Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བཙན་བྱོལ་བོད་མིའི་དངུལ་ཁང་མིན་པའི་དཔལ་འབྱོར་སྡེ་ཚན་འཆར་ལོ་ཟླ་ ༤ པའི་ནང་དབུ་འབྱེད་གནང་རྒྱུ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལོ་རྗེས་མིའི་ཟླ་ ༤ ཚེས་ ༡ ཉིན་དངོས་སུ་བཙན་བྱོལ་བོད་མིའི་དངུལ་ཁང་མིན་པའི་དཔལ་འབྱོར་སྡེ་ཚན་དབུ་འབྱེད་གནང་རྒྱུ་ཡིན་ཅེས་གསུངས་སོང་། དེ་ཡང་ལོ་ཤས་གོང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་སྤྱི་ཡོངས་ཀྱི་དཔལ་འབྱོར་རྨང་གཞི་ཡར་རྒྱས་གོང་འཕེལ་དང་ས་བརྟན་རྒྱུན་གནས་གཏོང་ཐབས་སུ་ཆེད་དམིགས་ཐོག་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་མི་རང་གི་དངུལ་ཁང་ངམ་དཔལ་འབྱོར་སྡེ་ཚན་ཞིག་གསར་འཛུགས་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ Tibetan financial Services Company ཞེས་དངུལ་ཁང་མིན་པའི་དཔལ་འབྱོར་སྡེ་ཚན་གསར་འཛུགས་ཀྱི་ལས་གཞི་དེའི་སླད་དམིགས་བསལ་རང་རེའི་སྤྱི་ཚོགས་ཁྲོད་ནས་ཚོང་འབྲེལ་སློབ་སྦྱོང་ཐོན་པའི་ན་གཞོན་ཕོ་མོ་ ༡༧ འདེབས་བསྐོ་གནང་དོན་ལྟར། དེ་རིང་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་དུ་ལས་བྱེད་གསར་པ་ཚོར་སྡེ་ཚན་གྱི་ཁྲིམས་སྒྲིག་དང་ལས་དོན་གནང་ཕྱོགས་ཀྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་། ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་དངུལ་ཁང་མིན་པའི་དཔལ་འབྱོར་སྡེ་ཚན་དེ་ལོ་རྗེས་མིའི་ཟླ་ ༤ ཚེས་ ༡ ཉིན་བཞུགས་སྒར་རྡ་རམ་ས་ལར་དངོས་སུ་དབུ་འབྱེད་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། རྩ་བའི་བོད་མིའི་སྒྲིག་འཛུགས་ནས་རིང་མིན་ལོ་རྗེས་མའི་ནང་དབུ་འཛུགས་གནང་རྒྱུའི་དངུལ་ཁང་གི་མིན་པའི་དཔལ་འབྱོར་སྡེ་ཚན་དེའི་བརྒྱུད་ནས་ལག་བསྟར་ཞུ་གནད་གཙོ་བོ་གསུམ་ནི། སུད་ཚོང་བ་ཚོར་བུན་གཡར་ལས་གཞི་དང་། མཐོ་སློབ་ཀྱི་སློབ་ཡོན་བུན་གཡར། དེ་བཞིན་ཞིང་འབྲོག་བུན་གཡར་གྱི་ལས་གཞི་བཅས་ཡིིན་པ་རེད། བུན་གཡར་གྱི་ལས་གཞི་དེ་མང་ཚོགས་ལ་ཆེད་དམིགས་གནང་པ་ཞིག་ཡིན་སྟབས་སྐྱེལ་བབ་དེའང་ཉུང་བ་བཟོས་ཡོད་འདུག སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་དབུ་འབྱེད་གནང་རྒྱུའི་བཙན་བྱོལ་བོད་མིའི་དངུལ་ཁང་མིན་པའི་དཔལ་འབྱོར་སྡེ་ཚན་དེའི་ཆེད་དུ་འདུ་རུབ་གནང་པའི་ལས་བྱེད་གསར་པ་ཚོར་དེ་རིང་ཟླ་ ༡༢ ཚེས་ ༡༢ ཉིན་ནས་དབུ་འཛུགས་ཀྱིས་འཆར་ལོ་ཟླ་ ༡ ཚེས་ ༣༡ བར་ཁྱོན་ཉིན་གྲངས་ ༥༠ རིང་སྡེ་ཚན་དེའི་སྒྲིག་ཁྲིམས། ཚོང་འབྲེལ་ལས་གཞི། བབ་ཁྲལ། སྤྱི་ཚོགས་ཀྱི་དགོས་མཁོ་དང་འོས་འཚམས་བུན་གཡར་གྱི་ལས་གཞི་བཀོད་སྒྲིག་ཞུ་ཕྱོགས་སོགས་ཀྱི་ཐད་ལ་རྒྱ་གར་གྱི་ཆེད་ལས་མི་སྣ་གདན་ཞུས་ཐོག་ཟབ་ཁྲིད་གནང་གི་འདུག

ཨ་རི་གྲོས་ཚོགས་ནས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་འཁུར་ཐུབ་ཐབས་ཀྱི་ཁྲིམས་ལུགས་གཏན་འབེབས་གནང་འདུག

ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ངོས་ནས་ Global Magnitsky Human Rights Accountability Act ཞེས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་འཁུར་ཐུབ་ཐབས་དང་འབྲེལ་བའི་ཁྲིམས་འཆར་དེ་བཞིན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཤིག་གི་ངོ་བོར་དངོས་སུ་གཏན་འབེབས་གནང་འདུག དེའང་ཟླ་ ༡༢ ཚེས་ ༩ ཉིན་རྒྱལ་སྤྱིའི་ལྐོག་ཟ་རུལ་སུངས་ལ་གདོང་ལེན་གྱི་ཉིན་མོ་དང་འདི་བཞིན་ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་གཉིས་སྲུང་བརྩི་དང་བསྟུན། ཉེ་ཆར་ཚེས་ ༨ ཉིན་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ངོས་ནས་དེ་སྔ་ ༢༠༡༢ ལོར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Ben Cardin ལགས་ཀྱིས་འདོན་འཇོག་གནང་པའི་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་ཁུར་ཐུབ་ཐབས་ཀྱི་ཁྲིམས་འཆར་དེ་ཨ་མི་རི་ཀའི་རྒྱལ་སྲུང་དབང་ཚད་ཀྱི་ཁྲིམས་གཞིའི་འོག་ ༢༠༡༧ ལོ་ནས་དངོས་སུ་ལག་བསྟར་བྱ་རྒྱུར་གཏན་འབེབས་གནང་ཡོད་པ་དང་། ད་ལྟའི་ཆར་ཁྲིམས་ལུགས་དེ་ཨ་མི་རི་ཀའི་སྲིད་འཛིན་བྷེ་རེཀ་ཨོ་བྷ་མ་མཆོག་གི་མཚན་རྟགས་ཞུ་ཕྱིར་ཕུལ་ཡོད་པ་རེད། གཞི་རྩའི་ཁྲིམས་ལུགས་གསར་པ་དེའི་བརྒྱུད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་སོ་སོའི་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་དང་། ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་བྱེད། དེ་བཞིན་གང་ཟག་སྒེར་བཅས་ཁྲིམས་ཐོག་ནས་ཨ་རིའི་ནང་ཕྱོགས་བསྐྱོད་བྱེད་རྒྱུ། ལྷག་པར་དུ་ཨ་རིའི་དཔལ་འབྱོར་དང་ཚོང་ལས་སོགས་ཀྱི་བསྟི་གནས་ཁང་ནང་མཉམ་ཞུགས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་རྣམས་བཀག་བསྡོམ་གནང་གི་ཡོད་པ་རེད། ཁྲིམས་འཆར་དེ་ཐོག་མར་གྲོས་ཚོགས་སུ་འདོན་འཇོག་གནང་མཁན་སྐུ་ཞབས་ Ben Cardin ལགས་ཀྱིས་ཁྲིམས་འཆར་དེ་ད་ལྟ་དངོས་སུ་ཁྲིམས་ལུགས་ཤིག་ཏུ་གཏན་འབེབས་ཐུབ་པར་དགའ་བསུ་དང་འབྲེལ། ད་བར་རྒྱལ་སྤྱིའི་ཐོག་ལྐོག་ཟ་རུལ་སུངས་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུ་དེ་ནི་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བ་ཆེ་ཤོས་ཤིག་ཆགས་ཡོད་སྟབས། ཁྲིམས་ལུགས་གསར་པ་དེ་ནི་ཨ་རིའི་ཕྱི་འབྲེལ་ལས་དོན་ལ་ཕན་པའི་ལག་ཆ་འཕར་མ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ཁྲིམས་ལུགས་དེས་མ་འོངས་པར་གང་ཟག་སུ་འདྲ་ཞིག་ནས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏང་པ་དང་ལྐོག་ཟ་རུལ་སྲུངས་ཀྱི་བྱ་སྤྱོད་རིགས་སྤེལ་ཚེ་དོ་བདག་རྒྱལ་ཁབ་སོ་སོའི་ཁྲིམས་ལུགས་ཀྱི་སྟངས་འཛིན་མ་ཐུབ་པ་ཆགས་རུང་ཨ་རིའི་ཁྲིམས་ལུགས་ཀྱི་ངོས་ནས་ཐར་ཐབས་མེད་པ་ཞིག་བཟོས་ཡོད་ཅེས་གསུངས་འདུག ཁོང་གིས་ད་རེས་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་ནས་ཁྲིམས་ལུགས་དེ་དངོས་སུ་གཏན་འབེབས་ཐུབ་པ་ནི་ཨ་རིའི་ངོས་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ལ་བརྩི་སྲུང་གནང་མཁན་དང་། ལྐོག་ཟ་རུལ་སྲུངས་ཀྱི་གནད་དོན་གཙང་བཟོ་གནང་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྣམ་པ་ཞིག་ཀྱང་ཆགས་ཡོད་པ་རེད་ཅེས་གསུངས་ཡོད། གཞི་རྩའི་ཁྲིམས་ལུགས་གསར་པ་དེ་ཐོག་མར་ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་གནང་སྐབས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་ནས་ཁྲིམས་ལུགས་དེའི་བརྒྱུད་རྒྱལ་སྤྱི་དང་། ལྷག་དོན་དུ་རྒྱ་ནག་གི་དབང་འཛིན་པ་ཚོས་རྒྱ་ནག་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་ཁྲིམས་འགལ་གྱི་ལས་དོན་སྤེལ་བཞིན་པར་དོ་སྣང་ཆེ་བཞེས་ཀྱིས་དེ་དག་གི་ཕྱིར་བསྐྱོད་ལག་འཁྱེར། དཔལ་འབྱོར་དང་ཚོང་ལས་སོགས་ཀྱི་ཐད་ལ་དམ་དྲག་ཤུགས་ཆེ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།  ཉེ་ཆར་ཕྱི་ཚེས་ ༨  ཉིན་ཁྲིམས་ལུགས་དེ་གཏན་འབེབས་བྱུང་དོན་ལྟར་ཨ་རིའི་སྲིད་གཞུང་གིས་རྒྱ་གཞུང་གིས་བོད་དང་ཤིང་ཅང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་དོ་སྣང་ཆེ་བཞེས་ཀྱིས་རྒྱ་གཞུང་གོ་ཁྲིད་དེ་དག་ཨ་རི་ནང་བསྐྱོད་རྒྱུ་དང་། ཨ་རིའི་ཚོང་ལས་སོགས་ཀྱི་མཐུན་རྐྱེན་རྣམས་བེད་སྤྱོད་བྱེད་རྒྱུ་མེད་པ་བཟོ་དགོས་པར་ནན་བསྐུལ་དང་སྦྲགས། ཁྲིམས་ལུགས་གསར་པ་དེ་ལག་ལེན་ཐོག་དོན་འཁྱོལ་ཡོང་བའི་རེ་བ་ཡོད་སྐོར་སོགས་གསུངས་འདུག རྩ་བའི་ཁྲིམ་ལུགས་ Global Magnitsky Human Rights Accountability Act ཞེས་པ་དེའི་མིང་བྱང་དེ་ ༢༠༠༩ ལོར་ཨུ་རུ་སུའི་སྲིད་འཛིན་ Vladimir Putin གྱི་སྲིད་གཞུང་གིས་ཆེད་བཙུགས་ཀྱིས་བཙོན་ཁང་ནང་འདས་གྲོངས་སུ་གྱིར་བའི་རྒྱལ་སྤྱིའི་ཁྲིམས་རྩོད་པ་འདས་པོ་སྐུ་ཞབས་ Sergei Magnitsky ལགས་ཀྱི་མཛད་རྗེས་ཁག་ལ་ཆེ་བསྟོད་ཞུ་ཆེད་དུ་གསར་འཛུགས་གནང་པ་ཞིག་ཡིན་པ་རེད། ཁྲིམས་དེའི་བརྒྱུད་ཨ་རིའི་སྲིད་འཛིན་མཆོག་ནས་ནག་ཉེས་ཅན་གྱི་རྒྱལ་སྤྱིའི་མི་སྣ་ཁག་ཨ་རིའི་ནང་ཕྱོགས་བསྐྱོད་བྱེད་རྒྱུ་གཙོས་པའི་རྒྱལ་སྤྱིའི་ས་གནས་ཁག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་བཟོ་གྲྭ་དང་དངུལ་ཁང་། དེ་བཞིན་ཚོང་ཟོག་གི་ཁྲོམ་ར་སོགས་ཨ་རིའི་བདག་རྫས་ཁག་སྤྱོད་རྒྱུར་བཀག་བསྡོམ་ཆོག་པ་དང་། སྲིད་འཛིན་མཆིག་ནས་ཁྲིམས་ལུགས་དེ་ལག་བསྟར་ཇི་བྱུང་རྣམས་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་སུ་དུས་ཐོག་སྙན་གསེང་ཞུ་དགོས་ཀྱིི་ཡོད་རེད།  

༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་མཆོག་དང་མཇལ་མོལ་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་ Pranab Mukherjee མཆོག་དང་མཇལ་མོལ་གནང་པ་མ་ཟད། སྲིད་འཛིན་མཆོག་དང་ལྷན་རྒྱས་ཕྲུ་གུའི་བདེ་དོན་དང་འབྲེལ་བའི་ལྷན་ཚོགས་ཤིག་གི་དབུ་འབྱེད་དང་མཇུག་བསྡོམས་ཀྱི་མཛད་སྒོར་དབུ་བཞུགས་མཛད་འདུག སྲིད་འཛིན་གྱི་ཕོ་བྲང་ Rashtrapati Bhawan ནང་དུ་གོ་སྒྲིག་ཞུས་པའི་ལྷན་ཚོགས་དེ་ནི་ཕྱི་ལོ་ ༢༠༡༤ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ Kailash Satyarthi ལགས་ཀྱིས་ཆེད་བཙུགས་གནང་པའི་བྱིས་པའི་ལྟ་སྐྱོང་ཐེབས་རྩ་ཁང་གིས་གོ་སྒྲིག་གནང་པ་ཞིག་ཡིན་པ་དང་། ལྷན་ཚོགས་དེའི་ཐོག་སྲིད་འཛིན་ Pranab Mukherjee མཆོག་དང་སྐུ་ཞབས་ Kailash   Satyarthi མཆོག གཞན་ཡང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཤར་ཏི་མོར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Jose Ramos Horta དང་། ཨོ་སི་ཊོ་ལི་ཡའི་སྲིད་བློན་་ཟུར་པ་ལྕམ་སྐུ་ Julia Gillard  དེ་བཞིན་ Monaco  དང་  Netherlands གྱི་སྲས་མོ། Jordan གྱི་རྒྱལ་སྲས་བཅས་ཆེད་ཕེབས་གནང་ཡོད་པ་རེད། ཕྱི་ཚེས་ ༡༠ ཉིན་ཚོགས་པའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ ༢༡ པ་དེ་ཞི་བདེ་དང་ལྡན་པའི་དུས་རབས་ཤིག་བསྐྲུན་རྒྱུའི་འགན་གཙོ་བོ་དེ་རང་ལོ་ ༣༠ དང་ ༢༠ རྩ་གྲངས་སོན་པའི་མི་རབས་གཞོན་སྐྱེས་ཚོར་ཡོད་སྐོར་བཀའ་ནན་མཛད་པ་དང་ཆབ་ཅིག དུས་རབས་ ༢༡ པ་དེ་ཞི་བདེ་དང་ལྡན་པའི་དུས་རབས་ཤིག་བསྐྲུན་རྒྱུའི་ཆེད་ཕྲུ་གུར་ཤེས་ཡོན་སྤྲོད་རྒྱུ་ཧ་ཅང་གནད་ཆེ་ཡིན་པ་ལྟར། ཕྲུ་གུ་དེ་དག་ལ་ཤེས་ཡོན་གྱི་མཐུན་རྐྱེན་སྦྱོར་བ་ཁོ་ན་ཙམ་མིན་པར་ཤེས་ཡོན་སྤྲོད་སྟངས་ཐོག་དོ་སྣང་གནང་གལ་ཡིན་པ་རེད་ཅེས་བཀའ་བསྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་ཕྲུ་གུའི་གཤིས་ཀའི་རང་བཞིན་དེ་ནི་ཆོས་དང་རིགས་རུས་རྒྱལ་ཁབ་སོགས་ཀྱི་དབྱེ་བ་གང་ཡང་མེད་པར་བྱམས་བརྩེའི་ཀུན་ནས་བླངས་པ་ཞིག་ཡིན་སྟབས། ཕྲུ་གུའི་བདེ་དོན་ཐད་ཕྱག་ལས་གནང་མཁན་རྣམས་ནས་ཕྲུ་གུའི་རང་བཞིན་ལྷན་རྒྱས་ཀྱི་གཤིས་སྤྱོད་དེ་གཞི་རྩར་བཟུང་ཐོག་ཁོ་ཚོར་དེང་དུས་ཀྱི་ཤེས་ཡོན་སྤྲོད་པའི་སྟེང་ནང་སེམས་ཀྱི་བསམ་བློའི་སློབ་གསོ་དང་འབྲེལ་བའི་སློབ་སྦྱོང་སྤྲོད་དགོས་པ་རེད་ཅེས་བཀའ་ནན་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཚེས་ ༡༡ ཉིན་རྒྱབ་སླར་སྲིད་འཛིན་གྱི་ཕོ་བྲང་དུ་ཆིབས་བསྒྱུར་མཛད་ནས་སྲིད་འཛིན་ Pranab Mukherjee མཆོག་དང་ལྷན་ཟུར་དུ་མཇལ་མོལ་མཛད་ཡོད་པ་དང་། སྐབས་དེར་༸གང་ཉིད་མཆོག་གིས་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་ཕྱག་རྟགས་ལ་སྟོན་པའི་སྣང་བརྙན་ཞིག་བསྩལ་ཡོད་པ་རེད། དེ་རྗེས་མགོན་པོ་༸གང་ཉིད་ནས་སྲིད་འཛིན་མཆོག་གིས་སྣེ་འཁྲིད་པའི་འོག་ནོ་བེལ་ཞི་བདེའི་དེད་དཔོན་དང་དབུ་ཁྲིད་ཁག་ཅིག་དང་ལྷན་རྒྱས་སྲིད་འཛིན་ཕོ་བྲང་གྱི་མདུན་ཐང་དུ་རྒྱ་གར་གྱི་རྒྱལ་ཡོངས་ནས་ཕྲུ་གུ་ ༥༠༠༠ འདུ་འཛོམས་ཐོག་ས་ཡ་བརྒྱ་ལ་ས་ཡ་བརྒྱ་ཞེས་གནས་སྟངས་བཟང་པའི་ཕྲུ་གུ་ས་ཡ་བརྒྱ་ནས་ཤེས་ཡོན་གྱི་མཐུན་རྐྱེན་མེད་པར་དབུལ་ཕོངས་ཀྱི་གནས་སུ་གྱར་བའི་འཛམ་གླིང་དེའི་ནང་གི་ཕྲུ་གུ་ས་ཡ་བརྒྱ་ལ་བལྟ་རྟོག་ཡོང་བའི་ལས་གཞི་དབུ་འབྱེད་མཛད་འདུག ༸གོང་ས་མཆོག་གིས་ཏུ་ཤི་ཏའི་ཆོས་ཀྱི་དགའ་སྟོན་ཐེངས་ ༢༡ ཐོག་སྙིང་རྗེ་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་བསྩལ་གནང་མཛད་པ།

བཞུགས་སྒར་དུ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཉིན་མོ་སྲུང་བརྩི་དང་འབྲེལ་ཏེ་བཀའ་སྤྱི་གཉིས་ཀྱིས་བླ་རུང་སྒར་དང་ཡ་ཆེན་སྒར་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་ནན་བརྗོད་གནང་པ།

དེ་རིང་ཟླ་ ༡༢ ཚེས་ ༡༠ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་དུས་དྲན་ཐེངས་ ༦༨ དང་བོད་ཀྱི་བླ་ན་མེད་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲོལ་པོ་ ༢༧ འཁོར་བའི་དུས་ཚིགས་གཉིས་འཛོམས་ཀྱི་ཉིན་མོ་དང་བསྟུན། བཞུགས་སྒར་དུ་བཀའ་སྤྱི་གཉིས་ནས་༸གོང་ས་༸སྐྱབས་མགོན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་ཁག་ལ་ཆེ་བསྟོད་ཀྱི་སྲུང་བརྩིས་ཞུས་པ་དང་སྦྲགས། གསེར་རྟ་བླ་རུང་ཆོས་སྒར་དང་ཡ་ཆེན་སྒར་གཉིས་ཀྱི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་སོང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གསང་གསུམ་གྱི་མཛད་འཕྲིན་ལ་ཆེ་བསྟོད་ཞུས་པ་དང་ཆབས་ཅིག དེ་རིང་ནི་མཉམ་འབྲེལ་རྒྱལ་ཚོགས་ནས་འགྲོ་བ་མིར་དབྱེ་མེད་ཀྱི་ཐོབ་ཐང་གཏན་འབེབས་གསལ་བསྒྲགས་གནང་སྟེ་མི་ལོ་ ༦༨ འཁོར་གྱི་ཡོད་ཀྱང་། རྒྱ་ནག་སྤྱི་དང་སྒོས་བོད་ནང་རྒྱ་གཞུང་གིས་དབང་བསྒྱུར་འོག་ལོ་རེ་བཞིན་དྲག་གནོན་དང་དམ་དྲག་ཇེ་ཆེར་འགྲོ་བཞིན་པ་མ་ཟད། བླ་རུང་སྒར་དང་ཡ་ཆེན་སྒར་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ནི་དེ་སྔའི་རིག་གནས་གསར་བརྗེའི་སྐབས་ཀྱི་སྲིད་བྱུས་སླར་ཡང་ལག་བསྟར་བྱེད་བཞིན་པ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་ནས་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་གི་བོད་མི་ ༡༤༥ ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་ཡོད་སྐོར་གསལ་བཏོན་གནང་ཐོག་བོད་མི་ ༡༢༣ འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་དག་གི་རྒྱུ་རྐྱེན་གཙོ་བོ་ནི་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཆེས་ཞན་པོ་ཡིན་པའི་གནས་སྟངས་ལ་ཐུག་ཡོད་པ་གསུངས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་བོད་རྒྱ་གཉིས་དབར་ཞི་བའི་གྲོས་མོལ་གྱི་ཐབས་བྱུས་ལ་མུ་མཐུད་ལངས་ཕྱོགས་བརྟན་པོར་འཛིན་ཐོག་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་དོན་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་དང་མཐུན་པའི་མིང་དོན་མཚུངས་པའི་རང་སྐྱོང་རྩོད་བཞིན་ཡོད་པའི་བརྡ་ལན་བསྐྱར་ནན་གནང་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་ལ་སྨན་པའི་ཀུན་ཁྱབ་འགན་འཁུར་གྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་བླ་མེད་ཆེ་ཞེས་ཞུས་པ་དང་འབྲེལ། མགོན་པོ་མཆོག་གི་དགོངས་བཞེད་ལྟར་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཤིག་ཡིན་པ་བསྐྱར་ནན་གནང་སོང་། དེ་མཚུངས་སུ་ཁོང་གིས་ཉེ་ཆར་རྒྱ་ནག་གཞུང་ནས་བོད་མདོ་སྨད་རྔ་པའི་སྐྱ་སེར་ཕོ་མོ་བཅུ་ལ་ལོ་ ༥ ནས་ ༡༤ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་ལྷག་པར་དུ་ཁ་ཉིན་རྨ་ཆུ་རྫོང་ནས་རང་ལུས་མེར་བསྲེགས་གནང་མཁན་དམ་པ་དེ་ཉིད་ཀྱི་ནང་མི་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་རེད། གནས་དོན་དེ་ལྟར་ཡོང་དོན་ནི་གཙོ་བོ་བོད་ནང་ལ་རྒྱ་གཞུང་གིས་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ཐུག་ཡོད་སྟབས། དེའི་འགན་འཁུར་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས་པའི་ནན་བརྗོད་གནང་ཡོད་པ་རེད། གཞུང་འབྲེལ་གྱི་མཛད་སྒོ་གྲུབ་མཚམས་སུ་བཀའ་སྤྱི་གཉིས་ཀྱིས་གསེར་རྟ་བླ་རུང་དང་ཡ་ཆེན་སྒར་གཙོས་ཉེ་ཆར་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་པ་བཀྲིས་རབ་བརྟན་ལགས་བཅས་ཀྱི་གནད་དོན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་གནང་སོང་བ་དང་། སྐབས་དེར་བཀའ་སྤྱི་གཉིས་ནས་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ཀྱི་གྲྭ་བཙུན་ཁྲི་ཚོ་བརྒལ་བའི་གྲྭ་ཤག་བཙན་དབང་གིས་གཏོར་བཤིག་དང་གྲྭ་བཙུན་རྣམས་ཕྱིར་ཕུད་གཏོང་བཞིན་པའི་ཛ་དྲག་གནས་སྟངས་རྣམས་དེ་སྔའི་རིག་གནས་གསར་བརྗེའི་སྐབས་ཀྱི་གནས་སྟངས་བསྐྱར་ལོག་བྱས་སྟབས། བོད་མིའི་སྒྲིག་འཛུགས་ནས་བློ་འཚབ་དང་བཅས་ཛ་དྲག་གི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་སོང་། སྲིད་སྐྱོང་མཆོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གསར་པར་འགྲོ་བ་མིའི་ཐོབ་སྐོར་གླེང་སློང་གནང་པར་བསྔགས་བརྗོད་དང་འབྲེལ། འབྱུང་འགྱུར་ལས་འགན་དངོས་སུ་བཞེས་པའི་སྐབས་སུའང་བོད་ཀྱི་གནད་དོན་གལ་གནད་ཆེན་པོར་བརྩི་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་རྒྱུར་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་སོང་། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་མཆོག་ནས་བླ་རུང་སྒར་གྱི་གནས་སྟངས་ལ་རྟོག་ཞིབ་གནང་ཆེད་བོད་ནང་ལ་གང་མགྱོགས་ཕེབས་གནང་ཡོང་བའི་རེ་བ་ཞུ་བཞིན་ཡོད་སྐོར་དང་། འཆར་ལོའི་ཕྱི་ཟླ་ ༣ པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་དགོས་པའི་འབོད་སྐུལ་ཡང་ཞུས་གནང་སོང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཀྱང་ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚང་མས་བོད་ནང་གི་བོད་མི་ཚོའི་བློས་གཏོང་དང་ལྷག་བསམ། དེ་བཞིན་སྙིང་སྟོབས་བཅས་ལ་གུས་བརྩི་དང་ཡི་རངས་བསྔགས་བརྗོད་ཞུས་ཏེ་བོད་མིའི་རང་དབང་སླར་གསོ་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ། ཁྱད་པར་དུ་ད་ཆ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་དེ་གུ་ཡངས་ལྡན་པ་ཞིག་ཡོང་ཐབས་སླད་འབད་བརྩོན་གནང་དགོས་ཀྱི་རེད་ཅེས་གསུངས་སོང་། གཞི་རྩའི་དེ་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་གཞུང་འབྲེལ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་དབུས། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་བོད་ཁྱིམ་སློབ་ཕྲུག་རྣམས། དེ་བཞིན་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་གནང་ཡོད་པ་རེད། བཞུགས་སྒར་དུ་དེ་རིང་གི་དུས་ཚིགས་འདི་དང་བསྟུན་དེ་རིང་ཚེས་ ༡༠ དང་ ༡༡ བཅས་ཉིན་གཉིས་རིང་རྒྱལ་སྤྱིའི་ཧི་མཱ་ལ་ཡའི་དུས་སྟོན་ཚོགས་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་ཨམ་བིད་ཀཱར་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་བཀའ་སློབ་བསྩལ་བ།

དེ་རིང་ཟླ་ ༡༢ ཚེས་ ༩ ཉིན་ཨམ་བིད་ཀཱར་གཙུག་ལག་སློབ་གཉེར་ཁང་གིས་མགོན་པོ་༸གང་ཉིད་མཆོག་ལ་བསླབ་པ་མཐར་སོན་གྱི་མཛད་སྒོར་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Ambedkar གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་ལྔ་པའི་མགྲོན་གྱི་གཙོ་བོར་དབུ་བཞུགས་མཛད་པ་གཙོས། རྒྱལ་ས་ལྡི་ལིའི་སྲིད་སྐྱོང་སྐུ་ཞབས་ Najeeb Jung མཆོག གནད་ཡོད་མི་སྣ་ཁག་ཅིག སློབ་གཉེར་ཁང་དེའི་ཉེ་བའི་རིགས་བདག་སྐུ་ཞབས་ Shyam B. Menon མཆོག དེ་བཞིན་སློབ་མཐར་སོན་པའི་སློབ་ཕྲུག་རྣམས་དང་དེ་དག་གི་ཚོའི་ཕ་མ་བཅས་ཁྱོན་མི་གྲངས་ ༡༠༠༠ ལྷག་འདུ་འཛོམས་གནང་ཐོག་མཛད་སྒོ་ཚོགས་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་སློབ་མཏར་སོན་པའི་སློབ་གཉེར་བ་སོ་སོའི་མི་ཚེའི་མདུན་ལམ་དང་ད་ལྟའི་ཤེས་ཡོན་གྱི་ལམ་ལུགས་ནང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་སློབ་ཁྲིད་གནང་ཐུབ་ཚེ་རང་ཉིད་སྒེར་ཙམ་མ་ཟད་འཛམ་གླིང་སྤྱིའི་བདེ་སྐྱིད་ཐོག་ལའང་ཕན་ཐོགས་རླབས་ཆེན་ཡོང་རྒྱུ་ཡིན་སྐོར་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་བསྩལ་གནང་འདུག ལྷག་དོན་མགོན་པོ་མཆོག་གིས་འཛམ་གླིང་འདིའི་ནང་རྒྱལ་ཁབ་ ༢༠༠ ལྷག་ཙམ་ཡོད་པ་ལས་གནའ་དེང་བཟུང་འབྲེལ་གྱི་ཤེས་ཡོན་ཐོག་ལ་བསྐྱོད་རྒྱུའི་ནུས་པ་ཡོད་མཁན་དེ་རྒྱ་གར་འཕགས་པའི་ཡུལ་གཅིག་པོ་རེད་དྲན་གྱི་ཡོད།  ཁྱེད་ཚོས་དེའི་ཐོག་དོ་སྣང་དང་འབད་བརྩོན་གནང་ཚེ་འཛམ་གླིང་འདིའི་ནང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཡུལ་འདིས་འཛམ་གླིང་གི་མི་མང་འཐེར་འདུམ་བདུན་ཚང་མར་དོན་དམ་གྱི་ལེགས་སྐྱེས་ཕུལ་ཐུབ་ཀྱི་རེད་ཅེས་བཀའ་ནན་བསྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ཁག་ཅིག་མི་མིང་ལ་སྙིང་རྗེའི་གྲོང་ཁྱེར་ City of Kindness དང་དེ་བཞིན་བྱམས་བརྩེའི་གྲོང་ཁྱེར་ City of Compassion ཞེས་རང་ཉིད་སོ་སོས་དང་དུ་བླངས་ཏེ་བྱམས་བརྩེའི་ཐོག་ཕྱག་ལས་གནང་བཞིན་ཡོད་སྐོར་བཀའ་བསྩལ་དང་འབྲེལ། དེ་ལྟར་གནང་ཚེ་གྲོང་ཁྱེར་དེའི་སློབ་ཕྲུག་དེ་དག་ཞི་བདེ་བག་ཕེབས་ཆེ་བ་དང་འགྲོ་བ་གཞན་གྱི་དོན་དུ་ཕྱག་ལས་གནང་པར་འདུན་པ་ཆེ་བ་ཡོང་ངེས་ཡིན་པ་སོགས་བཀའ་བསྩལ་ཡོད་པ་རེད། དེ་ལྟར་ན་བྱམས་བརྩེའི་ཐོག་ལ་སློབ་གཉེར་བ་ཚོས་སློབ་སྦྱོང་རྒྱ་གང་ཆེ་གནང་དགོས་གལ་ཡིན་པ་བཀའ་བསྩལ་མཛད་པ་མ་ཟད། ང་ཚོར་དཀའ་ངལ་ཆེན་པོ་འཕྲད་སྐབས་སེམས་ཤུགས་མ་ཆག་པར་དེར་གདོང་ལེན་གནང་ཐུབ་པའི་ནུས་པ་ཡོད་པ་ལམ་སྟོན་མཛད་འདུག ང་ཚོའི་མི་ཚེ་དེ་དྲང་པོ་དང་བདེན་པའི་ཐོག་སྐྱེལ་ཚེ་རང་ཉིད་ཀྱི་མི་ཚེ་དེ་ཕྱི་གསལ་ནང་གསལ་ཞིག་ཆགས་ཡོད་པ་རེད། ཕྱི་གསལ་ནང་གསལ་ཆགས་པ་དེས་རང་སོ་སོར་མཛའ་གྲོགས་དང་རོགས་པ་མང་པོ་ཞིག་ཡོང་ངེས་རེད་ཅེས་བཀའ་བསྩལ་འདུག སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ Shyam B. Menon མཆོག་གིས་༸གོང་ས་མཆོག་ལ་སློབ་གཉེར་ཁང་དེར་མགོན་པོ་ཆིབས་བསྒྱུར་གྱིས་བླང་དོར་བཀའ་སློབ་བསྩལ་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་མ་ཟད། ༸གང་ཉིད་མཆོག་གིས་སྤྱིར་འཛམ་གླིང་ཞི་བདེ་དང་སྒོས་ཆོས་ལུགས་མཐུན་སྒྲིག འགྲོ་བ་མི་རྣམས་གཅིག་མཚུངས་ཡིན་པའི་འདུ་ཤེས་ཀྱི་བདེ་སྐྱིད་བསྐྲུན་ཐབས་མཛད་བཟང་ལ་ཆེ་བསྟོད་ཤུགས་ཆེ་ཞུས་ཡོད་པ་རེད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་རྟེན་གཞི་བྱས་པའི་ Ambedkar གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོ་ལེགས་གྲུབ་ཟིན་རྗེས་ལྡི་ལི་བོད་ཀྱི་ཁང་པ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བ་དང་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༡༠༠ ཐམ་པ་འཁོར་གྱི་སྟབས། དེ་འབྲེལ་མཛད་རིམ་ཁག་ཅིག་གི་ཚོགས་མགོན་དུ་མགྲོན་གཙོབོར་གདན་ཞུ་གསོལ་འདེབས་ཕུལ་དོན་ལྟར་དབུ་བཞུགས་མཛད་ཀྱི་ཡོད་པ་དང་། ཚེས་ ༡༡ ཉིན་ལྡི་ལྟར་རྟན་གཞི་བྱས་པའི་ Ashoka གསོལ་མགྲོན་ཁང་དུ་ Tushita ཆོས་ཚོགས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་ཆོས་འབྲེལ་གྱི་མཛད་རྒྱུའི་མཛད་འཆར་ཡང་ཐུགས་གཏན་འཁེལ་ཡོད་པ་རེད།

རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་ལ་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

བོད་མདོ་སྨད་རྔ་བ་ནང་དུ་ཟླ་བ་སྔོན་མའི་ཚེས་ ༩ ཉིན་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསོད་ནམས་ལགས་ལ་ཁྲོ་ཆུ་རྫོང་ཁྲིམས་ཁང་ནས་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་ཀྱིས་འདི་གར་གནས་ཚུལ་འགྲེལ་བརྗོད་གནང་པར་གཞིགས་ན། གྲྭ་བློ་བཟང་བསོད་ནམས་ལགས་ད་ལྟ་རང་ལོ་ ༢༣ ཡིན་པ་དང། སྔ་ལོའི་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་རྔ་བ་རྫོང་མཁར་ནས་འཛིན་བཟུང་གིས་བཙན་འཇུག་བྱས་ཡོད་པ་དང་། དུས་དེ་ནས་བཟུང་ད་བར་གར་སོང་ཆ་མེད་དུ་གྱུར་བ་མ་ཟད། རྒྱ་གཞུང་གི་ཁྲིམས་ཁང་ནས་ཁོང་ལ་ཁྲིམས་ཐད་བཅད་པ་དེའང་ཟླ་བ་གཅིག་གི་རྗེས་ལ་ཤེས་རྟོགས་བྱུང་ཡོད་པ་གསུངས་སོང་། ད་དུང་ཁོང་གིས་གསུངས་པར་ གྲྭ་བློ་བཟང་བསོད་ནམས་ལགས་ཀྱིས་དྲ་ལམ་ཐོག་བོད་དོན་དང་འབྲེལ་བའི་ཡིག་པར་རིགས་སྐུར་བ་དང་ཁྱབ་བསྒྲགས་བྱེད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་རེད་ཅེས་གསུངས་སོང་། གཞི་རྩའི་གྲྭ་བློ་བཟང་བསོད་ནམས་ལགས་ནི་རྔ་པ་རྫོང་རོང་མཁར་སར་ཡུལ་ཚོའི་རུ་ཆེན་གཉིས་པའི་ཕ་སྐལ་བཟང་དངམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་ཡིན་ཞིང་། ཕ་མ་གཉིས་ལ་ཕྲུ་གུ་བཞི་ཡོད་པའི་ནང་ནས་ཁོང་ཆེ་ཤོས་དེ་ཡིན་པ་རེད་འདུག ཁོང་རང་ཉིད་ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་ཞུགས་གནང་པ་ཞིག་རེད་འདུག དེང་ཆར་ཤེས་རྟོགས་བྱུང་བར་ཁོང་མིན་ཡང་བཙོན་ཁང་དུ་ཡོད་པ་རེད་འདུག དེ་བཞིན་ཡང་ཉེ་ཆར་ཟླ་བ་འདིའི་ཚེས་ ༦ ཉིན་བོད་མདོ་སྨད་རྔ་བ་ནང་དུ་བོད་མི་སྐྱ་སེར་བཅུ་ལ་རྒྱ་གཞུང་ཁྲིམས་ཁང་གིས་ལོ་ ༥ ནས་ ༡༤ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་ཡོད་པ་ལྟར། དེའི་ཁོངས་ནས་མི་ལ་ལའི་སྐོར་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་བར་ཕྱི་ཚེས་ ༦ ཉིན་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་སྤྲོ་ཚིགས་ཚུལ་ཁྲིམས་ལགས་ནི་ད་ལྟ་རང་ལོ་ ༣༣ ཡིན་པ་དང་། རྒྱ་གཞུང་གིས་སྔ་ལོ་ཕྱི་ཟླ་ ༡༠ ཙམ་ལ་ཁོང་འཛིན་བཟུང་བྱས་པ་ནས་བཟུང་ད་བར་གནས་སྟངས་གང་ཡིན་ཤེས་རྟོགས་ཐུབ་མེད་པ་རེད། ཁོང་ནི་དེ་སྔོན་རྒྱ་གཞུང་གི་ཁྲིམས་ཁང་དུ་ཁྲིམས་ཆད་ཕོག་མྱོང་ཡོད་པ་དང་། སྔ་ལོ་༸གོང་ས་མཆོག་གི་༸གྱ་སྟོན་སྲུང་བརྩི་དང་འབྲེལ་སྤྲོ་སྐྱིད་སོགས་ཀྱི་ལས་རིམ་སྣེ་ཁྲིད་མཁན་གྱི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག དེ་བཞིན་ཚུལ་ཁྲིམས་འམ་ཚུར་ཏེ་ལགས་ནི་དེ་ཉིན་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ད་ལྟ་རང་ལོ་༣༢ ཙམ་སོན་ཡོད་པ་རེད་འདུག སྔ་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༥ ཡས་མས་སུ་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། ཁོང་ཡང་དེ་སྔོན་ ༢༠༠༨ ལོར་ངོ་རྒོལ་སྐད་འབོད་གནང་རྐྱེན་ལོ་ ༡ ཟླ་ ༦ གི་བཙོན་འཇུག་ཁྲིམས་ཆད་མྱངས་འདུག ཡང་ཚེས་ ༦ ཉིན་ལོ་ ༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཏཱ་རེ་ཟེར་བ་དེ་ནི་བེུད་ཞིག་ཡིན་པ་དང་། ཁོང་གི་མིང་དངོས་ནི་ཏཱ་རེ་སྐྱིད་ཡིན་པ་དང་། ཁོང་ལ་དུས་རྒྱུན་ཙཀྲ་ཡང་འབོད་ཀྱི་ཡོད་འདུག དེ་མིན་མཁས་བཀྲ་ཞུ་བ་ཞིག་ལའང་དེ་ཉིན་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་སྐོར་འདུག་ཀྱང་ཁ་གསལ་ཤེས་རྟོགས་བྱུང་མེད། རྩ་བའི་ཉེ་ལམ་རྔ་བ་ཁུལ་ནས་བོད་མི་མང་པོ་ཞིག་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་ལྟར་མ་འོངས་པའང་དེ་ལྟར་ཐོན་ཉེན་ཡོད་པ་རེད། ཆེས་ཡིད་སྐྱོ་བའི་གནས་ཚུལ་དེ་ལྟར་ཐོན་དོན་ནི་རྒྱ་གཞུང་གིས་བོད་མིའི་ཐོག་ཛ་དྲག་དང་དྲང་བདེན་མིན་པའི་སྲིད་བྱུས་ལག་བསྟར་བྱེད་རྐྱེན་ཡིན་པ་རེད།

ཀརྨ་པ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྤྲེལ་ལོའི་ཚེས་བཅུ་མཆོད་སྟོན་ཆེན་མོ་ཚོགས་པ།

འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་དུ་ཀརྨ་པ་ཨོ་རྒྱན་འཕྲིན་རྡོ་རྗེ་མཆོག་དབུ་བཞུགས་ཀྱིས་སློབ་དཔོན་པདྨ་འབྱུང་གནས་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ཞུས་པ་འབྲེལ་ཏེ་སྤྲེལ་ལོའི་མཐོང་གྲོལ་ཚེས་བཅུ་མཆོད་སྟོན་ཆེན་མོ་ཚོགས་གནང་སོང། དེ་རིང་ཟླ་ ༡༢ ཚེས་ ༩ སྟེ་བོད་ཟླ་ ༡༠ ཚེས་ ༡༠ དུས་ཚིགས་འདི་ནི་དེ་སྔ་ལྕགས་སྤྲེལ་ལོར་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་མཆོག་གིས་བོད་ཀྱི་གདན་ས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་ཚེས་བཅུ་སྒྲུབ་ཆེན་རྒྱུན་འཛུགས་མཛད་ནས་མི་ལོ་ ༢༧༦ འཁོར་དུས་ཚིགས་ཁྱད་པར་བ་དང་བསྟུན། བྱེས་ཀྱི་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་དུ་རབ་གནས་མེ་ཕོ་སའི་མཇུག་མར་འཁྱུད་པའི་མཐོང་གྲོལ་ཚེས་བཅུ་མཆོད་སྟོན་ཆེན་མོ་སྲུང་བརྩིའི་མཛད་སྒོར་མགྲོན་གྱི་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་༸རྒྱལ་དབང་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། རྒྱ་བལ་འབྲུག་གསུམ་ནང་དུ་ཡོད་པའི་ཀམ་ཚང་བཀའ་བརྒྱུད་ཀྱི་དགོན་སྡེ་ཁག་གི་ སེར་སྐྱ་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚིགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ་དང་དེ་བཞིན་བོད་མིའི་གཞིས་སྒར་སྦིར་དང་རྡ་ས་ཉེ་འཁོར་གྱི་སེར་སྐྱ་མང་ཚོགས་བཅས་འདུ་འཛོམས་ཐོག་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་མཆོག་གིས་རིན་པོ་མཆོག་ཆེས་ཐོག་མ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པ་ནས་བཟུང་བྱེས་ཀྱི་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་དུ་བཅར་ཐུབ་རྒྱུར་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་པ་ལྟར། དེ་རིང་འདིར་དངོས་སུ་བཅར་ཐུབ་པ་འདི་ནི་སྐལ་པ་བཟང་པོ་ཞིག་དང་ལེགས་ཚོགས་ལྷུན་གྱིས་འགྲུབ་པར་ངོས་འཛིན་གྱི་ཡོད་ཅེས་བཀའ་བསྩལ་སོང། དེ་བཞིན་རིན་པོ་ཆེ་མཆོག་གིས་ད་ལྟའི་ཆར་དཔལ་སྤུངས་ཤེས་རབ་གླིང་འདི་ནི་སི་ཏུ་རིན་པོ་མཆོག་གིས་བཀྲིན་ཁོ་ནར་བརྟེན་ནས་ཆོས་ཕྱོགས་ཀྱི་བསྟི་གནས་ཆ་ཚང་བ་ཞིག་ཆགས་ཡོད་པ་རེད། དེས་ན་ཚང་མས་རིན་པོ་ཆེ་མཆོག་གི་བཀྲིན་རྗེས་སུ་དྲན་ཏེ་བསྟན་པའི་ཞབས་འདེགས་མུ་མཐུད་བསྒྲུབ་པར་འབད་དསྤུངས་རྒྱ་གང་ཆེ་གནང་གལ་ཡིན་པ་བཀའ་སློབ་བསྩལ་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྲེལ་ཟླ་ཚེས་བཅུ་མཆོད་སྟོན་འདིའི་ཐོག་བཅར་ཐུབ་པར་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། དེང་གི་འཆར་འཛམ་གླིང་འདིའི་སྟེངས་ནང་ཆོས་དར་སྤེལ་བྱུང་བ་དང་ལྷན་དུ་བོད་ཀྱི་རྩ་དོན་ལ་ཕན་ཐོགས་ཆེན་པོ་བྱུང་བཞིན་ཡོད་པ་ནི་མངོན་གསལ་ཡིན་སྐོར་སོགས་གསུངས་སོང་། གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཆོས་བརྒྱུད་སོ་སོའི་དབུ་ཁྲིད་བླ་ཆེན་རྣམ་པས་དེ་སྔ་བོད་ནང་གང་ཡོད་པའི་མཛད་འཕྲིན་ཁག་མཇུག་སྐྱོང་དང་། ལྷག་དོན་བོད་ཀྱི་ཐུན་མིན་ཆོས་རིག་དང་སྐད་ཡིག ཡུལ་གོམས་གཤིས་ལུགས་དེ་དག་མི་ཉམས་རྒྱུན་གནས་ཐུབ་ཐབས་ཀྱི་འཕྲིན་ལས་ལ་བརྟེན་ནས་གདན་ས་འདི་ཕྱག་བཏབ་མཛད་ཡོད་པ་རེད། ད་ལྟའི་ཆར་ཕྱི་ནང་སྣོད་བཅུད་ཀྱི་འཇིག་རྟེན་གཙོས་དགོན་པའི་རྟེན་དང་བརྟེན་པ་བཅས་པ་བསམ་ཡུལ་ལས་འདས་པ་ཞིག་མངོན་སུམ་དུ་མཇལ་རྒྱུཡོད་སྟབས་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ལ་བཀྲིན་ཆེ་ཞེས་ཞུས་ཡོད་པ་རེད། ལྷག་དོན་དཔལ་སྤུངས་ཤེས་རབ་གླིང་གི་དགོན་བདག་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ད་ལན་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གདས་འདིར་ཆིབས་བསྒྱུར་མཛད་པར་བཀྲིན་བླ་མེད་དུ་ཆེ་ཞེས་ཞུས་པ་འབྲེལ་ཏེ་རིན་པོ་མཆོག་གི་༸སྐུའི་མཛད་འཕྲིན་མི་འཇིགས་རྡོ་རྗེ་ཁམས་སུ་བརྟན་པའི་སྨོན་འདུན་ཤུགས་དྲག་ཆེན་པོས་གསོལ་འདེབས་ཞུས་སོང་། སྤྱིར་དེ་སྔའི་བོད་ལ་༸རྒྱལ་བ་ཀརྨ་པ་རིན་པོ་མཆོག་གི་གདན་ས་གཙོ་བོ་གཉིས་ནི་སྤུངས་ཚུར་ཞེས་དཔལ་སྤུངས་ཤེས་རབ་གླིང་དང་ཚུར་བུ་གཉིས་ཆགས་ཀྱི་ཡོད་པ་རེད། རིན་པོ་མཆོག་བཙན་བྱོལ་དུ་ཕེབས་ནས་བཟུང་ད་བར་ལོ་ ༡༦ ལྷག་གི་རིང་བྱེས་ཀྱི་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་ཆིསབ་བསྒྱུར་མཛད་ཐུབ་མེད་པ་རེད། ཤེས་རྟོགས་བྱུང་བར་། སང་ཉིན་ཕྱི་ཚེས་ ༡༠ སྟེ་སྤྲེལ་ལོའི་ཚེས་བཅུ་མཆོད་སྟོན་མཐའ་མར་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་དཔལ་སྤུངས་ཤེས་རབ་གླིང་གི་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་དུ་དད་ལྡན་མང་ཚོགས་རྣམས་ལ་གུ་རུའི་བཀའ་དབང་བཀྲིན་བསྩལ་ཏེ་མཆོད་སྟོན་མཇུག་སྒྲིལ་མཛད་རྒྱུ་རེད་འདུག རྩ་བའི་དེ་རིང་བྱེས་ཀྱི་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་ཚོགས་པའི་སྤྲེལ་ལོའི་མཆོད་སྟོན་ཆེན་མོ་དེ་བཞིན་ཁ་སང་ཕྱི་ཚེས་ ༨ ཉིན་དབུ་འཛུགས་ཀྱིས་ཚེ་ ༡༠ བར་ཚོགས་ཀྱི་ཡོད་པ་དང་། དེ་རིང་ཚེས་བཅུའི་དངོས་གཞིིའི་མཛད་སྟོན་དང་འབྲེལ་ནས་དཔལ་སྤུངས་ཤེས་རབ་གླིིང་དུ་སྔ་དྲོ་ཚོུད་ ༦ ནས་དབུ་འཛུགས་ཐོག་ཕྱི་དྲོ་བར་མང་ཚོགས་ལ་ཚེས་བཅུའི་གར་འཆམ་འདྲ་མིན་བཅས་ཁྱོན་ ༡༧ གཟིགས་འབུལ་ཞུས་ཡོད་པ་རེད།

རྨ་ཆུ་རྫོང་དུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་འདུག

དེ་རིང་བོད་ནང་གི་ཕྱི་དྲོ་ཕྱག་ཚོུད་ ༦ ཡས་མས་ཙམ་ཞིག་ལ་བོད་མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་འདུག ད་ལྟའི་ཆར་བརྙན་པར་ཁག་ཅིག་ཐོན་བཞིན་པ་ལས། རང་སྲེག་གནང་མཁན་དེ་སྐྱ་སེར་ཕོ་མོ་གང་ཡིན་པ་དང་ཡུལ་ཚོ་སོགས་གང་ནས་ཡིན་པ་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག ས་གནས་རྒྱ་གཞུང་གི་སྤྱི་བདེ་ཉེན་རྟོག་པས་རྒྱལ་གཅེས་པ་དེ་ཉིད་ཀྱི་སྐུ་ལུས་རླུངས་འཁོར་ནང་འཁྱེར་འགྲོ་སྟངས་ལ་གཞིགས་ན། ཁོང་འདས་གྲོངས་སུ་གྱུུར་ཡོད་ཚོད་འདུག འདི་གར་གནས་ཚུལ་འགྲེལ་བརྗོད་གནང་མཁན་གྱིས་གསུངས་པར། རང་ལུས་མེར་སྲེག་བཏང་སྐབས་ཉེ་འཁོར་མི་ཤས་ནས་ནས་རྒྱལ་གཅེས་པ་ཁོང་གིས་བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་ཞེས་པའི་འབོད་ཚིགས་གོ་ཐོས་བྱུང་ཡོད་ཚོད་འདུག

༸གོང་ས་མཆོག་བཞུགས་སྒར་ནས་རྒྱལ་ས་ལྡི་ལི་དང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མཛད་འཕྲིན་ཁག་ཅིག་བསྐྱང་ཕྱིར་ཆིབས་བསྒྱུར་མཛད་པ།

དེ་རིང་ཟླ་ ༡༢ ཕྱི་ཚེས་ ༨ ཉིན་ཚོུད་ ༡།༣༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་གྷ་གལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེ་ཁུལ་དུ་མཛད་འཕྲིན་ཁག་ཅིག་བསྐྱང་ཕྱིར་ཆིབས་བསྒྱུར་མཛད་སོང་། མཛད་འཆར་ལྟར་ན། སང་ཟླ་ ༡༢ ཚེས་ ༩ ཉིན་ཕྱི་དྲོ་ཚོུད་ ༢།༠༠ སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལི་ནང་རྟེན་གཞི་བྱས་པའི་ Thayagraj རྩེད་རར་ཚོགས་གཏན་འཁེལ་བའི་ལྡི་ལི་བོད་ཀྱི་ཁང་པ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བ་དང་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༡༠༠ ཐམ་པ་འཁོར་བར་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་མཛད་རྒྱུ་དང་འདི་བཞིན་༸གང་ཉིད་མཆོག་གིས་སྐབས་དེར་བཅར་བའི་མང་ཚོགས་རྣམས་ལ་མི་ཚེའི་གོ་དོན་དང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་མཛད་ཀྱི་ཡོད་པ་རེད། གོང་ཚེས་ཉིན་སྔ་དྲོ་མགོན་པོ་མཆོག་གིས་ Dr. Ambedkar གཙུག་ལག་སློབ་གཉེར་ཁང་དུ་བཀའ་སློབ་སྩལ་རྒྱུ་དང་། དེ་རྗེས་ཚེས་ ༡༡ ཉིན་ལྡི་ལྟར་རྟན་གཞི་བྱས་པའི་ Ashoka གསོལ་མགྲོན་ཁང་དུ་ Tushita ཆོས་ཚོགས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་ཆོས་འབྲེལ་གྱི་མཛད་འཆར་བསྐྱང་རྒྱུའི་ཐུགས་གཏན་འཁེལ་ཡོད་པ་རེད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་རྒྱུའི་མཛད་སྒོ་ཐོག་ལྡི་ལིར་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་གཙོས་པའི་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་དང་རྒྱལ་ས་ལྡི་ལིའི་སྲིད་སྐྱོང་སྐུ་ཞབས་ Najeeb Jung མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་གིས་དབུས་པའི་གནད་ཡོད་མི་སྣ་ཁག་ཆེད་ཕེབས་གནང་གི་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལི་ནང་གྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀ་ན་ཊ་ཀའི་ནང་ཆིབས་བསྒྱུར་གྱིས་གྲོང་ཁྱེར་སྦེང་ལོར་དང་མེ་སོར་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་སློབ་ཁང་དང་མེ་སོར་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་དགེ་ལས་སློབ་གཉེར་བ་རྣམས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་ཐུགས་གཏན་འཁེལ་ཡོད་པ་རེད། དེའང་ལྷོ་ཕྱོགས་ནང་གི་མཛད་འཆར་ཁག་ལ་གཞིགས་ན། ཟླ་བ་འདིའི་ཚེས་ ༡༤ ཉིན་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་སློབ་ཁང་དབུ་འབྱེད་ཀྱི་མཛད་སྒོར་དབུ་བཞུགས་མཛད་ཀྱི་ཡོད་པ་དང་། ཕྱི་ཚེས་ ༡༣ ཉིན་ཀ་ན་ཊ་ཀ་མངའ་སྡེའི་མེ་སོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མེ་སོར་གཙུག་ལག་སློབ་གཉེར་ཁང་གིས་ཇི་ལྟར་གདན་ཞུ་ཕུལ་དོན་ལྟར་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་རྒྱུ། དེ་རྗེས་ཕྱི་ཚེས་ ༡༥ ཉིན་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁྲིམས་ཀྱི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་མཛད་འཆར་ཁག་ཅིག་བསྐྱང་རྒྱུ་དང་ཚེས་ ༡༦ ཉིན་སྔ་དྲོ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་གདན་ས་ཆེན་པོ་འབྲས་སྤུངས་དགོན་པར་༸ཞབས་སོར་བདེ་བར་འཁོད་གནང་གི་འདུག་པ་དང་། ཕྱི་ཉིན་ཚེས་ ༡༧ ཉིན་སྔ་དྲོ་འབྲས་སྤུངས་བློ་གསལ་གླིང་དུ་སེམས་དང་སྲོག་གི་ཚན་རིག་བགྲོ་གླེང་མཛད་སྒོར་དབུ་བཞུགས་མཛད་རྒྱུ་ཡིན་པ་རེད། ཚེས་ ༡༨ ནས་ ༢༠ བར་ཉིན་གསུམ་རིང་ཚན་རིག་བགྲོ་གླེང་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་བསྩལ་རྒྱུ་དང་ཚེས་ ༢༡ ཉིན་འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན་མཆོག་གིས་འབྲས་སྤུངས་དགོན་པ་ཕྱག་བཏབ་ནས་ལོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་དབུ་བཞུགས་མཛད་ནས་དགེ་བཤེས་ལྷ་རམས་དང་བཀའ་རམས་ཐོན་མཁན་རྣམས་ལ་ཕྱག་འཁྱེར་གསོལ་བསྩལ་གནང་རྒྱུ། ལྷག་དོན་༸གང་ཉིད་མཆོག་གིས་ཚེས་ ༢༢ ཉིན་སྔ་ཐོག་དགེ་བཤེས་མ་ཐོན་མཁན་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་གསོལ་བསྩལ་མཛད་རྒྱུ་དང་ཉིན་རྒྱབ་མོན་གྷོ་འདོ་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་གཏན་སློབ་གསར་འཛུགས་གནང་སྟེ་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་དབུ་བཞུགས་མཛད་རྒྱུ་རེད་འདུག ཕྱི་ཚེས་ ༢༣ ཉིན་༸རྗེ་ཙོང་ཁ་པ་ཆེན་པོ་དགོངས་རྫོགས་ཉིན་དང་བསྟུན་དགའ་ལྡན་དགོན་པར་༸ཞབས་སོར་བདེ་བར་འཁོད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་དང་ཕྱི་ཚེས་ ༢༤ ཉིན་༸གོང་ས་མཆོག་མོན་གྷོ་འདོད་རྒུ་གླིང་ཁུལ་གྱི་མཛད་འཆར་ཁག་རེ་ཞིག་ལེགས་གྲུབ་ཟིན་རྗེས་མོན་གྷོ་འདོད་རྒུ་གླིང་ནས་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་རེད་འདུག

Latest news