཆོད་གྲོས་འཆར་དེ་ཙམ་མ་ཡིན་པར་ཉེ་སྔོན་གྲོས་ཚོགས་འཐུས་མི་ Chen Tingfei ལགས་ཀྱིས་གཙོས་པའི་འཐུས་མི་ཁག་ཅིག་གིས་ཀྱང་ཐེ་ཝན་གྱི་རྩ་ཁྲིམས་ཀྱི་ཁྱབ་ཚད་དང་ལྷག་པར་མེས་རྒྱལ་དང་གཅིག་གྱུར་གྱི་བརྗོད་ཚིག་སོགས་ཀྱི་ཐོག་བསྐྱར་བཅོས་དགོས་པའི་གྲོས་འཆར་ཆེད་བཏོན་གནང་ཡོད་པ་རེད་འདུག

གསུང་རྩོམ་ཕྱོགས་བསྡུས་ཀྱིས་བཀའ་བློན་ཁྲི་ཟུར་མཆོག་གི་འཁྲུངས་སྐར་སྲུང་བརྩི།

དེ་རིང་་ཕྱི་ལོ་༢༠༢༠ ཕྱི་ཟླ་ ༡༡ ཚེས་ ༥ ཉིན་སྔ་དྲོ་ཚོུད་ ༡༠ པའི་ཐོག་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འཚེ་མེད་ཞི་བའི་ཚོགས་ཁང་དུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གཉིས་ཀྱི་ཟུང་འབྲེལ་གྱིས་གོ་སྒྲིག་ཐོག  བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་ཁྲུངས་ཚེས་སྲུང་རྩི་དང་འབྲེལ། སློབ་དཔོན་མཆོག་གི་རྩ་ཆེའི་གསུང་བཤད་དང་གསུང་རྩོམ་གལ་ཆེ་ཁག་ཕྱོགས་བསྡུས་ཀྱི་དེབ་ཕྲེང་བརྒྱད་པ་དབུ་འབྱེད་དང་འགྲེམས་སྤེལ་གནང་སོང་།

Latest news