Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཇ་མུ་ཀཤྨིར་སྤྱི་ཁྱབ་བློན་མཆོག་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།

དེ་རིང་ཕྱི་ཟླ་ ༧ ཚེས་ ༣༠ བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཉིན་མཐའ་མའི་ཆོས་འབྲེལ་ལེགས་གྲུབ་ཀྱི་མཛད་སྟོན་ཐོག་རྒྱ་གར་བྱང་ཕྱོགས་ཇ་མུ་ཀཤྨིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་ Mehbooba Mufti མཆོག་ཆེད་བཅར་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་ཇ་མུ་ཀཤྨིར་མངའ་སྡེའི་ས་གནས་གང་སར་ཆིབས་བསྒྱུར་ཡང་ཡང་མཛད་ནས་མངའ་ཁུལ་འདིའི་ནང་དུ་ཞི་བདེ་ལྷིང་འཇགས་ཡོང་རྒྱུར་ཐུགས་སྨོན་གནང་སྐྱོང་ཡོང་བར་གསོལ་འདེབས་དང་འབོད་སྐུལ་ཤུགས་དྲག་ཞུས་སོང་། མཛད་སྟོན་དེའི་ཐོག་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་མུཧྥ་ཏི་མཆོག་གིས་ཁོང་རང་ཉིད་ད་རེས་༸གོང་ས་མཆོག་དབུ་བཞུགས་ཀྱི་མཛད་སྟོན་ཐོག་ལྷན་བཅར་ཞུས་ཐུབ་པ་འདི་ནི་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་མ་ཟད། ཇ་མུ་ཀཤྨིར་མང་ཚོགས་སྤྱི་དང་ལྷག་པར་དུ་ལ་དྭགས་ནང་དུ་༸གོང་ས་མཆོག་ལོ་ལྟར་ཆིབས་སྒྱུར་མཛད་ནས་མང་ཚོགས་ལ་ཐུགས་བརྩེའི་བྱིན་རླབས་ཡང་ཡང་བསྩལ་བ་ནི་ལ་དྭགས་མང་ཚོགས་ཚོར་ཧ་ཅང་སྐལ་པ་བཟང་པོ་ཞིག་ཡིན་པ་གསུངས་པ་དང་ཆབས་ཅིག སླད་ཕྱིན་མགོན་པོ་༸གང་ཉིད་མཆོག་སྐུ་ཁམས་གསལ་ཐང་ཐོག་ལོ་ལྟར་མངའ་ཁུལ་འདིར་ཆིབས་སྒྱུར་མཛད་དེ་ས་གནས་ཀྱི་མང་ཚོགས་ལ་ཐུགས་བརྩེའི་བྱིན་རླབས་ཡང་ཡང་ཅི་ནས་ཀྱང་བསྩལ་གནང་ཡོང་བར་གསོལ་འདེབས་ཤུགས་དྲག་དང་བཅས་ཞུས་ཡོད་པ་རེད། དེ་བཞིན་ཁོང་གིས་༸གོང་ས་མཆོག་ནས་ཆིབས་སྒྱུར་མཛད་ཡུལ་ས་ཁུལ་ཁག་གི་མང་ཚོགས་ལ་ཞི་བདེའི་ཁོར་ཡུག་ཞིག་སྐྲུན་ཡོད་པ་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་ལ་དྭགས་སུ་འདས་པའི་ལོ་ངོ་དེ་དག་ནང་ཆིབས་སྒྱུར་གྱིས་ཐུགས་རྗེ་ཆེན་པོས་བཀའ་སློབ་ཟབ་མོ་བསྩལ་བ་བཅས་ལ་བརྟེན་ནས་ལ་དྭགས་མང་ཚོགས་ཀྱི་འཚོ་བའི་ནང་དུ་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པར་ཡི་རངས་བསྔགས་བརྗོད་ཞུས་པ་མ་ཟད། ཁོང་གིས་སྣེ་ཁྲིད་པའི་གཞུང་འཛིན་གྱི་ངོས་ནས་ལ་དྭགས་འདི་མ་འོངས་པར་རྒྱ་གར་ནང་ཙམ་མིན་པར་འཛམ་གླིང་ཐོག་གི་ས་གནས་ཨང་དང་པོ་ཞིག་བཟོ་རྒྱུའི་འཆར་གཞི་ཡོད་པ་ལྟར་ལ་དྭགས་བརྒྱུད་ནས་ས་གནས་ཡུལ་མི་ཚོ་བོད་ནང་ཡོད་པའི་གངས་རིན་པོ་གནས་མཇལ་ཞུ་བར་འགྲོ་ཐུབ་རྒྱུར་རེ་བ་གནང་བཞིན་ཡོད་ཅེས་གསུངས་སོང་། སྤྱི་ཁྱབ་བློན་མཆོག་གིས་ད་དུང་ཡང་༸གོང་ས་མཆོག་གིས་ཁ་ཆེ་ཆོས་ལུགས་དེ་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་ཆེ་ཁག་གཞན་ལྟར་སྤྱི་ཚོགས་ཁྲོད་ལ་བྱམས་བརྩེ་དང་ཞི་བདེ་སྤེལ་མཁན་གཅིག་མཚུངས་ཡིན་པ་མ་ཟད། ཁྱད་པར་དུ་འཛམ་གླིང་ཐོག་གི་མང་ཚོགས་ལ་ཁ་ཆེའི་ཆོས་ལུགས་འཛིན་མཁན་དང་། ཁ་ཆེ་དྲག་སྤྱོད་པ་ཞེས་པ་གཉིས་མཉམ་བསྲེས་བྱེད་རྒྱུ་མེད་པར་བཀའ་ནན་བསྩལ་བཅས་ལ་བརྟེན་ནས་ཁོང་རང་ཉིད་ལ་སེམས་སྐུལ་ཤུགས་ཆེ་ཐེབས་སོང་ཞེས་གསུངས་པ་དང་འབྲེལ། སླད་མར་༸གོང་ས་མ ཆོག་ནས་ཇ་མུ་ཀཤྨིར་མངའ་སྡེའི་ས་ཁུལ་གང་སར་ཆིབས་བསྒྱུར་ཡང་ཡང་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུས་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་ཇ་མུ་ཀཤྨིར་མངའ་སྡེ་འདིའི་ནང་ལོ་བཅུ་ཕྲག་ཁ་ཤས་རིང་དཀའ་ངལ་ཕྲན་བུ་འཕྲད་བཞིན་ཡོད་པ་དང་། དཀའ་ངལ་དེ་ནི་གཙོ་བོ་མིས་བཟོས་པ་ཞིག་ཡིན་པས་མི་རང་ཉིད་ནས་སེལ་དགོས་པ་དང་། དེ་ཡང་གཙོ་བོ་འགྲོ་བ་མི་ཕན་ཚུན་དབར་ལ་གཅིག་འགྱུར་གྱི་འདུ་ཤེས་འཛིན་ཐོག་གུ་ཡངས་ཀྱི་བསམ་བློ་གཏོང་ནས་སེལ་དགོས་པའི་ལན་སྟོན་མཛད་ཡོད་པ་རེད། མཐར་༸གོང་ས་མཆོག་གིས་༸གང་ཉིད་མཆོག་སྐུ་གཟུགས་གསལ་ཐང་བྱུང་ཚེ་ལོ་རྗེས་མ་སླར་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་ཞེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་པ་རེད། གཞན་ཡང་མགོན་པོ་མཆོག་ལ་ལ་དྭགས་ཁུལ་དུ་ཆིབས་སྒྱུར་གསོལ་འདེབས་དང་གོ་སྒྲིག་ཞུ་མཁན་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་ཀྱིས་སེམས་ཚོར་ཆེན་པོ་དང་སྦྲགས་ཏེ་༸གོང་ས་མཆོག་ལོ་ལྟར་ལ་དྭགས་སུ་ཆིབས་བསྒྱུར་བཀྲིན་བསྐྱངས་ནས་མང་ཚོགས་ལ་བཀའ་ཆོས་བཀྲིན་བསྐྱངས་པར་ཐུགས་རྗེ་བླ་མེད་དུ་ཆེ་ཆེ་ཞུས་པ་དང་ཆབས་ཅིག་ཏུ་༸གང་ཉིད་མཆོག་ནས་བཀའ་སློབ་ཕེབས་དོན་བཞིན་ང་ཚོའི་ངོས་ནས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་དམ་བཅའ་ཕུལ་སོང་། རྩ་བའི་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་སྤྱོད་འཇུག་ཆེན་མོའི་ལེའུ་དྲུག་པ་བཟོད་པའི་ལེའུ་བར་བཀའ་ཁྲིད་དང་། མགོན་པོ་༸གང་ཉིད་མཆོག་གིས་སེར་སྐྱ་མང་ཚོགས་རྣམས་ལ་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་ཚེ་དབང་དང་། སྟོན་པའི་མཚན་སྔགས། མ་ཎི་ཡིག་དྲུག སྒྲོལ་མ། རྟ་འགྲིན་གཟུངས་སྔགས་བཅས་ཀྱི་ལྗགས་ལུང་བསྩལ་ནས་ཐེངས་འདིའི་ལ་དྭགས་ཁུལ་གྱི་ཆོས་འབྲེལ་ལེགས་གྲུབ་མཛད་ཡོད་པ་རེད། ལ་དྭགས་གླེ་གཙོ་བོར་འགྱུར་པའི་མདའ་ཧ་ནུ་དང་ཤམ། ཟངས་དཀར། ནུབ་ར། བྱང་ཐང་སོགས་ཀྱི་ས་ཁུལ་སོ་སོའི་མི་རིགས་ཀྱི་སྐུ་ཚབ་མི་སྣ་ཁག་ནས་རང་རེའི་ཡུལ་ལུང་ཐོན་ཛས་ཀྱི་ཕུད་མགོན་པོ་མཆོག་ཕུལ་བཞིན་བཀྲིས་པའི་གླུ་དབྱངས་དང་བཅས་ལ་དྭགས་མང་ཚོགས་ཀྱིས་མཆོད་ཛས་སྣ་ཚོགས་འདེགས་འབུལ་ཞུས་ཐོག་༸གོང་ས་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

༸གོང་ས་མཆོག་གིས་བླ་མ་མཚན་ཉིད་ཚང་བ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཚེས་ ༢༩ ཉིན་སྔ་དྲོ་ལ་དྭགས་ཞི་བའི་ཚལ་གསུང་ཆོས་ར་བར་ཕྱི་ནང་གི་ཆོས་ཞུ་བ་ཚོ ར་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་མཛད་པ་དང་འབྲེལ། བླ་མ་མཚན་ཉིད་ཚང་བ་ཞིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་སྩལ་སོང། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་སྤྱོད་འཇུག་ཆེན་མོའི་ལེའུ་ལྔ་པ་ཤེས་བཞིན་བསྟན་པའི་སྐོར་བཀའ་འགྲེལ་སྩལ་བ་དང་སྦྲགས་ཏེ། ངོས་ནས་དུས་རྟགད་ཏུ་དགེ་བཙུན་ཚོར་རབ་བྱུང་ངུར་སྨྲིག་གི་ཆོས་གོས་གོན་རྒྱུ་དེ་ནི་རང་ཉིད་ཀྱི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་པ་དྲན་གསོ་གཏོང་རྒྱུའི་ཆེད་ཡིན་པ་དང། གལ་ཏེ་ལུས་ལ་རབ་བྱུང་ངུར་སྨྲིག་གི་ཆོས་གོས་གོན་ནས་སེམས་ལ་འཇིག་རྟེན་ཕལ་པ་ལྟར་ཕྱིན་པ་ཡིན་ན། སྐྱག་རྫུན་བཤད་མཁན་ལྟ་བུ་ཆགས་པ་རེད། དེས་ན་རབ་ཏུ་བྱུང་ཟིན་རྗེས་རང་ཉིད་ཁྱིམ་ནས་ཁྱིམ་མེད་པར་རབ་བྱུང་བ་ཞིག་ཡིན་པའི་འདུ་ཤེས་འཛིན་ནས་དགེ་ཚུལ་སློང་གི་སྡོམ་པ་གང་ཡོད་ཚུལ་བཞིན་སྲུང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་བླ་མ་ཡང་དག་པ་གང་འདྲ་ཞིག་དགོས་མིན་སྐོར་ལམ་སྟོན་སྩལ་སྐབས་དེ་སྔ་བོད་གངས་ཅན་ལྗོངས་ལ་ལོ་ངོ་བརྒྱ་ཕྲག་རིང་སྤྲུལ་སྐུ་རེད་ཅེས་བླ་བྲང་ཡོད་པ་དང། བླ་བྲང་དེ་ཡང་རྫིག་པོ་ཡོད་བསྡན་པ་ལས་དོན་དངོས་ཐོག་དགོས་པའི་ལུང་རྟོགས་ཀྱི་ཡོན་ཏོན་མེད་པ་རེད། དེ་དག་ནི་སྤྲུལ་སྐུ་ཆགས་ཀྱང་བླ་མའི་མཚན་ཉིད་ཚང་གི་མེད་སྟབས། བླ་མ་མཚན་ཉིད་ཚང་བ་ཞིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་ནན་བསྩལ་སོང། ༸གོང་ས་མཆོག་གིས་ད་དུང་ཡང་དད་ལྡན་ཆོས་ཞུ་བ་ཚོར་དེ་སྔ་རྒྱ་ནག་ནང་དུ་བོད་ནས་ཡོང་བའི་བླ་མའི་མིང་འཁྱེར་ནས་ནང་པའི་དད་ལྡན་ཚོར་མགོ་སྐོར་བཏང་བའི་གནས་ཚུལ་བྱུང་བ་ལུང་འདྲེན་དང་འབྲེལ། ནང་པའི་དད་ལྡན་ཚོའི་ངོས་ནས་བླ་མའི་དྲུང་ནས་ཆོས་མ་ཞུ་བའི་སྔ་རོལ་དུ་རྨོངས་དད་ཙམ་མིན་པར་བླ་མ་དེར་བླ་མའི་མཚན་ཉིད་ཚང་ཡོད་མེད་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་ལམ་སྟོན་མཛད་ཡོད་པ་རེད། ལྷག་དོན་ནང་པའི་ཆོས་ལ་སློབ་གཉེར་གནང་ཚེ་ངེས་པར་དུ་ཐོས་བསམ་སྒོམ་གསུམ་རིམ་བཞིམ་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང། ཁྱད་པར་དུ་བོད་གངས་ཅན་ལྗོངས་སུ་ཡོད་པའི་ཆོས་བརྒྱུད་ཁག་འཛིན་མཁན་ཚོར་རང་ཆོས་བརྒྱུད་ཀྱི་གཞུང་གཅིག་པོ་མིན་པར་ས་དགེ་བཀའ་རྙིང་རིས་མེད་ཀྱི་གཞུང་ཆེན་དག་ལ་སློབ་གཉེར་གནང་དགོས་ཞེས་བཀའ་ཡང་བསྩལ་ཡོད་པ་རེད། རྩ་བའི་དེ་རིང་གི་ཆོས་འབྲེལ་ཐོག་མགོན་པོ་མཆོག་གིས་ཆོས་ཞུ་བ་ཚོར་སྤྱོད་འཇུག་ཆེན་མོའི་ལེའུ་ལྔ་པ་ཤེས་བཞིན་བསྟན་པ་དང། དེ་ནས་ལེའུ་དྲུག་པ་བག་ཡོད་བསྟན་པའི་ལེའུ་ཕྱེད་ཀའི་བར་བཀའ་ཁྲིད་གནང་ཡོད་པ་རེད། མཛད་འཆར་ལྟར་ན་སང་ཚེས་ ༣༠ ཉིན་ཆོས་འབྲེལ་ཉིན་མཐའ་མའི་ཐོག་ཆོས་ཞུ་བ་ཚོར་ཚེ་དབང་བཀྲིན་བསྩལ་རྒྱུ་ཡིན་པ་རེད།

རྒྱ་གཞུང་གི་མི་སྣས་ཚོུད་གཉིས་རིང་འབོད་སྐུལ་ཞུས་ཀྱང་བྷོ་ཙ་ཝ་ན་སྲིད་འཛིན་གྱིས་༸གོང་ས་མཆོག་གི་ཆིབས་སྒྱུར་དང་འབྲེལ་བའི་ཐོག་ལ་འགྱུར་བ་མེད་པ་གསུངས་འདུག

རྒྱ་ནག་གཞུང་ཚབ་མི་སྣས་ཆུ་ཚོད་གཉིས་རིང་ཁུལ་དེར་༸གོང་ས་མཆོག་གི་ཆིབས་བསྒྱུར་བསྐྱང་རྒྱུ་ཐོག་བཀའ་སྡོམ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་བྷོ་ཙ་ཝ་ནའི་སྲིད་འཛིན་སྐུ་ཞབས་ Ian Kaham མཆོག་ནས་༸གོང་ས་མཆོག་གི་ཆིབས་སྒྱུར་དང་འབྲེལ་བའི་བཞེངས་ཕྱོགས་ལ་འགྱུར་བ་མེད་པ་གསུངས་འདུག དེ་ཡང་ཉེ་ཆར་ཟླ་ ༧ ཚེས་ ༢༥ ཉིན་བྷོ་ཙ་ཝ་ན་ཕྱི་སྲིད་བློན་ཆེན་ལྕམ་ Pelonomi VensonMoitoi མཆོག་གིས་ཡུལ་དེའི་གྲོས་ཚོགས་སུ་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་བའི་དྲི་བར་ལན་འདེབས་གནང་སྐབས་མགོན་པོ་མཆོག་གི་ཆིབས་སྒྱུར་དང་འབྲེལ་བའི་ཐོག་ཉེ་ཆར་བྷོ་ཙ་ཝ་ན་རྒྱལ་ས་ Gaborone ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མི་སྣས་སྲིད་འཛིན་ཁ་མཱ་མཆོག་གི་ལྷན་དུ་ཆུ་ཚོད་གཉིས་རིང་ཐུག་འཕྲད་བྱེད་དེ་༸གོང་ས་མཆོག་ཡུལ་དེར་ཆིབས་བསྒྱུར་གནང་བཅུག་རྒྱུ་མེད་པར་ཞུ་འབོད་བྱས་ཡོད་ཀྱང་སྲིད་འཛིན་མཆོག་གིས་དེར་དང་ལེན་མ་གནང་ཁར་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་པར་ལྟོས་མེད་ཀྱིས་འགྱུར་ལྡོག་གང་ཡང་མེད་པ་གསུངས་ཡོད་པ་རེད། རྒྱ་གཞུང་གིས་༸གོང་ས་མཆོག་གི་ཆིབས་སྒྱུར་དང་འབྲེལ་བའི་ཐོག་བྷོ་ཙ་ཝ་ན་གཞུང་གི་བཞེངས་ཕྱོགས་ལ་འགྱུར་ལྡོག་ཡོང་ཐབས་སུ་ཆེད་དམིགས་ཀྱིས་ཉེ་ཆར་ཡུལ་དེའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ལ་དཔལ་འབྱོར་གྱི་མཐུན་འགྱུར་སྦྱོར་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག སྐབས་དེར་གྲོས་ཚོགས་འཐུས་མི་ Dithapelo Keorapetse ལགས་ཀྱིས་དྲི་བར་ལན་འདེབས་སྐྱོན་པའི་ནང་དུ་བློན་ཆེན་མཆོག་གིས་ང་ཚོའི་གཞུང་ཕྱོགས་ནས་རྒྱ་གཞུང་མི་སྣའི་ལྷན་དུ་ཐུག་འཕྲད་བྱས་ཡོད་པ་དང། སྐབས་དེར་ཁོ་ཚོས་༸གོང་ས་མཆོག་གི་ཆིབས་སྒྱུར་གྱི་གནད་དོན་ལ་དགག་བྱ་དང་འདོད་བློ་མེད་པ་འགྲེལ་བརྗོད་བྱས་ཡོད་ཀྱང་། ང་ཚོའི་ངོས་ནས་༸གོང་ས་མཆོག་ནི་ཞི་བདེའི་དེད་དཔོན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་མ་ཟད། Interpol འམ་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་བརྒྱུད་ནས་རྟོག་ཞིབ་མཐིལ་ཕྱིན་ཞུས་རྗེས་༸གོང་ས་མཆོག་ནི་ཉེན་ཚབས་ཡོད་པའི་མི་སྣ་ཞིག་མིན་པ་ར་སྤྲོད་བྱུང་སོང་། ང་ཚོས་ཕྱི་མི་ཞིབ་བཤེར་ཁྲིམས་སྒྲིག་ལྟར་རྒྱལ་ཁབ་ལ་ཉེན་ཁ་མེད་པའི་མི་སུ་འདྲ་ཞིག་ཡིན་རུང་སྣ་ཡུལ་འདིའི་ནང་ཕེབས་ཆོག་གི་ཡོད་སྟབས། Botswana རྒྱལ་ཁབ་འདི་ཡུལ་འདིའི་འབངས་མི་སེར་རྣམས་ཀྱི་ཡིན་སྟབས། ང་ཚོས་ཁེ་ཕན་ཕྲན་བུ་ཞིག་ལ་ལྟོས་མེད་ཀྱིས་༸གོང་ས་མཆོག་གི་ཆིབས་སྒྱུར་གནད་དོན་དང་འབྲེལ་ཐད་ཕྱིའི་རྒྱལ་ཁབ་གཞན་ཞིག་ནས་ཐག་གཅོད་བྱེད་རྒྱུར་ཆོག་མཆན་སྤྲད་རྒྱུ་མིན་ཞེས་གསུངས་འདུག ཡུལ་དེའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བའི་གནད་དོན་ནི་རྒྱལ་ཁབ་དེའི་ནང་གནད་ཡིན་པས་རྒྱལ་སྤྱིའི་ངོས་ནས་ཐད་བྱུས་བྱ་རྒྱུ་མེད་པར་དགོས་འདུན་སྟོན་པ་ལྟར་རྒྱ་ནག་གཞུང་ཕྱོགས་ནས་ཀྱང་བྷོ་ཙ་ཝ་ན་གཞུང་གིས་རང་ཐག་རང་གཅོད་གནང་པ་དེར་གུས་བརྩི་དང་ཐད་བྱུས་མི་གནང་པར་རེ་བ་གནང་བཞིན་ཡོད་ཅེས་ནན་བརྗོད་གནང་འདུག ༸གོང་ས་མཆོག་གི་ཆིབས་སྒྱུར་གྱི་གནད་དོན་དང་འབྲེལ་རྒྱ་ནག་གི་དཔོན་རིགས་ཆེ་གྲས་ཁག་ཅིག་གིས་གལ་སྲིད་བྷོ་ཙ་ཝ་ན་གཞུང་གི་ངོས་ནས་༸གོང་ས་མཆོག་གི་ཆིབས་སྒྱུར་ལ་དང་ལེན་ཞུ་ཚེ་ གནད་དོན་འདིའི་རྐྱེན་པས་རྒྱ་ནག་དང་བྷོ་ཙ་ཝ་ན་རྒྱལ་ཁབ་ཕྱོགས་གཉིས་པོའི་དབར་འབྲེལ་བ་དམ་ཟབ་ཡོད་པ་དེར་འགྱུར་བ་འགྲོ་ངེས་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། གཞི་རྩའི་ཕྱི་ཟླ་ ༨ ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་ ༣ རིང་ཡུལ་དེའི་རྒྱལ་ས་ Gaborone ནང་དུ་ ལུས་སེམས་སྲོག་གི་ལྷན་ཚོགས་ཤིག་ཚོགས་གཏན་འཁེལ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་རྒྱུ་དང་། དབང་རྩའི་རིག་པའི་ཚན་རིག་པ་རྣམ་པའི་དབར་ Botho/Ubuntu ཞེས་པའི་ཨ་ཕི་རི་ཀའི་གདོད་མའི་མི་རིགས་རྣམས་ཀྱི་ཁྲོད་གནའ་སྔ་མོ་ནས་ཡོད་པའི་བསམ་བློའི་རིག་གཞུང་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་དང་། ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྲིད་འཛིན་ Ian Khama མཆོག་གིས་དབུ་འབྱེད་གསུང་བཤད་ཀྱང་གནང་རྒྱུ་ཡིན་པ་འཁོད་འདུག  

ལ་དྭགས་པ་ཚོས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་དགོས་ན་བྱམས་བརྩེའི་ཐོག་དོ་སྣང་གནང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་དེ་རིང་ཕྱི་ཚེས་ ༢༨ སྔ་དྲོ་ལ་དྭགས་ཞི་བའི་ཚལ་གསུང་ཆོས་ར་བའི་ནང་དུ་ལ་དྭགས་གླེ་དང་ནུབ་ར། དེ་བཞིན་ཟངས་དཀར་སོགས་ཀྱི་སེར་སྐྱ་མང་ཚོགས་གཙོ་བོར་གྱུར་བའི་གཞན་ཡང་ཨ་རི་དང་ཡོ་རོབ་སོགས་ནས་བཅར་བའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ཁ་ཤས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལེའུ་བཞི་པ་ནས་བཀའ་ཆོས་དབུ་འཛུགས་མཛད་སོང་བ་དང་ཆབས་ཅིག ༸གང་ཉིད་མཆོག་གིས་ཆོས་ངོ་ཐོག་ལག་ལེན་དུ་བསྐྱལ་ཐུབ་ཚེ་ཕན་ཐོགས་ཡོང་ངེས་ཡིན་པའི་ལམ་སྟོན་རྒྱ་ཆེ་བསྩལ་སོང་། སྔོན་འགྲོ་ནང་ཆོས་ངོ་སྤྲོད་བསྩལ་སྐབས་༸གང་ཉིད་མཆོག་གིས། འཛམ་གླིང་འདིའི་ནང་ཡོད་པའི་མི་དུང་ཕྱུར་བདུན་བཅུ་ཁོངས་ཆོས་ཁས་ལེན་མཁན་ཁག་ཅིག་དང་ཆོས་ལ་སྐྱོན་བརྗོད་བྱེད་མཁན་ཁག་ཅིག དེ་ནས་ཆོས་ལ་བཏང་སྙོམ་དུ་ལྟ་མཁན་བཅས་དུམ་བུ་གསུམ་ལ་དབྱེ་གནང་བ་དང་སྦྲགས། དེའི་ཁྲོད་ནས་ཆོས་ལ་བཏང་སྙོམ་དུ་ལྟ་མཁན་རྣམས་པ་ཕུད་གཞན་ཆོས་ཁས་ལེན་ལག་ལེན་དུ་བསྐྱལ་མཁན་དང་ཆོས་ལ་སྐྱོན་བརྗོད་བྱེད་མཁན་གཉིས་ལས་སེམས་པ་སུ་སྐྱིད་པ་ཡོད་མེད་བསྡུར་ན་ཆོས་ཁས་ལེན་བྱེད་མཁན་ཚོ་ཏན་ཏན་སེམས་སྐྱིད་པ་ཡོད་རེད་ཅེས་དང། ད་དུང་མགོན་པོ་མཆོག་གིས་འཛམ་གླིང་འདིའི་ནང་གི་དཀའ་ངལ་དང་བསྡུལ་མང་ཆེ་བ་མིས་བཟོས་བཞག་པ་ཞིག་དང་དེ་ཡང་ནང་སེམས་བརྒྱུད་མ་འདུལ་བའི་དབང་གིས་ཡོང་གི་ཡོད་སྟབས། ཆོས་ཁས་མི་ལེན་མཁན་ཞིག་ཀྱང་ཡིན་རུང་མི་ཡ་རབས་དང་དྲང་པོ་དྲང་བཞག གཞན་ལ་ཕན་གྲོགས་སྒྲུབ་རྒྱུའི་བསམ་བློ་ཡོད་མཁན་ཞིག་ཡོད་ནའང་འཛམ་གླིང་འདིའི་ནང་གི་བསྡུལ་ཏན་ཏན་ཉུང་དུ་འགྲོ་རྒྱུ་ཡིན། དཔལ་འབྱོར་དང་ཤེས་ཡོན་ཡར་རྒྱས། དེ་བཞིན་གོ་མཚོན་སོགས་ག་ཚད་ཡར་རྒྱས་སོང་ཡང་དཀའ་ངལ་དེ་དག་ནམ་ཡང་སེལ་ཐུབ་རྒྱུ་མེད་སྐོར་བཀའ་གནང་ཡོད། ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདེ་སྐྱིད་ཀྱི་རྩ་བ་བྱམས་བརྩེའི་ཕན་ཡོན་སྐོར་དང་འབྲེལ། ཇི་ཙམ་གྱི་རང་བརྒྱུད་ལ་བྱམས་བརྩེ་ཡོད་པ་དེ་ཚོད་ཀྱིས་མི་དེ་སེམས་སྐྱིད་པ་དང་ཚེ་རིང་བ། ཁྱིམ་ཚང་དང་སྤྱི་ཚོགས་འཆམ་མཐུན་ཡོང་རྒྱུ་ཡིན་ཞིང་། ཆོས་ཟེར་བ་ནི་གཙོ་བོ་འགྲོ་བ་མིའི་བརྒྱུད་ལ་བྱམས་བརྩེ་སྤེལ་ཡག་ཅིག་དང། དེས་བརྒྱུད་ནས་རང་བརྒྱུད་ཀྱི་ཁོང་ཁྲོ་དང་ང་རྒྱལ་སོགས་ཆུང་དུ་གཏོང་བྱེད་ཅིག་ཀྱང་ཆགས་ཀྱི་ཡོད་པར་བརྟེན། ང་ཚོས་ཆོས་ངོ་ཐོག་ལ་ལག་ལེན་བསྐྱལ་ནས་ཕྱིན་ཚེ་དུས་རབས་ཉེར་གཅིག་པ་འདིའི་ནང་དངོས་གནས་ཕན་ཐོགས་ཡོང་ཡག་ཡོད། འདི་ག་ལ་དགས་ས་གནས་སུ་ཕྱིའི་དངོས་ཡར་རྒྱས་འཛུགས་སྐྲུན་ཧ་ཅང་ཆེན་པོ་འགྲོ་བཞིན་པའི་དུས་སྐབས་འདིར། བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་དགོས་ན་ལ་དྭགས་པ་ཚོས་བྱམས་བརྩེའི་ཐོག་དོ་སྣང་བྱ་དགོས་ཞེས་སོགས་འདུས་མང་ཡོངས་ལ་ལམ་སྟོན་རྒྱ་ཆེ་བསྩལ་སོང་། རྩ་བའི་མགོན་པོ་མཆོག་གིས་སྤྱོད་འཇུག་ཆེན་མོའི་གཞུང་དེ་སྔ་ལོ་ནས་དབུ་འཛུགས་མཛད་ཡོད་པ་ལྟར། དེ་རིང་༸གང་ཉིད་མཆོག་ནས་ལེའུ་བཞི་པ་སྟེ་བག་ཡོད་ནས་གཞུང་འཕྲོ་སྐྱོང་མཛད་སོང་བ་དང་གནངས་ཚེས་༣༠བར་བཀའ་ཆོས་བཀའ་དྲིན་བསྐྱངས་གནང་གི་ཡོད་པ་རེད།།  

༸གོང་ས་མཆོག་གིས་ཆོས་ལུགས་ཀྱི་མིང་ཐོག་ནས་རྩོད་རྙོག་ཞེས་པ་དེ་ནི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་རེད་ཅེས་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཚེས་ ༢༧ ཉིན་སྔ་དྲོ་ལ་དྭགས་ཅོག་ལམ་སར་རྟེན་གཞི་བྱས་པའི་མཚན་ཉིད་སློབ་གཉེར་ལྟེ་གནས་ཁང་དུ་ཚོགས་པའི་ཆོས་ལུགས་མཐུན་སྒྲིལ་དང་འཛམ་གླིང་ཞི་བདེའི་རྨང་གདན་ཞེས་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་པ་དང་འབྲེལ། འཛམ་གླིང་ཁྲོད་དཔལ་འབྱོར་དང་དབང་ཆ་འཐབ་རྩོད་ལས་བྱུང་བཞིན་པའི་དཀའ་ངལ་དེ་དག་ནི་བསམ་ཤེས་བྱེད་འོས་པ་ཞིག་ཡིན་ཀྱང་། ཆོས་ལུགས་ཀྱི་མིང་ཐོག་ནས་རྩོད་རྙོག་ཞེས་པ་དེ་ནི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་རེད་ཅེས་བཀའ་སྩལ་སོང་། ད་རེས་ལ་དྭགས་སུ་མཚན་ཉིན་སློབ་གཉེར་ཁང་དུ་བསྐོང་ཚོགས་གནང་པའི་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་འདི་ནི། ལ་དྭགས་ནང་པ་ཚོགས་པའི་ས་གནས་གླེ་གཞོན་ནུ་དང། ས་གནས་ཀྱི་ཤ་ཡའི་དང་སུ་ནིའི་ཁ་ཆེའི་ཆོས་བརྒྱུད་ཀྱི་གཞོན་ནུའི་ཚོགས་པ་ཟུང་འབྲེལ་གྱིས་དེ་སྔ་ལ་དྭགས་ཀྱི་དབུ་ཁྲིད་སྦ་སྐུ་ལ་རིན་པོ་ཆེའི་དམ་པ་དེ་ཉིད་ནས་ས་གནས་སུ་ཆོས་ལུགས་དང་སྤྱི་ཚོགས་འཆམ་མཐུན་ཐོག་གནང་པའི་མཛད་རྗེས་ལ་རྗེས་དྲན་ཞུ་སླད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་ཕུལ་བ་ཞིག་ཆགས་ཀྱི་འདུག སྔ་དྲོ་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཐོག་འདུ་འཛོམས་བྱུང་བའི་ལ་དྭགས་ཁུལ་གྱི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་དང། སྤྱི་ཚོགས་ནང་ལས་རིགས་འདྲ་མིན་གཉེར་མཁན། དེ་བཞིན་མཐོ་སློབ་ཁག་གི་སློབ་མ་གཙོ་བོར་འགྱུར་བའི་མང་ཚོགས་སྟོང་ཕྲག་བརྒལ་བར་ ༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་བཀའ་སློབ་བཀྲིན་སྩལ་སྐབས་དེང་གི་འཛམ་གླིང་ནང་མི་བསད་ཁྲག་སྦྱོར་གྱི་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་དང། ཐབས་སྡུག་པ་ཞིག་ལ་ཁ་ཆེ་དང་ཡི་ཤུ། དེ་བཞིན་ནང་པ་བཅས་ཆོས་ལུགས་ཀྱི་མིང་ཐོག་ནས་དཀའ་ངལ་དུ་མ་བཟོ་བཞིན་ཡོད་པ་དེ་དག་ནི་ཆེས་ཐབས་སྡུག་ཡིན་པ་དང་། ལྷག་པར་དུ་འཛམ་གླིང་ཁྲོད་དཔལ་འབྱོར་དང་དབང་ཆ་འཐབ་རྩོད་ལས་བྱུང་བཞིན་པའི་དཀའ་ངལ་དེ་དག་ནི་བསམ་ཤེས་བྱེད་འོས་པ་ཞིག་ཡིན་ཀྱང་། ཆོས་ལུགས་ཀྱི་མིང་ཐོག་ནས་རྩོད་རྙོག་ཞེས་པ་དེ་ནི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་རེད་ཅེས་བཀའ་སྩལ་སོང་བ་དང་འབྲེལ། ད་ལྟ་ང་ཚོ་དུས་རབས་ ༢༡ པའི་ནང་སླེབས་ཡོད་པས་ལྟ་བ་རྙིང་པ་དང་བསམ་བློ་གུ་དོག་པ་དང་ཕུགས་རྒྱང་ཐུང་ཐུང་བསམ་བློ་འཁྱེར་ཕྱོགས་དེ་ཚོ་དུས་ཚོད་ཡོལ་ཟིན་སྟབས། ཚང་མས་འགྲོ་བ་མིའི་ཁྱོན་ཡོངས་ཀྱི་བདེ་དོན་ཐོག་བསམ་བློ་ཐོངས་ཤིག་ཞེས་བཀའ་བསྩལ་སོང། དེ་བཞིན་མགོན་པོ་མཆོག་གིས་འགྲོ་བ་མི་ཚང་མས་བྱམས་པ་དང་བརྩེ་བ་ལ་མི་དགའ་མཁན་མེད་པ་དང། དེ་བཞིན་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་ཚང་མས་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་ལ་བྱམས་བརྩེ་དང་ཞི་བདེ། དེ་བཞིན་བཟོད་བསྲན་སྤེལ་རྒྱུར་དམིགས་ཡུལ་གཅིག་མཚུངས་ཡིན་སྐོར་སོགས་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་སྩལ་ཡོད་པ་རེད། དེ་རིང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་མཚན་ཉིད་སློབ་གཉེར་ལྟེ་གནས་ཁང་དུ་ཚོགས་པའི་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་གྲུབ་རྗེས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་མཆོག་གིས་ཅོག་ལམ་སར་ནས་སྤྱི་ལེ་ ༣ སར་ཆགས་པའི་རྒྱ་གར་ཧིན་དུའི་གནས་ཆེན་ Sindh River གཙང་པོའི་གླིང་ཁར་ཆིབས་བསྒྱུར་མཛད་སོང་བ་དང། ཁུལ་དེར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་གཞུང་འབྲེལ་གྱི་གསོལ་སྟོན་འདེགས་འབུལ་ཞུས་ཡོད་པ་དང་། ༸གོང་ས་མཆོག་གིས་ཀྱང་ལ་དྭགས་ས་སྟོང་ས་ཁུལ་དུ་ཤིང་ནགས་འདེབས་འཛུགས་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་ཡོད་པ་རེད།

ཧེནྶ་རཱཛ་མཐོ་སློབ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མཐོ་སློབ་གྲགས་ཆེན་ Hansraj སློབ་གཉེར་ཁང་ལོ་ངོ་ ༧༠ འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་ནས་མཐོ་སློབ་དེའི་སློབ་ཟུར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བདག་ཉིད་ཆེན་པོ་ Hansraj ཡི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་འདུག ཁ་སང་ཚེས་ ༢༦ ཉིན་ཚོགས་པའི་མཛད་སྒོ་དེའི་ཐོག་ལྟེ་གནས་ཁང་དེའི་སློབ་སྤྱི་དབུས་པའི་དགེ་ལས་སློབ་གཉེར་བ་དང་། ཁྱད་པར་དུ་མཐོ་སློབ་དེ་གའི་སློབ་ཟུར་ཡིན་པ་ད་ལྟ་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་སོགས་སྐུ་མགྲོན་གཙོ་བོར་གདན་ཞུ་ཕུལ་འདུག སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་དེ་སྔ་དཔལ་འབྱོར་གནས་སྟངས་སྐྱོ་བོ་ཞིག་འོག་ནས་ཐོག་མར་མཐོ་སློབ་དེའི་ནང་དུ་སློབ་ཞུགས་བྱུང་སྟངས་དང། བར་དུ་བོད་དོན་ལས་འགུལ་མང་པོའི་ནང་མཉམ་ཞུགས་གནང་རྐྱེན་མཐར་ཡིག་རྒྱུགས་ནང་ཞུགས་ཆོག་མིན་སོགས་ཀྱི་དཀའ་ངལ་མང་དག་འཕྲད་ཡོད་ནའང། མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་བཀྲིན་ཅན་ཚོས་དགོངས་པ་ཆེ་བཞེས་གནང་ཐོག་མཐར་ཁོང་སློབ་མཐར་སོན་ཐུབ་པ་བྱུང་ཡོད་པའི་བརྒྱུད་རིམ་སོགས་ངོ་སྤྲོད་གནང་པ་དང་སྦྲགས། ཁྱད་པར་དུ་Hansraj སློབ་གཉེར་ཁང་དེ་ནས་ཁོང་ལ་བོད་དོན་ཆེད་དོ་དབྱིངས་དང་རང་དབང་ཆ་ཚང་གནང་ཡོད་སྟབས། ལྟེ་གནས་ཁང་འདི་བཞིན་ཧ་ཅང་གི་བཀྲིན་ཆེན་པོ་ཞིག་ཡིན་པ་དང་། དེ་དེ་བཞིན་དེ་རིང་གི་གཟེངས་རྟགས་འདི་ནི་ Hansraj མཐོ་སློབ་ཀྱི་ཆེ་བསྟོད་ཀྱི་ངོས་འཛིན་ཞིག་དང་། རྒྱ་ཆེ་ས་ནས་རྒྱ་གར་ནི་བཀའ་དྲིན་ཅན་ཞིག་ཡིན་པ་མཚོན་གྱི་ཡོད་པ་དེ་ལྟར་ཡང་། ད་བར་རྒྱ་གར་མ་གཏོགས་རྒྱལ་ཁབ་གཞན་སུ་གཅིག་གིས་༸གོང་ས་མཆོག་དང་བོད་དང་བོད་མིར་དེ་ལྟར་རྒྱབ་སྐྱོར་གནང་མཁན་བྱུང་མེད་པ་རེད་ཅེས་གསུངས་འདུག ཁྱད་པར་དུ་སྲིད་སྐྱོང་མཆོག་གིས་མཛད་སྒོའི་སྐུ་མགྲོན་དུ་ཕེབས་ཡོད་པ་དབུས་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་གིས་དབུས་པའི་དགེ་ལས་ཀུན་ལ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་མང་ཆེ་བ་ནི་རྒྱ་གར་ནང་དུ་འཚར་ལོངས་བྱེད་ནས་སློབ་སྦྱོང་གི་གོ་སྐབས་ཐོབ་མཁན་ཤ་སྟག་ཡིན་པ་མ་ཟད། ང་ཚོས་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷཱི་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་དང་མང་གཙོའི་འགྲོ་ལུགས་ལག་བསྟར་ཞུས་ནས་རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་གིས་ Make in India འམ་རྒྱ་གར་རང་གི་བཟོས་པ་ཞེས་པའི་ལྟ་གྲུབ་ལག་བསྟར་བྱེད་མཁན་ངོ་མ་དེ་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་སྦྲགས། ལྷག་དོན་མཐོ་སློབ་ཀྱི་སློབ་ཕྲུག་ཀུན་ལ་ཁོང་འཛིན་གྲྭ་མང་པོ་ཆད་མྱོང་མཁན་ཞིག་དེ་རིང་བོད་ཀྱི་སྲིད་སྐྱོང་ཆགས་ཐུབ་ཀྱི་ཡོད་སྟབས། ད་ལྟ་སློབ་སྦྱོང་གནང་བཞིན་པའི་ཁྱེད་ཅག་ལ་རེ་བ་ཆེ་བ་རང་བཞིན་སླེབས་ཀྱི་འདུག དེས་ན་འཛིན་གྲྭ་ཆད་རྒྱུ་མེད་པ་དང་རང་ངོས་ནས་དཀའ་ལས་རྒྱག་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་པའི་ལམ་སྟོན་གནང་འདུག ད་དུང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་སང་ཉིན་རྒྱལ་སྤྱིའི་འགྱུར་འགྲོས་སྤྱི་དང་དེའི་ནང་ནས་རྒྱ་གར་དང་རྒྱ་ནག་ནང་ཡར་རྒྱས་སྐོར་དང་། ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གར་ལ་རེ་ལྟོས་བྱེད་བཞིན་པའི་དུས་མཚམས་འདིར་ང་ཚོས་རྒྱ་གར་རང་བཙན་ཐོབ་ནས་ད་བར་གྱི་ལོ་ ༧༠ འདིའི་ནང་གཅིག་པུར་མ་ལྟ་བར། རྒྱ་ཆེ་ས་དང་ཁྱབ་ཆེ་ས་ནས་འདས་པའི་ལོ་ངོ་བརྒྱ་ཕྲག་དང་སྟོང་ཕྲག་གོང་གི་རྒྱ་གར་སྟོབས་ཆེན་རྒྱལ་ཁབ་དེའི་གནའ་བོའི་རྒྱལ་རབས་དང་རིག་གཞུང་། དེའི་ནང་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ནི་རྒྱ་གར་གྱི་ངོས་ནས་འཛམ་གླིང་འདིའི་ཐོག་ལེགས་སྐྱེས་གཙོ་གྲས་ཤིག་ཆགས་ཀྱི་ཡོད་པ་དེའི་ཐོག་དགོངས་པ་བཞེས་ཏེ་རྒྱ་གར་གྱིས་འཛམ་གླིང་འགོ་ཁྲིད་ཐུབ་པའི་ཕྱོགས་སུ་འབད་བརྩོན་གནང་དགོས་གལ་ཡིན་པ་སོགས་གསུང་བཤད་གནང་འདུག གཞི་རྩའི་ལྡི་ལིའི་ Hansraj མཐོ་རིམ་སློབ་གཉེར་ཁང་དེའི་ནང་ཚན་རིག་དང་ཚོང་རིག དེ་བཞིན་འབྱུང་རིག་སོགས་ཀྱི་མཐོ་རིམ་སློབ་སྦྱོང་གནང་རྒྱུ་ཡོད་པ་ལྟར། ད་བར་ལྟེ་གནས་ཁང་དེ་ནས་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན་ Shah Rukh Khan དང་ཚོང་པ་འབྱོར་ལྡན་ Naveen Jindal སོགས་རྒྱ་གར་དང་རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་མི་སྣ་མང་དག་ཐོན་འདུག

༸གོང་ས་མཆོག་གིས་ལ་དྭགས་ཤེལ་སྔར་འགྱུར་ཨཱརྱ་ལོ་ཀེ་ཤྭ་རཱའི་དགོན་པར་དབུ་འབྱེད་རབ་གནས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༧ ཚེས་ ༢༦ ཉིན་སྔ་དྲོ་ལ་དྭགས་ཞི་ཚལ་ཕོ་བྲང་ནས་རྒྱང་ཐག་སྤྱི་ལེ་ ༤ སར་ཆགས་པའི་ཤེལ་ས་གནས་སུ་ཆིབས་སྒྱུར་མཛད་ནས་ཉེ་ཆར་གསར་བཞེངས་ལེགས་གྲུབ་ཟིན་པའི་ཤེལ་སྔར་འགྱུར་ཨཱརྱ་ལོ་ཀེ་ཤྭ་རའི་དགོན་པ་དང་དེའི་རྟེན་གཙོ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་སྣང་བརྙན་ལ་དབུ་འབྱེད་རབ་གནས་བཀྲིན་བསྐྱངས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་གཙོ་བོ་ལུང་རྟོགས་ཀྱི་བསྟན་པ་གཉིས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཞེས་བཀའ་ནན་བསྩལ་སོང་། དབུ་འབྱེད་མཛད་སྒོའི་ཐོག་མར་སྔར་འགྱུར་ཨཱརྱ་ལོ་ཀེ་ཤྭ་རའི་དགོན་བདག་ཨོ་རྒྱན་རིན་པོ་མཆོག་གིས་དགོན་པའི་དམིགས་ཡུལ་དང་དེ་བཞིན་ལས་བསྡོམས་མགོན་པོ་༸གང་ཉིད་མཆོག་ལ་སྙན་སྒྲོན་ཞུས་པ་དང་འབྲེལ།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་ད་ལན་ཨཱརྱ་ལོ་ཀེ་ཤྭ་རའི་དགོན་དུ་དབུ་འབྱེད་རབ་གནས་བཀྲིན་བསྐྱངས་པར་བཀྲིན་བླ་མེད་དུ་ཆེ་ཞེས་ཞུས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གངས་ཅན་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པར་སྒོ་གང་ས་ནས་གེགས་དང་བར་ཆད་མང་དག་ཞིག་བྱུང་བའི་སྐབས་འདིར་ཧི་མཱ་ལ་ཡའི་རི་རྒྱུད་དུ་ཡོད་པའི་བོད་པ་དང་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་གཅིག་མཚུངས་ཡིན་པའི་ཡུལ་མི་ཚོས་རང་དབང་གི་གོ་སྐབས་ལོངས་སུ་སྤྱོད་ཐོག་ས་གནས་སུ་སྔར་མེད་པའི་རབ་བྱུང་ཕོ་མོའི་སྡེ་གསར་དུ་འཛུགས་རྒྱུ།  སྔར་ཡོད་པ་དེ་དག་ཡར་རྒྱས་གོ་འཕེལ་གཏོང་རྒྱུ་བཅས་བསྟན་པའི་ཞབས་འདེགས་རླབས་ཆེན་ཞུས་པར་མགོན་པོ་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བསྔགས་བརྗོད་ཀྱང་མཛད་སོང་། ལྷག་པར་དུ་མགོན་པོ་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན། མཆོད་རྟེན་བཞེངས་སྐྲུན་སོགས་གནང་རྒྱུ་མིན་པར་གཙོ་བོ་ལུང་རྟོགས་ཀྱི་བསྟན་པ་གཉིས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཞེས་བཀའ་ནན་བསྩལ་སོང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་སངས་རྒྱས་ཀྱི་ཆོས་ཟེར་བ་འདི་ནི་མི་ལ་གནའ་གནོན་གཏོང་རྒྱུ་ཞིག་མིན་པར་གཙོ་བོ་སེམས་ཞི་བདེ་དང་སེམས་ལ་སྙིང་སྟོབས་འཕེལ་རྒྱུ། དེ་བཞིན་གཞན་ཕན་བློ་སྐྱེ་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་བཅས་ཡིན་པ་ཤེས་དགོས་གལ་ཡིན་པར་ལམ་སྟོན་མཛད་ཡོད་པ་རེད། དགོན་པ་དབུ་འབྱེད་ཀྱི་མཛད་སྒོར་བཅར་བའི་ཉེ་འཁོར་ལ་དྭགས་པའི་སློབ་གྲྭའི་སློབ་མ་ཚོར་ཕྱིའི་དངོས་པོའི་དང་འབྲེལ་བའི་ཤེས་ཡོན་ཙམ་མ་ཟད། རང་ཉིད་ཀྱི་ཕ་མེས་ནས་ཡོད་པའི་སངས་རྒྱས་པའི་ཆོས་ལས་ནང་སེམས་ཀྱི་རིན་ཐང་སྐོར་ལ་གསུངས་པ་དེར་དོ་སྣང་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ཡང་བསྩལ་སོང་། སྐབས་དེར་སྔར་འགྱུར་ཨཱརྱ་ལོ་ཀེ་ཤྭ་རའི་དགོན་བདག་ཨོ་རྒྱན་རིན་པོ་ཆེ་མཆོག་གིས་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་སེར་སྐྱ་མང་ཚོགས་རྣམས་ལ་ཤེས་རབ་སྙིང་པོ་དང་། གང་བློ་མ། སྒྲོལ་མ། སྤྱན་རས་གཟུངས་སྔགས།  རྟ་འགྲིན་གཟུངས་སྔགས།  དེ་བཞིན་གུ་རུ་མཚན་སྔགས་དང་སྟོན་པའི་མཚན་སྔགས་བཅས་ཀྱི་ལྗགས་ལུང་བསྩལ་ཡོད་པ་རེད། དེ་རིང་སྔ་དྲོའོ་མཛད་སྒོའི་ཐོག་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཁྲིག་སེ་རིན་པོ་ཆེ་མཆོག ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོས།  ཤེལ་ཉེ་འཁོར་གྱི་མང་ཚོགས་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་འདུག གཞི་རྩའི་ལ་དྭགས་ཤེལ་ས་གནས་སུ་གསར་བཞེངས་ལེགས་གྲུབ་ཟིན་པའི་ཤེལ་སྔར་འགྱུར་ཨཱརྱ་ལོ་ཀེ་ཤྭ་རའི་དགོན་ནི་རྙིང་མའི་དགོན་པ་ཞིག་ཡིན་ཞིང་། དགོན་པའི་རྟེན་གཙོ་བོ་ནི། འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་ཕི་ཀྲི་ ༤༠ ལྷག་ཡོད་པ་དེ་ཆགས་ཀྱི་འདུག་པ་དང་། དགོན་པ་དེ་གཙོ་བོ་བཙུན་མ་ཚོ་གཙོས་པའི་ཉེ་འཁོར་ས་གནས་ཀྱི་ཡུལ་མི་ཚོར་ནང་ཆོས་ངོ་སྤྲོད་གནང་སའི་ལྟེ་གནས་ཤིག་ཆགས་ཀྱི་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཚོུད་ཕྱེད་ཀ་ཙམ་གྱི་རིང་ཁ་ཆེ་མང་ཚོགས་ཚོར་བཀའ་སློབ་སྩལ་གྲུབ་རྗེས་༸གང་ཉིད་མཆོག་ནས་ཆིབས་བསྒྱུར་གསོལ་འདེབས་ཞུ་མཁན་ཁ་ཆེའི་སྐུ་ཚབ་ཚོ་དང་ལྷན་དུ་ལྗགས་སྨིན་ལྷན་བཞེས་གནང་ཡོད་པ་དང་། དེ་རྗེས་མགོན་པོ་མཆོག་རྒྱལ་ས་གླེ་ནས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་སྒྱུར་གནང་ཡོད་པ་རེད།

བཞུགས་སྒར་དུ་རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་གཟི་བརྗིད་ལྡན་པའི་ངང་ཞུགས་འབུལ་གནང་པ།

དེ་རིང་ཟླ་ ༧ ཚེས་ ༢༦ ཉིན་སྔ་དྲོ་ཚོུད་ ༧།༠༠ སྟེང་རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་རྡ་སར་རྟེན་གཞི་བྱས་པའི་ལྷ་རྒྱལ་རིའི་མདུན་ཐང་དུ་གདན་ཞུས་ཀྱིས་དམ་པ་དེ་ཉིད་ཀྱི་ཕ་མ་གཉིས་དང་སྤུན་མཆེད་ལྷན་རྒྱས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་མཆོག དཔལ་འབྱོར་བཀའ་བློན་མཆོག་དང་ནང་སྲིད་བཀའ་བློན་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་སྤྱི་འཐུས་ཁག་གཅིག བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གྱིས་གཙོས་རྒྱུན་ལས་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་ཚོགས་གཞོན་དབུས་པའི་ལས་བྱེད་རྣམ་པ། དེ་བཞིན་རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་སེར་སྐྱ་མང་ཚོགས་བཅས་ནས་ཚོར་ཤུགས་ཆེན་པོས་དམ་པ་ཁོང་ལ་གདུང་སེམས་མཉམ་བསྐྱེད་དང་ཁོང་གི་བློས་བཏང་ལ་ཆེ་བསྟོད་ཀྱི་མཛད་སྒོ་ཚོགས་ཡོད་པ་རེད། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས་གསུང་བཤད་གནང་དོན། བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་འདས་པའི་ལོ་དུས་ནང་ལ་སྤྱི་ཚོགས་ཞབས་ཞུ་དང་ཆབ་སྲིད་ཀྱི་ལས་འགུལ་འདྲ་མིན་ནང་མཉམ་ཞུགས་གནང་པ་མ་ཟད། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བའི་སྒེར་གྱི་སྙན་རྩོམ་འདྲ་མིན་སྤེལ་ཡོད་པ་སོགས་ངོ་སྤྲོད་དང་འབྲེལ། དམ་པ་ཁོང་ནས་མཐར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་དོན་སླད་དུ་བློས་བཏང་གནང་པའི་སྙིང་སྟོབས་ལ་ཡི་རངས་དང་གདུང་སེམས་མཉམ་བསྐྱེད་ཞུས་སོང་།  ད་དུང་ཁོང་གིས་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་གཙོས་པའི་བོད་མི་ཚོས་ད་བར་རང་ལུས་མེར་སྲེག་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་གཞུང་གིས་བོད་དུ་བཙན་འཛུལ་བྱས་པ་ཙམ་མ་ཟད། བོད་མིའི་གཞི་རྩའི་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་ཐུག་ཡོད་ཅེས་གསུངས་ཡོད། ལྷག་དོན་རྒྱ་གཞུང་གི་འགོ་ཁྲིད་ཚོས་རྒྱ་ནག་གི་མ་འོངས་ཕུགས་བསམ་ཐོག་ལ་བསམ་བློ་ཞིག་གཏང་ཚེ་བོད་ཀྱི་གནད་དོན་ཐོག་ངེས་པར་དུ་དགོངས་བཞེས་གནང་དགོས་པ་དང་། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ནས་བོད་དང་རྒྱ་ནག་གི་གནད་དོན་ཐོག་མིག་ལོང་བ་ལྟར་བཞུགས་ན་ཚོགས་པ་དེ་ཐོག་མར་གསར་འཛུགས་གནང་པའི་དགོངས་དམིགས་དང་ཡོངས་སུ་འགལ་གྱི་ཡོད་པ་ནན་བརྗོད་གནང་སོང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་བཟུང་གི་སྲིད་བྱུས་རྣམས་མུ་མཐུད་གནས་བཞིན་ཡོད་སྟབས། བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་མི་ཚོས་རྒྱ་གཞུང་གི་སྲིད་བྱུས་ལ་མ་བཟོད་པར་རང་ལུས་མེར་སྲེག་གནང་བཞིན་ཡོད་པ་འགྲེལ་བརྗོད་དང་འབྲེལ། བསྟན་འཛིན་ཆོས་དབྱིངས་ལགས་དམ་པའི་རང་སྲེག་ཀྱི་གནད་དོན་འདིའི་བརྒྱུད་རྒྱལ་སྤྱི་ཁྱོན་དང་རྒྱ་གཞུང་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་སོང་། བོད་ཀྱི་འཐབ་རྩོད་འདི་ནི་མི་རིགས་ཀྱི་འཐབ་རྩོད་ཅིག་ཡིན་པས་བོད་རིགས་མང་ཚོགས་ཚོས་དམ་པ་ཁོང་གི་ཞལ་ཆེམས་ནང་འཁོད་པ་ལྟར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཐད་ནུས་པ་སྔར་ལྷག་སྤུངས་དགོས་པའི་སྐུལ་མ་གནང་སོང་། དེ་བཞིན་སྐབས་དེར་རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་ཕ་ངག་དབང་ལགས་ཀྱིས་བོད་མི་ཁྱོན་ཡོངས་ཀྱིས་གདུང་ཤུགས་དྲག་པོས་བུས་བོད་ཀྱི་རྩ་དོན་ཆེད་བློས་བཏང་བྱས་པར་ཆེ་བསྟོད་ཀྱི་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་ཞུས་པར་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། བོད་མི་རིགས་ཀྱི་འཐབ་རྩོད་འདི་མུ་མཐུད་རྒྱུན་གནས་ཐུབ་པ་ཞིག་དགོས་ཀྱི་ཡོད་སྟབས། བོད་པའི་ན་གཞོན་ཚོས་རང་ལུས་མེར་སྲེག་མི་གནང་བར་སྨན་པའི་ཐབས་ལམ་གཞན་བརྒྱུད་བོད་ཀྱི་རྩ་དོན་རྩོད་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད། དེ་རྗེས་རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་ལ་མཛད་གཙོ་རྣམ་པ་དང་མང་ཚོགས་ནས་རིམ་བཞིན་མཇལ་དར་སྒྲོན་ཟིན་རྗེས། མང་ཚོགས་ནས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་གསུང་བཞིན་བསྟན་འཛིན་ཆོས་དབྱིངས་ལགས་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ཞུགས་འབུལ་ཆེད་དུར་ཁྲོད་དུ་གདན་ཞུས་ཀྱིས་བསྔོ་སྨོན་གསུང་དོན་དང་བཅས་རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་གཞི་བརྗིད་ལྡན་པའི་ངང་ཞུགས་འབུལ་གནང་ཡོད་པ་རེད། གཞི་རྩའི་བསྟན་འཛིན་ཆོས་དབྱིངས་ལགས་ནི་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནང་གནས་སྡོད་ཕ་མཁས་གྲུབ་ལགས་དང་མ་བཀྲིས་དབྱངས་འཛོམས་ལགས་གཉིས་ཀྱི་བུ་ཡིན་ཞིང་། ད་ལྟ་རང་ལོ་ ༡༩ སོན་ཡོད་པ་དང་ཝཱར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་དབུ་མ་གོང་མ་ལོ་རིམ་དང་པོའི་ནང་སློབ་སྦྱོང་གནང་མུས་ཡིན་པ་མ་ཟད། ཁོང་གིས་ཟླ་ ༧ ཚེས་ ༡༤ ཉིན་སྔ་ཐོག་ཝཱ་རཱ་ཎ་སཱི་བོད་ཀྱི་གཙུག་ལག་སློབ་ཁང་དུ་རང་ལུས་མེར་བསྲེགས་གནང་རྗེས་ཁུལ་དེར་རྟེན་གཞི་བྱས་པའི་ཧི་རེ་ཊེཇ་སྨན་ཁང་དུ་ཉིན་གྲངས་དྲུག་ཙམ་རིང་ལ་སྨན་བཅོས་གནང་ཡོད་ཀྱང་། ཁོང་གི་གཟུགས་གཟིའི་གནས་སྟངས་རིམ་བཞིན་ཛ་དྲག་ཏུ་གྱུར་བར་བརྟེན་ཚེས་ ༢༠ ཉིན་ཛ་དྲག་གི་ནད་པ་བོར་འདྲེན་བྱ་རྒྱུའི་དམིགས་བསལ་མཁའ་ལམ་གནམ་གྲུ་བརྒྱུད་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སཧྥ་དར་ཇངྒ་སྨན་ཁང་དུ་འཁྱེར་ནས་སྨན་བཅོས་ཞུས་ཡོད་ཀྱང་། ཁོང་གི་ལུས་པོ་བརྒྱ་ཆ་དགུ་བཅུ་ལྷག་ལ་འཚིག་སྐྱོན་བྱུང་པས་སྨན་བཅོས་ཇི་ལྟར་ཞུས་ནའང་ཕན་འབྲས་མ་སོན་པར་ཚེས་ ༢༢ ཉིན་ཕྱི་དྲོ་ཚོུད་ ༤།༥༠ སྟེང་སྐུ་ཚེ་མ་ཟིན་པར་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་མང་ཚོགས་ཁྲོད་ལ་བཅར་འདྲི་ཁག་ཅིག་ཞུས་པར། མང་ཚོགས་ནས་ད་ལན་དམ་པ་ཁོང་གིས་རང་ལུས་མེར་སྲེག་གནང་པར་ཡི་རངས་བསྔགས་བརྗོད་ཀྱི་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་པ་དང་འབྲེལ། ཁོང་རྣམས་ནས་ཚོར་ཤུགས་ཆེན་པོས་བོད་ཀྱི་གཞོན་སྐྱེས་ཚོས་མ་འོངས་པར་རང་ལུས་མེར་སྲེག་མིན་པར་ཤེས་ཡོན་གཙོས་པའི་ཐབས་ལམ་གཞན་བརྒྱུད་བོད་ཀྱི་རྩ་དོན་རྩོད་དགོས་པའི་འབོད་སྐུལ་ཡང་གནང་གི་འདུག  

བྷོ་ཙ་ཝ་ན་གཞུང་གིས་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་ལེན་ཞུ་རྒྱུ་ཡིན་པ་གསུངས་འདུག

བྷོ་ཙ་ཝ་ན་གཞུང་གིས་རྒྱ་གཞུང་གིས་བཀའ་སྡོམ་བྱེད་བཞིན་པར་ལྟོས་མེད་ཀྱིས་༸གོང་ས་མཆོག་གི་ཆིབས་སྒྱུར་དང་ལེན་ཞུ་རྒྱུ་དང་། ༸གོང་ས་མཆོག་ལ་རྒྱལ་སྤྱིའི་ཆེས་མཐོའི་མི་སྣའི་གནས་བབས་ཐོག་མཐུན་འགྱུར་ཞུ་རྒྱུ་ཡིན་པ་གསུངས་འདུག དེ་ཡང་ཁ་སང་ཧིཾདུསྟཱན་གསར་ཁང་གིས་གནས་ཚུལ་སྤེལ་བར། ཁ་སང་བྷོ་ཙ་ཝ་ན་ཕྱི་སྲིད་བློན་ཆེན་ལྕམ་ Pelonomi VensonMoitoi མཆོག་གིས་ཡུལ་དེའི་གྲོས་ཚོགས་སུ་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་བའི་དྲི་བར་ལན་འདེབས་གནང་སྐབས་མགོན་པོ་མཆོག་གི་ཆིབས་སྒྱུར་དེ་ནི་སྐུ་སྒེར་གྱི་ཆིབས་སྒྱུར་ཞིག་ཡིན་པ་དང་། ༸གོང་ས་མཆོག་ནི་རྒྱལ་སྤྱིའི་ཆེས་མཐོའི་མི་སྣ་ཞིག་ཡིན་སྟབས། ཡུལ་དེའི་སྲིད་འཛིན་སྐུ་ཞབས་ Ian Khama མཆོག་ནས་དེ་འབྲེལ་གནས་བབས་ལྟར་༸གོང་ས་མཆོག་ལ་གཞི་རྩའི་མཐུན་འགྱུར་སྦྱར་རྒྱུ་ཡིན་པ་མ་ཟད། བྷོ་ཙ་ཝ་ན་གཞུང་གི་འབྲེལ་མཐུད་ལས་ཁུངས་ལ་ཆེས་མཐོའི་མི་སྣར་སྣེ་ལེན་ཞུ་རྒྱུའི་ལས་འགན་ཡོད་པ་བཞིན་དེ་མཚུངས་ཞུ་རྒྱུ་ཡིན་པ་གསུངས་འདུག རྩ་་བའི་༸གོང་ས་མཆོག་གི་ཆིབས་སྒྱུར་གྱི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་གིས་ཉེ་སྔོན་བོད་དེ་རྒྱ་ནག་གི་གནད་དོན་རྙིང་པ་ཞིག་ཡིན་སྟབས། བྷོ་ཙ་ཝ་ན་གཞུང་གི་ངོས་ན་ས་དེ་དག་ལ་བརྩི་སྲུང་ཞུ་དགོས་པའི་ཉེན་བརྡ་བཏང་ཡོད་པ་ལྟར། ཡུལ་དེའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བའི་གནད་དོན་རྙིང་པ་ཞིག་ནི་རྒྱལ་ཁབ་དེའི་ནང་གནད་ཐོག་རྒྱལ་སྤྱིའི་ངོས་ནས་ཐད་བྱུས་བྱ་རྒྱུ་མེད་པ་ཞིག་ཡིན་སྟབས། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་བྷོ་ཙ་ཝ་ན་གཞུང་གིས་རང་ཐག་རང་གཅོད་གནང་པ་དེར་གུས་བརྩི་དང་རེ་བ་གནང་བཞིན་ཡོད་ཅེས་དང་། གནད་དོན་འདིའི་རྐྱེན་པས་རྒྱ་ནག་དང་བྷོ་ཙ་ཝ་ན་རྒྱལ་ཁབ་ཕྱོགས་གཉིས་པོའི་དབར་འབྲེལ་བ་དམ་ཟབ་ཡོད་པ་དེར་འགྱུར་བ་གང་ཡང་མི་འགྲོ་བར་རེ་བ་ཡོད་པའང་གསུངས་འདུག གཞི་རྩའི་བྷོ་ཙ་ཝ་ན་ནི་འཛམ་གླིང་ནང་རྡོ་རྗེ་ཕ་ལམ་གི་ཚོང་ལས་གཉེར་མཁན་ཆེ་ཤོས་ཤིག་ཡིན་པ་དང། རྒྱ་ནག་ནི་བྷོ་ཙ་ཝ་ན་དང་ཚོང་འབྲེལ་གྱི་འབྲེལ་ལམ་དམ་ཟབ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་རེད། ༸གོང་ས་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་མཛད་རྒྱུ་དེ་ནི་ཆེས་ཐོག་མ་ཡིན་པ་དང་། ཟླ་ ༨ ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་ ༣ རིང་ཡུལ་དེའི་རྒྱལ་ས་ Gaborone ནང་དུ་ ལུས་སེམས་སྲོག་གི་ལྷན་ཚོགས་ཤིག་ཚོགས་གཏན་འཁེལ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་རྒྱུ་དང་། དབང་རྩའི་རིག་པའི་ཚན་རིག་པ་རྣམ་པའི་དབར་ Botho/Ubuntu ཞེས་པའི་ཨ་ཕི་རི་ཀའི་གདོད་མའི་མི་རིགས་རྣམས་ཀྱི་ཁྲོད་གནའ་སྔ་མོ་ནས་ཡོད་པའི་བསམ་བློའི་རིག་གཞུང་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་རེད་འདུག

Latest news