Tibetan Royal Year of 2151 | Year of the Wood Dragon

Uncategorized

རེས་གཟའ་སྤེན་པ། ༢༠༢༢།༡༠།༡༥

ཉན་པ།: Listen ཕབ་ལེན། Download རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུ་པར་དོ་སྣང་བྱེད་དགོས་པའི་གནད་དོན་དང་རྒྱ་ནག་སྤྱིའི་མ་འོངས་ཆབ་སྲིད་གནས་བབ་སྐོར་གླེང་མོལ།   Saturday 15/10/2022 Decoding the 20th Communist Party Congress with TPI’s Director  

ཚོང་འབྲེལ་གོ་སྐབས་དང་མ་འོངས་ལས་དོན་གཉེར་ཕྱོགས་བཅས་ཀྱི་ལྷན་འཛོམས་གནང་བ།

ཁ་སང་འདི་ག་བོད་སྒར་བསམ་ཡས་གླིང་དུ་སྐབས་དྲུག་པའི་རྒྱུན་ལས་ཀྱི་ཚོགས་གཙོ་བཀྲིས་དབང་འདུས་ལགས་དབུ་བཞུགས་ཐོག་ལྡི་ལི་ཁུལ་དུ་ཡོད་པའི་བོད་རིགས་ཚོང་པ་ཚོའི་ལྷན་ཚོགས་ཤིག་གནང་ཡོད།ལྡི་ལི་བོད་སྒར་བསམ་ཡས་གླིང་གི་བརྒྱ་འཐུས་ཚོགས་ཁང་དུ་ལྷན་ཚོགས་ཐོག་ཚོགས་གཙོ་བཀྲིས་དབང་འདུས་ལགས་ཀྱིས་མ་འོངས་པར་ཚོང་པའི་བདེ་ཚོགས་ཀྱི་ངོས་ནས་ལྡི་ལི་བོད་སྒར་བསམ་ཡས་གླིང་རང་དུ་བོད་ཀྱི་དུས་སྟོན་གོ་སྒྲིག་གནང་འཆར་ཡོད་པ་དང་ལྷག་པར་དེང་སྐབས་བོད་མིའི་གཞིས་ཆགས་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་པ་འཕེལ་རྒྱས་འགྲོ་བཞིན་པའི་གོ་སྐབས་དང་བསྟུན་གཞིས་ཆགས་སོ་སོའི་ནང་བོད་ཀྱི་དུ་སྟོན་གོ་སྒྲིག་ཐུབ་ཐབས། དེ་བཞིན་སྤྱི་ཚོགས་དྲ་རྒྱའི་དུས་སྐབས་དང་བསྟུན་བོད་ཀྱི་ཚོང་ལས་བདེ་ཚོགས་ཀྱིས་ Amazon ལྟ་བུ་བོད་པའི་ཚོང་པ་ཚོའི་བཟོ་ཚོང་གོང་འཕེལ་ཡོང་ཐབས་སོགས་ཀྱི་ལས་འཆར་གསར་གཏོད་གནང་རྒྱུ་བང་རིམ་སྒྲིག་ཡོད་སྐོར་གསུངས་སོང་།  དེ་བཞིན་ཁོང་གིས་མ་འོངས་པར་བོད་མིའི་ཟ་ཁང་དང་མགྲོན་ཁང་། འགྲེམ་འགྲུལ་ལས་ཁང་སོགས་སྤྱི་ཚོགས་དང་འབྲེལ་བའི་ཚོང་ལས་གཉེར་མཁན་ཚོར་ཞབས་ཞུ་ཚད་ལྡན་ཞུ་ཐབས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་འཆར་ཡོད་པ་སོགས་གསུངས་པ་དང་འབྲེལ་ཏེ། ལྡི་ལི་ས་གནས་སྲིད་གཞུང་གིས་བོད་སྒར་བསམ་ཡས་གླིང་འདི་བཟའ་བཏུང་གི་ལྟེ་གནས་ food Hub ཤིག་བསྐྲུན་ཐབས་ཀྱི་ལས་འཆར་ཡོད་པར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ངོས་ནས་གོ་སྐབས་དམ་འཛིན་གནང་སྟེ་ཁ་སང་ཡུལ་སྐོར་སྤྲོ་འཆམ་གྱི་བློན་ཆེན་སྐུ་ཞབས་ Rajendra Pal མཆོག་དང་དངོས་སུ་འཇལ་འཕྲད་ཞུས་ཡོད་ཅེས་གསུངས་ཡོད།བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལྷན་ཚོགས་སྐབས་ལྡི་ལི་ཁུལ་དུ་ཡོད་པའི་ཚོང་པའི་བདེ་ཚོགས་ཀྱི་ཚོགས་མི་སུམ་ཅུ་ལྷག་མཉམ་ཞུགས་གནང་འདུགལྷན་ཚོགས་ཐོག་མ་འོངས་པར་ཚོང་ལས་བདེ་ཚོགས་ཀྱི་ཚོགས་འབྲེལ་སྐུ་ཚབ་ཨ་རིར་སྐོར་སྐྱོད་གནང་ཕྱོགས་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་ཡོད་པ་མ་ཚད་པར་ཕྱི་དྲོར་ཚོགས་གཙོས་དབུས་པའི་རྒྱུན་ལས་ཁག་གཅིག་རྒྱལ་ས་ལྡི་ལིར་ཡོད་པའི་ཐེ་ཝན་གྱི་ཚོང་ལས་སྡེ་ཚོགས་ཀྱི་སྐུ་ཚབ་ཁག་དང་ལྷན་དུ་དམིགས་བསལ་འཇལ་འཕྲད་ཞུས་ཡོད་པ་རེད། བོད་ཀྱི་ཚོང་ལས་བདེ་ཚོགས་སམ་ Tibetan Chamber of Commerce ནི་རྒྱལ་སྤྱིའི་ནང་ཡོད་པའི་བོད་མི་ཚོང་པ་ཕན་ཚུན་དབར་མཐུན་འབྲེལ་གོང་འཕེལ་དང་ཚོང་ལས་ཀྱི་གོ་སྐབས་གསར་བསྐྲུན་ཡོང་ཐབས་བཅས་ལ་ཆེད་དམིགས་ཀྱིས་གསར་འཛུགས་གནང་བའི་ཚོང་ལས་བདེ་ཚོགས་ཤིག་ཡིན་པ་རེད།

རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་མིའི་གཞིས་སྒར་ཁག་ཏུ་བོད་ཀྱི་སྐད་ཡིག་ཆེད་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་རྒྱུ།

བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་ཡོད་པའི་བོད་མིའི་གཞིས་སྒར་དང་སློབ་གྲྭ་ཁག་ཏུ་ཕྱི་ཟླ་ ༡༠ དང་ ༡༡ ལ་བོད་ཀྱི་སྐད་ཡིག་ཆེད་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་རྒྱུ་རེད་འདུག བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ནས་དེ་རིང་ཕྱག་ཚོད་ ༡༢ ཐོག་བཞུགས་སྒར་གངས་སྐྱིད་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་སྐད་ཡིག་ཆེད་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་བ་དང་། སྐབས་དེར་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས་ཀྱིས་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི། བཙན་བྱོལ་སྤྱི་ཚོགས་ནང་སྐད་ཡིག་ཉམས་ཆག་གི་གནས་སྟངས་དེ་དཀའ་ངལ་ཆེན་པོ་ཆགས་ཡོད་པ་དང་། ལྷག་པར་དུ་བོད་ནང་ལ་མཚོན་ན་རྒྱ་ནག་གཞུང་གིས་ཆེད་མངགས་བོད་ཀྱི་སྐད་ཡིག་རྩ་མེད་བཟོས་དང་བཟོ་བཞིན་ཡོད་སྟབས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་ངོས་ནས་དེར་གདོང་ལེན་གནང་ཕྱིར་ལས་འགུལ་འདི་ལྟར་སྤེལ་གལ་གཟིགས་ཀྱི་ཡོད་སྐོར་གསུངས་སོང་། གསར་འགོད་པས་བཅར་འདྲི་ཞུས་སྐབས་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས་ཀྱིས་སྐད་ཡིག་སྲུང་སྐྱོབ་ཐོག་ང་ཚོ་ཚང་མས་ཤུགས་རྒྱག་དགོས་པ་དང་ལྷག་པར་ཁྱིམ་ཚང་ནང་ཕ་མ་ཚོས་གང་ཐུབ་ཅི་ཐུབ་ཀྱིས་བོད་སྐད་རྒྱག་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། ཁྱད་པར་དུ་བོད་མི་ཕན་ཚུན་དབར་ཕྱག་བྲིས་གནང་སྐབས་ངེས་པར་དུ་བོད་ཡིག་བཀོད་སྤྱོད་གནང་གནད་ཡིན་སྟབས་དེར་འབད་རྩོན་གནང་རོགས་ཞེས་གཞེན་སྐུལ་གནང་སོང་།  དེ་བཞིན་ཚོགས་པའི་དངུལ་གཉེར་ལོ་ཡག་བཀྲ་ཤིས་ལགས་ཀྱིས་ད་ཆ་ང་ཚོ་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ངོས་ནས་བོད་ཀྱི་སྐད་ཡིག་ལ་ཐུགས་སྣང་ཞིག་གནང་གི་ཡོད་པ་རེད་ལ། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་གནང་བ་ཙམ་གྱིས་ཡག་པོ་རེད་བསམ་གྱི་འདུག་ཀྱང་། དྲ་ཐོག་ལ་བོད་ཡིག་བྲིས་ནས་ནོར་མཁན་ཚོར་སྐྱོན་བརྗོད་མ་གནང་བར་ཕ་རོལ་པོ་ལ་ཐབས་མཁས་པོའི་ཐོག་ནས་ཞུ་གལ་ཡིན་པས་དེ་ལྟར་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད། རྩ་བའི་ཕྱི་ལོ་ ༢༠༡༩ འདི་ལོ་ནས་བཟུང་བོད་པའི་སློབ་གྲྭ་ཁག་ཏུ་རྒྱལ་ཡོངས་འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་ལ་བརྒྱ་ཆ་ ༩༥ སོན་མཁན་ཚང་མར་ཆེ་བསྟོད་ཀྱི་ཕྱག་འཁྱེར་དང་ཧིན་སྒོར་ལྔ་སྟོང་རེ་གནང་བཞིན་ཡོད་པ་རེད། གཞི་རྩའི་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ནི་ཕྱི་ལོ་ ༢༠༡༣ ལོར་གསར་འཛུགས་བྱས་ཤིང་། འདས་པའི་ལོ་ངོ་དགུའི་རིང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་འཁོར་དབང་ཆེན་སྩལ་སྐབས་དང་བོད་ཀྱི་མཐོ་སློབ་ཁག སློབ་གྲྭ གཞིས་ཆགས། དེ་བཞིན་ཕྱི་རྒྱལ་སོགས་ས་གནས་དུ་མར་ཚོགས་མི་ཚོས་གོ་སྐབས་ནམ་བྱུང་ལ་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཆེད་ལས་འགུལ་སྣ་མང་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད། ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་སྦྲགས་སྐད་རྒྱག་རྒྱུ་ཉུང་དུ་གཏོང་ཐབས་དང་བོད་སྐད་གཙང་མ་རྒྱག་ཐབས། བོད་ཡིག་གང་ཐུབ་ཀྱིས་བཀོད་སྤྱོད་གནང་ཐབས་བཅས་ཡིན་པ་རེད། ད་ལྟའི་ཆར་ཚོགས་པ་དེར་ཚོགས་མི་ ༤༠ ཙམ་ཞིག་ཡོད་པ་རེད། ཚོགས་པའི་ངོས་ནས་བོད་ཀྱི་སྐད་ཡིག་ཆེད་སྐོར་སྐྱོད་དང་པོ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གྱ་སྟོན་དང་འབྲེལ་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་གནང་ཡོད་པ་དང་གཉིས་པ་ཕྱི་ལོ་ ༢༠༡༩ ལོར་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་སྐུ་གཤེགས་ནས་མི་ལོ་ ༣༠ འཁོར་བའི་རྗེས་དྲན་དང་བསྟུན་རྒྱ་གར་བྱང་ཕྱོགས་ཀ་རྡོར་སྒང་གསུམ་གྱི་བོད་མིའི་གཞིས་ཁག་ཏུ་ཕྱོགས་སྐྱོད་གནང་ཡོད།

གླིང་རིན་པོ་ཆེ་དབུ་བཞུགས་ཐོག་སོག་པོ་གཞུང་ལ་༸རྒྱལ་བའི་བཀའ་འགྱུར་པར་བསྐྲུན་གྱིས་ཕྱག་རྟགས་ཕུལ་བ།

༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སོག་ཡུལ་དུ་གདན་ཞུས་ཀྱིས་རྒྱ་གར་གཞུང་གིས་སོག་ཡུག་མི་མང་རྣམས་ལ་སོག་སྐད་དུ་བཞུགས་པའི་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པོ་ཏི་ ༡༠༨ པར་བསྐྲུན་གྱིས་ཕྱག་རྟགས་སུ་ཕུལ་འདུག རྒྱ་གར་དབུས་གཞུང་རིག་གཞུང་བློན་ཆེན་ལས་ཁུངས་དང་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས། དེ་བཞིན་སོག་ཡུལ་དུ་རྟེན་གཞི་བྱས་པའི་དགའ་ལྡན་དགོན་པ་བཅས་ཐུན་མོང་གིས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་ཏེ་རིན་པོ་ཆེ་མཆོག་ཟླ་ ༡༠ ཚེས་ ༧ ཉིན་སོག་ཡུལ་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་དེ་ཁ་སང་ཚེས་ ༩ ཉིན་རྒྱལ་ས་ཨུ་ལན་བྷ་དྷོར་ནང་རྟེན་གཞི་བྱས་པའི་དགའ་ལྡན་དགོན་པའི་ཚོགས་ཁང་དུ་རྒྱ་གར་གཞུང་གིས་སོག་ཡུག་མི་མང་རྣམས་ལ་སོག་སྐད་དུ་བཞུགས་པའི་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པོ་ཏི་ ༡༠༨ ཆ་ཚང་ཚར་ ༥༠ ཐམ་པ་པར་བསྐྲུན་གྱིས་ཕྱག་རྟགས་སུ་འབུལ་ལམ་གྱི་མཛད་སྒོར་དབུ་བཞུགས་མཛད་འདུག༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཕྱག་མཛོད་བསྟན་འཛིན་མཁྱེན་བརྩེ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། མཛད་སྒོ་ཐོག་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་སོག་ཡུལ་ནང་པ་ཡོངས་ཀྱི་དབུ་ཁྲིད་མཁན་པོ་ Nomun Khan མཆོག དེ་བཞིན་སོག་པོའི་ཤེས་རིག་བློན་ཆེན་མཆོག རིག་གཞུང་བློན་ཆེན་གཞོན་པ། དེ་མིན་རྒྱ་གར་གཞུང་ཚབ་པ་སོགས་རྒྱ་གར་དང་སོག་པོའི་གནད་ཡོད་མི་སྣ་ཁག་གཅིག་ཆེད་ཕེབས་གནང་འདུགཐེངས་འདིའི་མཛད་འཆར་ཁྲོད་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཟླ་བ་འདིའི་ཚེས་ ༧ ཉིན་ལོ་རྒྱུས་རང་བཞིན་ལྡན་པའི་དགའ་ལྡན་དགོན་པའི་ནང་རྒྱ་གར་གཞུང་ཚབ་ཁང་དང་དགའ་ལྡན་དགོན་པའི་གོ་སྒྲིག་འོག་རྒྱ་གར་དང་སོག་པོའི་གནད་ཡོད་མི་སྣ་གཙོས་རྒྱ་གར་དབུས་རིག་གཞུང་ལྷན་ཁང་གི་འཛིན་སྐྱོང་གནང་བའི་ལྡི་ལི་ Indra Gandhi རྒྱལ་ཡོངས་མཐོ་སློབ་དང་སོག་ཡུལ་མཐོ་རིམ་སློབ་གྲྭ་ཁག་བཞི་ལྷན་གྲོས་མཐུན་ཡིག་ཆར་ཕན་ཚུན་མཚན་རྟགས་བཀོད་པའི་མཛད་སྒོར་དབུ་བཞུགས་མཛད་པ་དང་། དེ་བཞིན་དགའ་ལྡན་དགོན་པར་སྒྲོལ་དཀར་ཚེ་དབང་དང་དཔལ་ལྡན་ལྷ་མོའི་བཀའ་དབང་སྩལ་བ། སོག་ཡུལ་གྱི་མཐོ་སློབ་དང་དགོན་སྡེ་ཁག དེ་བཞིན་ཆོས་ཚོགས་ཁག་བཅས་སུ་ཆིབས་བསྒྱུར་མཛད་རྒྱུ་རེད་འདུག མཛད་འཆར་ལ་གཞིགས་ན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སོག་ཡུལ་ནང་ཟླ་བ་འདིའི་ཚེས་ ༧ ནས་ ༡༢ བར་ཉིན་གྲངས་དྲུག་རིང་བཞུགས་བཞག་མཛད་ཀྱི་འདུག སོག་ཡིག་ནང་ཡོད་པའི་༸རྒྱལ་བའི་བཀའ་འགྱུར་རིན་པོ་དེ་བོད་ཡིག་ནས་སོག་སྐད་དུ་ཕབ་བསྒྱུར་ཞུས་ཡོད་པ་དང་། སོག་ཡུལ་གྱི་ལུགས་སྲོལ་ལྟར་བཀའ་འགྱུར་ཆ་ཚང་རེ་སོག་ཡུལ་གྱི་དགོན་སྡེ་ཚང་མའི་ནང་རྟེན་དུ་བཞུགས་ཡོད་ཀྱང་། སོག་ཡུལ་དུ་དམར་ཤོག་གིས་དབང་བསྒྱུར་བྱས་པར་བརྟེན་སྐབས་དེའི་བཀའ་འགྱུར་སོགས་ཀྱི་ཤིང་པར་རྣམས་མེར་བསྲེགས་དང་རྩ་ཆེའི་དཔེ་ཆ་ཡོངས་རྫོགས་དགོན་པ་ནས་རྩ་མེད་བཏང་ཡོད་པ་རེད། རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་གི་ཐུགས་དགོངས་དང་ལམ་སྟོན་འོག་རྒྱ་གར་དབུས་གཞུང་རིག་གཞུང་ལས་ཁུངས་དང་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཐུན་མོང་གིས་ཐུགས་འགན་བཞེས་ཏེ་སོག་ཡིག་གི་བཀའ་འགྱུར་པོ་ཏི་ ༡༠༨ ཆ་ཚང་ཕྲ་གཟུགས་སྦྱིན་ཤོག་ལས་བསྐྱར་དུ་པར་བསྐྲུན་ཞུས་ཏེ། བཀའ་འགྱུར་པར་ཕུད་ཐོག་མ་དེ་ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་གྱི་སྲིད་འཛིན་མཆོག་ལ་ཕུལ་ཡོད་པ་དང་དེ་རྗེས་ ༢༠༢༡ ལོར་ཨུ་རུ་སུའི་མངའ་ཁོངས་ཀྱི་ནང་པའི་དགོན་སྡེ་དང་དཔེ་མཛོད་བཅས་ལ་པར་བསྐྲུན་གནང་ཡོད་ཅིང་། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཆིབས་བསྒྱུར་གསོལ་འདེབས་ཇི་ལྟར་ཞུས་དོན་ལྟར་བཀའ་བཞེས་སྨིན་སྩལ་གྱིས་བོད་གངས་ཅན་པ་དང་སོག་པོའི་མི་མང་དབར་ལོ་རྒྱུས་ཐོག་ནས་ཐུན་མིན་གྱི་འབྲེལ་བ་དམ་ཟབ་ཡོད་པར་བཀའ་སྩལ་ཡོད་པ་རེད།

བཞུགས་སྒར་དུ་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ ༡༡ པ་དབུ་འཛུགས།

དེ་རིང་བཞུགས་སྒར་རྡ་རམ་ས་ལའི་ Club House གསོལ་མགྲོན་ཁང་དུ་ Tibet Film Festival ཞེས་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ ༡༡ པ་དེ་དབུ་འཛུགས་གནང་སོང་བ་དང་། དུས་སྟོན་དེ་བཞིན་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་རྗེས་རྡ་རམ་ས་ལར་དེ་འབྲེལ་མི་མང་འདུ་འཛོམས་ཐོག་སྔར་རྒྱུན་བཞིན་ཚོགས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད། རྩ་བའི་ལོ་ལྟར་བོད་ཀྱི་གློག་བརྙན་དུས་སྟོན་འདི་བཞིན་ཡུ་རོབ་རྒྱལ་ཁབ་ Swiss ཡི་ Zurich གྲོང་ཁྱེར་དང་བཞུགས་སྒར་རྡ་རམ་ས་ལ་གཉིས་སུ་དུས་གཅིག་ལ་གོ་སྒྲིག་གནང་གི་ཡོད་པ་དེ་ལྟར་ཡང་། འདི་ལོའི་དུས་སྟོན་འདི་བཞིན་ Zurich དང་རྡ་རམ་ས་ལ་ཙམ་མ་ཟད། Berlin དང་ London ནང་དུའང་གོ་སྒྲིག་གནང་གི་ཡོད་པ་རེད་འདུག ཐེངས་འདིའི་དུས་སྟོན་ཐོག་བོད་ནང་གི་གློག་བརྙན་བཟོ་བསྐྲུན་པ་སྙན་གྲགས་ཆེ་བ་གསུམ་གྱི་བཟོས་པའི་གློག་བརྙན་ ༣ གཟིགས་འབུལ་ཞུ་རྒྱུ་དང་། གཞན་ཡང་དུས་སྟོན་གྱི་དམིགས་ཡུལ་གཙོ་བོ་གཅིག་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གློག་བརྙན་བཟོ་བསྐྲུན་གྱི་རྒྱུ་རྩལ་ལ་དོ་སྣང་ཡོད་མཁན་བོད་རིག་གཞོན་སྐྱེས་རྣམས་ལ་གློག་བརྙན་གྱི་ལམ་ནས་རང་གི་སྒྲུང་བཤད་རྒྱུའི་སྡིངས་ཆ་བསྐྲུན་རྒྱུ་དེ་ཡིན་པ་དང་། འདི་ལོའི་བོད་ཀྱི་གློག་བརྙན་དུས་སྟོན་འདིའི་ཐོག་འཛམ་གླིང་རྒྱལ་ཁབ་ ༧ ཁྲོད་གྱི་བོད་རིག་གཞོན་སྐྱེས་གློག་བརྙན་བཟོ་བསྐྲུན་པ་ ༡༠ ཡི་གློག་བརྙན་ཐུང་བ་རེ་དུས་སྟོན་ཐོག་གཟིགས་འབུལ་དང་འགྲན་བསྡུར་གནང་རྒྱུ་ཡིན་པ་རེད་འདུག དེ་བཞིན་ཐེངས་འདིའི་དུས་སྟོན་ཐོག་བོད་རིག་སྒྱུ་རྩལ་བ་ཁག་ཅིག་ནས་རང་ཉིད་ཀྱི་སྒྱུ་རྩལ་འགྲེམས་སྟོན་གནང་རྒྱུ་སོགས་ཀྱི་ལས་རིམ་ཡང་ཡོད་འདུག དེ་རིང་སྔ་འདྲོ་ཕྱག་ཚོད་ ༡༡།༣༠ ཐོག་བལ་ཡུལ་ནང་གི་གློག་བརྙན་བཟོ་བསྐྲུན་པ་ Dhondup Tsering Gurung ལགས་ཀྱི་བཟོ་བསྐྲུན་གནང་བའི་གློག་བརྙན་ Ama Khando ཞེས་པ་དེ་གཟིགས་འབུལ་དང་སྦྲགས་ནས་དུས་སྟོན་དབུ་འབྱེད་གནང་སོང་། དུས་སྟོན་གྱི་ཉིན་མཐའ་མར། ཐེངས་འདིའི་དུས་སྟོན་གྱི་གློག་བརྙན་ཐུང་ངུའི་འགྲན་བསྡུར་གྱི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པའི་ཁྲོད། བོད་རིག་གཞོན་སྐྱེས་གློག་བརྙན་བཟོ་བསྐྲུན་པ་ Tenzin Yangdon Nesar ལགས་ཀྱི་བཟོ་བསྐྲུན་གནང་བའི་གློག་བརྙན་ Tschuedok ཞེས་པ་དེར་ Zurich དང་ Dharamsala གཉིས་ཀའི་ནང་དུ་མི་མང་དང་གཟུ་དཔང་བཅས་ནས་རིམ་པ་གཉིས་ཀའི་ཁྲོད་འོས་མང་ཤོས་ཐོབ་པ་དང་འབྲེལ། ཨ་སྒོར་ ༥༠༠ དང་ ༡༠༠༠ གྱི་བྱ་དགའ་གཉིས་ཀ་ཐོབ་འདུག

བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་དགེ་སློབ་ཁག་ཅིག་བཞུགས་སྒར་དུ་ཤེས་ཡོན་ལྟ་སྐོར་གནང་བ།

ཟླ་བ་འདིའི་ཚེས་ ༥ ནས་དེ་རིང་ཚེས་ ༧ བར་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་དགེ་སློབ་ཁག་ཅིག་བཞུགས་སྒར་དུ་ཤེས་ཡོན་ལྟ་སྐོར་གནང་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་རྒྱལ་མཐོ་རིམ་སློབ་གྲྭའི་འཛིན་རིམ་བཅིུས་ཀྱི་སློབ་མ་གྲངས་ ༣༤ དང་དགེ་ལས་ ༢ བཅས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་འདུགཐེངས་འདིའི་ཤེས་ཡོན་ལྟ་སྐོར་ཁྲོད་ཁོང་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་བོད་ཀྱི་དཔེ་མཛོད་ཁང་བཅས་ལ་ཤེས་ཡོན་ལྟ་སྐོར་གནང་ཡོད་པ་བཞིན་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་དང་བོད་རིགས་གཞོན་སྐྱེས་ཀྱི་འགན་ཁྲིའི་སྐོར་ལམ་སྟོན་གནང་ཡོད།

བདེ་ལེགས་སྨན་ཁང་དུ་ཕྱག་ལས་གནང་སྟེ་དགེ་བའི་ལས་སྟོབས་ཆེན་བསགས་ཡོད་པས་སེམས་སྐྱིད་པོ་གྱིས་ཤིག་ཅེས་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་ཕོ་བྲང་དུ་བདེ་ལེགས་སྨན་ཁང་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་སྟོན་དང་བསྟུན་སྨན་ཁང་གི་ལས་སྣེ་དང་ཞབས་ཞུ་བ་ཡོངས་ལ་མཇལ་ཁ་སྩལ་ཡོད་པ་དང་སྐབས་དེར་༸གོང་ས་མཆོག་གིས་བདེ་ལེགས་སྨན་ཁང་ལ་སྨན་གཏུག་གནང་མཁན་ཚོས་ཕན་ཐོགས་བྱུང་ཞེས་དགའ་མོས་གནང་མཁན་མང་པོ་ཡོང་གི་འདུག་པས་སྨན་ཁང་གིས་ད་བར་མི་མང་མཆོག་དམན་དབྱེར་མེད་ཚང་མར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྟབས། སྨན་ཁང་ལ་སྨན་གཏུག་གནང་མཁན་ཡོངས་ཀྱི་སྐུ་ཚབ་མཛད་དེ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་མཛད་པར་མ་ཟད་ལྷག་པར་དུ་བདེ་ལེགས་སྨན་ཁང་ནི་མགོན་པོ་༸གང་ཉིད་མཆོག་གི་བཞུགས་སྒར་དང་ཇོ་བོ་ཝ་ཏི་བཟང་པོ་འདིར་བཞུགས་པའི་ཆ་ནས་དམིགས་བསལ་ཆགས་ཅན་ཞིག་ཡོད་ཅེས་དང་སྨན་ཁང་གིས་སྔར་བཞིན་དལས་དོན་མཐའ་དག་ལ་ཧུར་ཐག་གྱིས་ཤིག་ཅེས་བཀའ་སྩལ་འདུགདེ་བཞིན་མགོན་པོ་མཆོག་གིས་སྨན་ཁང་གི་ཞབས་ཞུ་བ་ཚོས་ནད་པར་ལྟ་སྐབས་སྒྲོལ་མའི་གཟུངས་སྔགས་བགྲང་ན་ཕན་ཐོགས་ཡོད་པ་བཀའ་སྩལ་བ་དང་ཆབས་ཅིག བཙན་བྱོལ་དུ་བཞུགས་རིང་བདེ་ལེགས་སྨན་ཁང་དུ་ཕྱག་ལས་གནང་བ་དེས་དགེ་བའི་ལས་སྟོབས་ཆེན་བསགས་ཡོད་པ་སྤྱི་དང་སྒོས་འཕགས་པ་སྤྱན་རས་གཟིགས་ཀྱིས་དུས་རྟག་ཏུ་གཟིགས་བཞིན་ཡོད་བསམ་ནས་སེམས་སྐྱིད་པོ་གྱིས་ཤིག་ཅེས་བཀའ་སྩལ་ཡོད།མགོན་པོ་༸གང་ཉིད་མཆོག་གིས་ད་ལྟ་བོད་ཀྱི་གནས་སྟངས་དཀའ་ངལ་ཅན་ཞིག་ཆགས་ཡོད་ཀྱང་འགྱུར་བ་ཏན་ཏན་འགྲོ་གི་རེད། ངོས་ཀྱི་ངོ་ཤེས་པ་ཚོས་ད་ལྟ་ཆབ་སྲིད་ཀྱི་ཐོག་ནས་རྒྱ་མིས་བོད་ལ་དབང་བསྒྱུར་བྱས་ཡོད་ཀྱང་། མ་འོངས་པར་ཆོས་ཕྱོགས་ཀྱི་ཐོག་ནས་རྒྱ་ནག་ལ་དབང་བསྒྱུར་ཐུབ་ཀྱི་རེད་ཅེས་སྙན་སེང་ཞུས་སྐོར་བཀའ་སྩལ་བ་དང་། དེང་སང་རྒྱ་ནག་ཏུ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཚོས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་དམིགས་བསལ་གྱིས་དགའ་བོ་བྱེད་ཀྱི་འདུག གང་ལྟར་བོད་ཀྱི་བདེན་མཐའ་གསལ་བ་ཞིག་ཏན་ཏན་ཡོང་གི་རེད་ཅེས་བཀའ་སྩལ་འདུག

བདེ་ལེགས་སྨན་ཁང་དབུ་བརྙེས་པའི་ལྔ་བཅུའི་དུས་སྟོན་སྲུང་བརྩི་ཞུས་པ།

དེ་རིང་སྔ་དྲོ་ཚོུད་ ༡༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་བདེ་ལེགས་སྨན་ཁང་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་ལྔ་བཅུའི་དུས་སྟོན་སྲུང་བརྩི་དང་སྦྲགས་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་མི་ལོ་ ༤༠ ལྷག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་དང་བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པའི་ཐུགས་འགན་གཟེངས་སུ་ཐོན་པ་གནང་དང་གནང་མུས་ལ་ལེགས་གསོའི་བསྔགས་བརྗོད་ཀྱི་མཛད་སྒོ་ཞིག་ཚོགས་སོང་།མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་པའི་བཙན་བྱོལ་བོད་མིའི་མང་གཙོའི་ཀ་གསུམ་གྱི་མཛད་གཙོ་རྣམ་པ། བཀའ་ཟུར་དང་སྤྱི་ཟུར་། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་སོགས་འདུ་འཛོམས་གནང་བའི་ཐོག་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་མི་ལོ་ ༤༠ ལྷག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་དང་བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པའི་ཐུགས་འགན་བཞེས་མུས་ལ་ལེགས་གསོའི་བསྔགས་བརྗོད་མཚོན་ཕྱིར་འཇམ་དཔལ་དབྱངས་ཀྱི་སྐུ་བརྙན་དང་ལྷན་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཕུལ་སོང་བ་དང་དེ་བཞིན་ཞབས་ལོ་ ༢༠ འཁོར་བའི་ལས་བྱེད་ཁག་གཅིག་ལ་སརྒྱས་སྨན་ལྷའི་སྐུ་བརྙན་སོགས་གནང་ཡོད།བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་བདེ་ལེགས་སྨན་ཁང་གིས་རིགས་རུས་དང་ཆོས་ལུགས། ལུང་ཚན་དང་ཕོ་མོ། དེ་བཞིན་རྒྱལ་ཁབ་གང་ནས་ཡིན་མིན་ལ་ལྟོས་མེད་གང་ཟག་སུ་འདྲ་ཞིག་ཡིན་ཀྱང་སྤྱི་ཚོགས་ཀྱི་གནས་བབ་དང་དཔལ་འབྱོར་གྱི་དགོས་མཁོ་སོགས་དབྱེ་བ་གང་ཡང་མེད་པར་བྱམས་བརྩེ་དང་འདྲ་མཉམ་ཐོག་ནས་སྨན་བཅོས་གནང་རྒྱུ་ནི་རྩ་བའི་དམ་བཅའ་ཡིན་ཞེས་ངོ་སྤྲོད་དང་སྦྲགས། བོད་ནས་གསར་དུ་ཕེབས་པ་དང་སྲི་ཞུ་བ། དེ་བཞིན་ཉམ་ཐག་བཅས་ལ་རིན་མེད་ཀྱི་སྨན་བཅོས་གནང་བ་དང་། རྒྱ་བལ་འབྲུག་གསུམ་གྱི་ནང་དུ་གློ་ནད་རིགས་ལ་དམིགས་བསལ་སྨན་བཅོས་ཀྱི་མཐུན་རྐྱེན་གནང་བ་མ་ཚད་པར་སྦྲུམ་མ་དང་བྱིས་པ་ལོ་ན་ལྔ་མན་ལ་ནད་གཞི་སྔོན་འགོག་དང་འབྲེལ་བའི་སྨན་བཅོས་ཀྱི་མཐུན་རྐྱེན་གནང་མུས་ཡིན་པ་གསུངས་སོང་བར་མ་ཟད། དེ་སྔ་བོད་མིའི་ཁྱིམ་ཚང་རེ་རེའི་ནང་ཊི་སྦི་ནད་པ་མི་རེ་ཡོད་སྟབས་ཕྱི་ལོ་ ༡༩༨༠ ལོ་ནས་ཊི་སྦི་རྩ་འགོག་གཏོང་རྒྱུའི་ལས་གཞི་དབུ་འཛུགས་གནང་སྟེ་དེར་གདོང་ལེན་འཕར་མ་གནང་བའི་རྐྱེན་གྱིས་ད་ཆ་སྨན་ཁང་དུ་ནད་པ་བདུན་དང་སྨན་བཅོས་དགོས་པ་ནད་པ་ཉེར་ལྔ་ལས་མེད་པ་ནི་ཡར་རྒྱས་ཆེན་པོ་ཞིག་ཡིན་པར་གསུངས་ཡོད།མི་ལོ་ ༤༠ ལྷག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་དང་བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པའི་ཐུགས་འགན་བཞེས་ནས་དེ་རིང་གི་མཛད་སྒོ་ཐོག་ཆེ་བསྟོད་ཞུ་ཡུལ་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཕྱི་ལོ་ ༡༩༩༨ ལོ་ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་བཀྲིན་བླ་ན་མེད་པ་ཞིག་བྱུང་ཡོད་པར་ངོ་སྤྲོད་གནང་བ་དང་འབྲེལ་ཏེ། ནད་པ་ཚོ་བརྒྱུད་ནས་ཁོང་སྒེར་ལ་ཤེས་ཡོན་དང་ཉམས་མྱོང་ཆེན་པོ་བྱུང་སོང་བས་བཀྲིན་ཆེ་ཞེས་གསུངས་པ་དང་ཆགས་ཅིག་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་རྒྱལ་ཁབ་འདྲ་མིན་གྱི་སྨན་པ་དང་མཉམ་དུ་ཕྱག་ལས་གནང་སྟེ་འབྲེལ་ལམ་བཟང་པོ་བཞག་ཐུབ་པ་དེས་བོད་རིགས་ནད་པ་མང་དག་ཅིག་ལ་རོགས་རམ་གནང་རྒྱུ་བྱུང་སོང་ཞེས་གསུངས་སོང་།༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ད་དུང་སྨན་པའི་སློབ་གཉེར་གནང་སྐབས་བྱམས་སྙིང་རྗེ་ཞེས་སློབ་མཁན་མེད་པ་དང་སྨན་གྱི་བསླབ་གཞིའི་ནང་དུའང་གཏན་ནས་མེད་ཅེས་གསུངས་པ་དང་སྦྲགས། ང་ཚོ་བོད་རིགས་རྣམས་ནང་པ་ཡིན་ཞེས་གསུངས་པ་དེ་ལྟར་ནའང་ལག་ལེན་དངོས་ཀྱི་ནང་བྱམས་པ་དང་སྙིང་རྗེ་ཞེས་ཉམས་ལེན་གནང་ཁག་པོ་ཡིན་པར་འགྲེལ་བརྗོད་གནང་སོང་ལ། བྱམས་པ་དང་སྙིང་རྗེ་ཞེས་པ་དེ་རང་ཉིད་ཀྱིས་ཚོར་བའི་ཐོག་ནས་ཡོང་དགོས་གལ་ཡིན་པ་སོགས་ཤེས་རྟོགས་བྱུང་དོན་ལྟར་སྨན་གྱི་སློབ་གྲྭ་དང་སྨན་པ་གསར་པ་རྣམས་ལ་བྱམས་དང་སྙིང་རྗེའི་སྐོར་སློབ་ཁྲིད་གནང་སྐབས་ཕྱི་རྒྱལ་བ་ཚོས་དེར་དགའ་མོས་ཆེན་པོ་གནང་གི་ཡོད་པདང་། བོད་མིའི་སློབ་གྲྭ་ཁག་གི་ནང་དུ་བྱམས་སྙིང་རྗེའི་སྐོར་སློབ་ཁྲིད་གནང་རྒྱུའི་གོ་སྐབས་ཡོད་ཀྱང་དེ་ཙམ་གྱིས་དོ་སྣང་གནང་གི་མེད་པར་གསུངས་སོང་།བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་པ་ཆེ་བ་ཟུར་པ་བློ་བཟང་དར་རྒྱས་མཆོག་དང་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་གིས་སྨན་པ་ཚེ་བརྟན་ལགས་ཀྱི་མཛད་རྗེས་ཐོག་ཆེ་བསྟོད་ཀྱི་གསུང་བཤད་གནང་བར་མ་ཟད་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྨན་པ་ཚེ་བརྟན་ལགས་ཀྱི་པ་ལགས་ཀྱི་དགོངས་པར་ཁོང་ཉིད་ཨ་རིར་གཏན་སྡོད་གནང་རྒྱུའི་དགོངས་གཞི་ཡོད་པའི་འོག་ནས་ཁོང་གིས་རྒྱ་གར་ལ་ཕྱིར་ལོག་གནང་རྒྱུའི་ཐུགས་ཐག་བཅད་པ་དེ་མིག་དཔེར་བལྟ་དགོས་པ་ཞིག་རེད་ཅེས་དང་། ད་བར་མི་ལོ་ ༤༠ ལྷག་ཕྱག་ལས་གནང་བ་འདི་ཡང་སྔར་གྱི་ཐུགས་ཐག་བཅད་པར་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། བོད་མི་མི་རེ་ངོ་རེས་སྤྱི་པར་ཞབས་ཕྱི་ཞུ་རྒྱུའི་ཐག་གཅོད་ཅིག་གནང་ཐུབ་ཚེ་དེས་རང་ཉིད་ཀྱི་ཤེས་ནུས་ཀྱི་རྩལ་རྫོགས་པར་མ་ཟད་མི་ཚེ་ཧྲིལ་པོར་སྤྱི་པའི་ཞབས་འདེགས་ཞུ་ཐུབ་རྒྱུ་ཡོད་པའི་མིག་དཔེ་ཞིག་ཡིན་པར་གསུངས་ཡོད།དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་གཏན་འཕེལ་མཆོག་གིས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་མི་འབོར་གྱི་ཆ་ནས་ཉུང་ཉུང་ཆགས་ཡོད་ཀྱང་ཕྱོགས་གཅིག་ནས་གཞིས་ཆགས་དང་སློབ་གྲྭ དགོན་སྡེ་གྲྭ་ཚང་སོགས་སྡེ་ཚན་མང་ཆེ་བར་བདེ་ལེགས་སྨན་ཁང་གི་ངོས་ནས་ལུས་སེམས་བདེ་ཐང་སོགས་ཀྱི་ཐོག་ལ་སྨན་པའི་ཕྱག་ལས་རྒྱ་གང་ཆེར་གནང་ཡོད་པ་ནི་བྱས་རྗེས་ཤིག་ཡིན་པ་དང་། ནམ་ཞིག་གཞིས་བྱེས་ལྷན་འཛོམས་གནང་སྐབས་བདེ་ལེགས་སྨན་ཁང་གི་དབུས་དེ་ལྷ་སར་གསར་འཛུགས་གནང་སྟེ་མདོ་དབུས་ཁམས་གསུམ་ལ་ཡན་ལག་སྨན་ཁང་གཉེར་རྒྱུའི་ཉི་མ་འཆར་ངེས་ཡིན་པ་གསུངས་སོང་།གཞི་རྩའི་གཞན་ཕན་བདེ་ལེགས་སྨན་ཁང་ནི་སྤྱི་ཟུར་རི་ཤིང་ཚེ་དབང་རིན་ཆེན་ལགས་ཀྱིས་གཙོ་འགན་བཞེས་པ་དང་། ༸གོང་ས་མཆོག་གི་ཐུགས་ཀྱི་བྱིན་རླབས་འོག་ཕྱི་ལོ་ ༡༩༧༡ ཟླ་ ༡༠ ཚེས་ ༤ ཉིན་བཞུགས་སྒར་དུ་དབུ་འཛུགས་གནང་བ་ཞིག་ཡིན་པ་རེད། དེ་རིང་བདེ་ལེགས་སྨན་ཁང་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་ལྔ་བཅུའི་དུས་སྟོན་སྲུང་བརྩི་ཞུས་པའི་མཛད་སྒོ་ཐོག་བདེ་ལེགས་སྨན་ཁང་གི་ལས་དོན་ཚགས་ཚུད་ཡར་རྒྱས་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་མཁན་ཨ་རི་བ་སྨན་པ་ Zorba Paster ལགས་གཙོས་སྦྱིན་བདག་དང་གྲོགས་པོ་འགའ་ཞིག་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་དང་། བདེ་ལེགས་སྨན་ཁང་གི་ལོ་རྒྱུས་ཕྱག་དེབ་དབུ་འབྱེད། དེ་བཞིན་རྒྱལ་སྤྱིའི་སྨན་གྱི་དུས་དེབ་གྲགས་ཅན་ཁག་ཏུ་བདེ་ལེགས་སྨན་ཁང་གི་ཊི་སྦི་དང་འབྲེལ་བའི་ཉམས་ཞིབ་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་བཅས་དབུ་འབྱེད་གནང་ཡོད།

གཞོན་ནུའི་ལས་འགུལ་བ་ ༧༣ གྱིས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་གསར་འཛུགས་བྱས་ནས་ལོ་ངོ་ ༧༣ འཁོར་བའི་དུས་དྲན་དང་བསྟུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་ ༧༣ གྱིས་བོད་དང་བོད་མིའི་ཐོག་འཛིན་པའི་རྒྱ་ནག་གི་དམ་དྲག་ཆེ་བའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་སོང་། དེ་རིང་ཟླ་ ༡༠ ཚེས་ ༡ ཉིན་གྱི་སྔ་དྲོ་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ལྡི་ལི་དང་ཉེ་འབྲེལ་གྱི་ས་གནས་ཁག་ལྔ་ནས་ཆེད་མངགས་ཕེབས་པའི་གཞོན་ནུའི་ལས་འགུལ་བ་རྣམས་ཀྱིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་གྱོན་གོས་དང་། བོད་ཀྱི་རྒྱལ་དར། དེ་བཞིན་འབོད་ཚིག་འཁོད་པའི་ཕྲེད་དར་སོགས་བསྣམས་ཏེ་རྒྱ་ནག་གཞུང་གིས་བོད་ནང་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པ་དང་བསྟུན་བོད་མིའི་ཚེ་སྲོག་ལ་བརྩི་བཀུར་གང་ཡང་མེད་པར་དམ་དྲག་ཇེ་ཆེར་གཏོང་བཞིན་པ་དང་ལྷག་པར་བཙན་དབང་གིས་བོད་མིའི་ཟུངས་ཁྲག་བསྡུ་ལེན་བྱེད་བཞིན་པའི་བྱ་སྤྱོད་དེ་དག་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་ཡོད་སྟབས་དེར་ངོ་རྒོལ་གནང་ཡོད། ལས་འགུལ་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་ ༧༣ ཡོད་པ་དེ་དག་སྡེ་ཁག་ལྔར་ཆ་བགོས་གནང་སྟེ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ས་གནས་ཀྱི་སྐོར་སྲུང་བ་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་པར་ལྟོས་མེད་ཆུ་ཚོད་ ༡༡ ཙམ་ལ་རུ་ཁག་དང་པོས་རྒོལ་མཆོང་གནང་ཡོད་པ་དང་དེ་རྗེས་རུ་ཁག་གཉིས་པས་གཞུང་ཚབ་ཀྱི་ཕྱོགས་གཞན་ཞིག་ནས་རྒོལ་མཆོང་གནང་བ་མ་ཚད་པར་རུ་ཁག་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་སྐར་མ་ལྔ་དང་བཅུའི་མཚམས་སུ་མུ་མཐུད་རྒོལ་མཆོང་གནང་སྟབས་ཆུ་ཚོད་གཅིག་ལྷག་གི་རིང་རྒྱ་ནག་གཞུང་ཚབ་མདུན་དུ་འགྲེམ་འགྲུལ་འཚང་འགོག་གནང་དགོས་པ་སོགས་ཀྱི་གནས་སྟངས་བྱུང་ཡོད།མཐར་གཞོན་ནུའི་ལས་འགུལ་བ་དེ་དག་ཚང་མ་ས་གནས་སྐོར་སྲུང་བས་འཛིན་ཟུང་གནང་བར་བརྟེན་ད་ལྟ་དོ་དམ་འོག་བཞུགས་མུས་ཡིན་པ་རེད་།རྒོལ་མཆོང་ལས་འགུལ་ནང་ལྡི་ལིའི་ཉེ་འབྲེལ་གྱི་སྤོན་ཊ་ས་གནས་དང་ཧ་པ་པུར། ཌ་ལ་ཧོ་སི། དྷརྨ་སཱ་ལཱ། ལྡི་ལི་བཅས་ས་གནས་ཁག་ལྔའི་ལས་འགུལ་བ་མཉམ་ཞུགས་གནང་ཡོད།ལས་འགུལ་གོ་སྒྲིག་གནང་མཁན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ད་ལྟའི་བོད་ནང་གི་ནད་ཡམས་དང་འབྲེལ་བའི་རྒྱ་ནག་གཞུང་གི་སྲིད་བྱུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་པ་དང་། བོད་མི་ཉེས་མེད་རྣམས་གང་བྱུང་དུ་འཛིན་བཟུང་བྱས་དང་བྱེད་བཞིན་ཁག་འཕྲལ་མར་མཚམས་འཇོག་དང་། ལྷག་པར་རྒྱ་ནག་དམར་པོའི་གཞུང་འདི་ནི་བོད་མི་ཁོ་ན་ཙམ་མིན་པར་འཛམ་གླིང་སྤྱིའི་བདེ་འཇགས་ལ་ཉེན་ཁ་ཞིག་ཆགས་ཡོད་པས་དེ་ངེས་པར་དུ་ནུས་མེད་ཆགས་དགོས་ཞེས་སོགས་གསུངས་སོང་། གཞི་རྩའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དེ་རིང་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཙམ་མིན་པར་ཉིན་བརྒྱ་དུས་གཅིག་ལ་བོད་མི་གནས་ཡུལ་ས་གནས་གང་སར་རྣམ་པ་འདྲ་མིན་ཐོག་ནས་ངོ་རྒོལ་རྔམ་སྟོན་སོགས་ཀྱི་ལས་འགུལ་སྤེལ་ཡོད།  

Latest news