Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

རྒྱ་གར་ནས་ཁ་ཆེ་ཡུལ་ལུང་གཞན་ནང་ཆོས་ལུགས་མཐུན་འབྲེལ་ཁྱབ་སྤེལ་གནང་དགོས།

དེ་རིང་རྒྱ་གར་རྒྱལ་ས་ལྡི་ལིར་ལ་དྭགས་ཁ་ཆེའི་ཤི་ཡ་དང་སུ་ནིས་གོ་སྒྲིག་འོག་ Celebrating the diversity in the Muslim World ཁ་ཆེའི་སྣ་མང་གི་རང་བཞིན་སྲུང་བརྩི་ཞེས་ཁ་ཆེ་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་གྱི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལྷན་ཚོགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ཁབ་འདི་ལྟ་བུ་ནས་རྩོད་རྙོག་ཡོད་པའི་ཁ་ཆེ་ལུང་པ་གཞན་ཚོར་ཆོས་ལུགས་མཐུན་འབྲེལ་གོང་མཐོར་དང་ཁྱབ་སྤེལ་གནང་དགོས་པའི་བཀའ་བསྩལ་འདུག དེ་རིང་ཚེས་ ༡༥ ཉིན་གྱི་སྔོ་དྲོ་ཚོུད་ ༩༌༣༠ ཐོག་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ལྟེ་གནས་ཁང་ IIC ནང་ཚོགས་པའི་ལྷན་ཚོགས་སྟེང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག་རྒྱ་གར་སྲིད་འཛིན་གཞོན་པ་སྐུ་ཞབས་ Mohammad Hamid Ansari མཆོག བཀའ་ཁྲི་ཟུར་པ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག  དེ་བཞིན་ཤི་ཡ་དང་སུ་ནི། བྷོ་ར་སོགས་ཀྱི་ཁ་ཆེའི་ཆོས་དཔོན། ཤེས་ཡོན་མི་སྣ། ཆོས་ལུགས་མཐུན་འབྲེལ་གྱི་གནད་དོན་ཐད་ཐུགས་སྣང་ཡོད་མཁན་ཁྱོན་མི་གྲངས་ ༣༠༠ ལྷག་ནས་མཉམ་ཞུགས་གནང་འདུག སྐབས་དེར་༸གོང་ས་མཆོག་གིས་བོད་ནང་ཡོད་པའི་ཁ་ཆེ་དང་བོད་མི་དབར་འཆམ་མཐུན་གྱི་འབྲེལ་ལམ་ལེགས་པོ་ཡོད་སྐར་བཀའ་བསྩལ་བ་དང་སྦྲགས། ད་ཆ་འཛམ་གླིང་ནང་ཁ་ཆེའི་ལུང་པ་ཁག་ཅིག་ནང་ཤི་ཡ་དང་སུ་ནིའི་དབར་རྩོད་རྙོག་བྱུང་བཞིན་ཡོད་པ་དང་། རྒྱ་གར་ལྟ་བུར་ཆ་མཚོན་ན་ཁ་ཆེས་གཙོས་པའི་ཆོས་ལུགས་གཞན་མང་དག་ཅིག་ཡོད་པ་རྣམས་ཞི་བདེ་ལྷིང་འཇགས་ངང་གནས་ཡོད་སྟབས། དེ་འབྲེལ་ཆོས་ལུགས་དབར་འཆམ་མཐུན་དེ་རྒྱ་གར་ནས་དང་དུ་བླངས་ཐོག་ཁ་ཆེའི་ཡུལ་ལུང་གཞན་ནང་གོང་མཐོར་དང་ཁྱབ་སྤེལ་གནང་དགོས་པ་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་གི་མི་ཐེར་འབུམ་ ༧ ཡོད་པ་རྣམས་བདེ་སྐྱིད་འདོད་པ་ལས་སྡུག་བསྔལ་མི་འདོད་པ་དེ་ལྟར་ཡང་། དེང་གི་ཤེས་ཡོན་ལམ་ལུགས་ཁྲོད་ཕྱིའི་དངོས་པོ་ཁོ་ནར་གཙོ་བོ་དམིགས་པ་ལས་ནང་སེམས་ཀྱི་རིན་ཐང་ལ་རྩིས་མེད་འགྲོ་ཡི་ཡོད་པ་བཀའ་བསྩལ་འདུག ༸གང་ཉིད་མཆོག་གིས་ཆོས་ལུགས་ཚང་མའི་ལྟ་གྲུབ་ཐ་དད་ཡིན་ཀྱང་བྱམས་དང་སྙིང་རྗེའི་ལམ་སྟོན་གཞི་རྩར་བཞག་ཡོད་སྟབས། ད་ཆ་ཆོས་ལུགས་ཀྱི་མིང་ཐོག་ནས་འཚེ་བ་དང་མི་གསོད་ཁྲག་སྦྱོར་བྱེད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་དང་། སྒོས་སུ་ཆོས་ལུགས་ཡོངས་ནས་ནང་སེམས་ཀྱི་ཞི་བདེ་སྐྲུན་པར་ནུས་པ་ཡོད་པས་ཆོས་ལུགས་མཐུན་འབྲེལ་ཡོང་རྒྱུར་འབད་རྩོན་གནང་ཚེ་ཆོས་ལུགས་མཐུན་འབྲེལ་ཉག་གཅིག་ཡོང་རྒྱུ་ཡིན་པ་བཀའ་བསྩལ་བ་དང་། ལྷག་དོན་བོད་ཀྱི་ཁོར་ཡུག་གི་གནས་བབ་དང་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོའི་ཐུགས་བསྐྱེད་སྐོར་བཀའ་བསྩལ་འདུག  ༸གོང་ས་མཆོག་གིས་ལ་དྭགས་ཁ་ཆེ་ནས་ཆོས་ལུགས་གོང་མཐོར་དང་འཆམ་མཐུན་སླད་ལྷན་ཚོགས་གོ་སྒྲིག་ཞུས་པར་བསྔགས་བརྗོད་དང་སླད་མར་དེ་འབྲེལ་ལྷན་ཚོགས་གནང་བར་མགོན་པོ་མཆོག་གི་ཡིག་ཚང་དང་དགེ་རྩ་ཚོགས་པ་ནས་མཐུན་འགྱུར་དགོས་ཚེ་གསོལ་བསྩལ་མཛད་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་གི་བཀའ་སློབ་བསྩལ་གྲུབ་མཚམས་སུ་ལྷན་ཚོགས་སུ་བཅར་བའི་མི་མང་ཁག་ཅིག་ནས་རྒྱ་གར་ལྟ་བུ་ནས་ད་བར་སྐྱབས་བཅོལ་བར་སྣེ་ལེན་ཞུས་པས་དེ་འབྲེལ་སྣེ་ལེན་བྷར་མའི་ནང་གནས་བཞུགས་རོ་ཧིན་གྷ་ཡ་ཁ་ཆེའི་མི་རིགས་ཚོར་ཞུ་དགོས་སྐོར་དང་། ནང་སེམས་ཀྱི་ཞི་བདེ་ཇི་ལྟར་སྐྲུན་ཐབས། སྤྱི་ཚོགས་ཁྲོད་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཇི་ལྟར་སྤེལ་དགོས་སྐོར་སོགས་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་དྲི་བ་བཏང་བའི་ཁྲོད་༸གང་ཉིད་མཆོག་གིས་དེ་སྔ་རོ་ཧིན་གྷ་ཡ་ནང་ཆོས་ལུགས་ཀྱི་རྩོད་རྙོག་བྱུང་སྐབས་ Time’s བརྙན་དེབ་ཐོག་ནང་པའི་དགེ་འདུན་པ་ཞིག་གི་འདྲ་པར་བསྟན་པའི་ཐོག་ནང་པའི་འཇིགས་སྐུལ་བ་ཞེས་བྲིས་ཡོད་པ་གཟིགས་དུས་༸སྐུ་ཉིད་མཆོག་ཐུགས་ཧ་ཅང་ཕམ་པོ་བྱུང་སྐོར་དང་། ད་རེས་ལྷན་ཚོགས་འདི་ལྟ་བུ་ནས་འཛམ་གླིང་སྤྱི་ཡོངས་ནང་ཆོས་ལུགས་མཐུན་འབྲེལ་དང་རྩོད་རྙོག་དེ་རིགས་མི་ཡོང་བར་ཐུགས་ཕན་གསོས་སྐོར་དང་ཕྱོགས་མཚུངས་ནང་སེམས་ཀྱི་ཞི་བདེ་སྐྲུན་པར་འགྲོ་བ་མི་གཅིག་གྱུར་ལ་བྱམས་པ་དང་སྙིང་རྗེའི་བློ་སྒོམ་ཐོག་འདུ་ཤེས་འཛིན་དགོས་སྐོར་བཀའ་ལན་མཛད་འདུགརྒྱ་གར་སྲིད་འཛིན་གཞོན་པ་སྐུ་ཞབས་ཨན་ས་རི་མཆོག་གིས་འཛམ་བུ་གླིང་ནང་ཁ་ཆེ་མི་འབོར་ཐེར་འབུམ་གཅིག་དང་ཕྱེད་ཀ་ལྷག་ཡོད་པ་རྣམས་རྒྱ་གར་དང་ཨིན་ཌོ་ནེ་ཤ་ཡ། དེ་བཞིན་དཀྱིལ་ཤར་ཨེ་ཤ་ཡ་གཙོས་པའི་ས་ཕྱོགས་གང་སར་ཁྱབ་གདལ་ཡོད་པ་དང་། སྒོས་འཛམ་གླིང་ས་ཕྱོགས་གཞན་དུ་ཆོས་ལུགས་ཀྱི་རྩོད་རྙོག་ཡོད་པའི་ཁྲོད་རྒྱ་གར་ལྟའི་བུ་ནང་ཆོས་ལུགས་ཕན་ཚུན་དབར་ཞི་མཐུན་གནས་ཐོག་ཁ་ཆེ་སྣ་མང་རང་བཞིན་སྲུང་བརྩི་བྱེད་པ་གཟིགས་སྐབས་དེར་དགའ་སྤོབས་བྱུང་སྐོར་གསུངས་འདུགཁ་ཆེའི་ཤི་ཡ་དང་སུ་ནི་སོགས་ཀྱི་ཆོས་དཔོན་རྣམ་པས་ཁ་ཆེ་ཆོས་ལུགས་ཀྱི་ངོ་བོ་དང་འབྲེལ། ཀུ་རན་ཞེས་ཁ་ཆེའི་གསུང་རབ་ནང་འཁོད་པའི་འགྲོ་བ་མི་རིགས་སྤྱི་ལ་ཞབས་འདེགས་ཞུ་རྒྱུ་དང་གཞན་ལ་འཚེ་བ་མི་བྱེད་རྒྱུ། དེ་བཞིན་ཕན་ཚུན་དབར་འཆམ་གནས་དགོས་སྐོར་དང་ Jihad དོན་སོགས་ལུང་འདྲེན་དང་སྦྲགས། ཁ་ཆེ་ནང་ཁུལ་དབར་འཆམ་མཐུན་གནང་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་འདུགརྩ་བའི་༸གོང་ས་མཆོག་གིས་རྣམ་ཀུན་ལ་དྭགས་སུ་ཆིབས་བསྒྱུར་ཁྲོད་ཁུལ་དེའི་ཁ་ཆེ་ཡུལ་མི་ཚོ་དང་མཇལ་འཕྲད་མཛད་སྐབས་ལ་དྭགས་ནང་ཡོད་པའི་ཁ་ཆེ་ནང་ཁུལ་དང་དེ་བཞིན་ཁ་ཆེ་དང་ཆོས་ལུགས་གཞན་དབར་ལོ་རབས་ནས་ལོ་རབས་ཞི་མཐུན་ངང་མཉམ་གནས་སུ་གནས་སྟབས། ཞི་བདེ་ལྷིང་འཇགས་ངང་མཉམ་གནས་གནང་བའི་ཉམས་མྱོང་དེ་ས་གནས་གཞན་ནང་གནས་པའི་ཁ་ཆེ་ཚོ་དང་བརྗེ་རེས་དང་དེ་འབྲེལ་ཁྱབ་སྤེལ་གནང་དགོས་པ་གཞེན་བསྐུལ་ཡང་ཡང་མཛད་སྟབས།  ལ་དྭགས་ཁ་ཆེ་ཚོས་ཀྱང་༸གང་ཉིད་མཆོག་གི་ལམ་སྟོན་འོག་ད་རེས་ལྷན་ཚོགས་དེ་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།

༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་ཐོག་མང་ཚོགས་ནས་སེམས་ཁྲལ་གནང་དགོས་ཀྱི་མེད་པ་གསུངས་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱལ་ས་ལྡི་ལིར་ཁ་ཆེ་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་གྱི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་སླད་བཞུགས་སྒར་ནས་ཆིབས་བསྒྱུར་མཛད་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༣ ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་ཡོད་པའི་རྒྱ་གར་གཞུང་གི་ AIIMS སྨན་ཁང་དུ་ཆིབས་བསྒྱུར་གྱིས་སྨན་ཁང་གི་སྨན་པ་རྒན་གྲས་ཚོ་དང་ལྷན་དུ་ཕྱི་ཟླ་ ༤ པའི་ནང་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བའི་གནས་བབ་དང་༸སྐུ་ཁམས་ཆེས་དྭངས་སྐྱེད་བཅས་ཀྱི་ཐོག་དགོངས་ཚུལ་བརྗེ་རེས་གནང་ཡོད་པ་རེད།རླུང་འཕྲིན་ཁང་གིས་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་དེ་འབྲེལ་བཅར་འདྲི་ཞུས་སྐབས་ཁོང་གིས་༸གོང་ས་མཆོག་གི་༸སྐུ་ཁམས་ཧ་ཅང་གསལ་ཐང་ཡིན་པས་༸སྐུའི་འཕྲོད་བཞེས་ཐོག་མང་ཚོགས་ནས་སེམས་ཁྲལ་གནང་དགོས་ཀྱི་མེད་པ་གསུངས་སོང་བ་དང་། དེ་རེས་༸གོང་ས་མཆོག་ AIIMS སྨན་ཁང་དུ་ཆིབས་བསྒྱུར་མཛད་དོན་ནི་མ་འོངས་པར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་དགོས་བྱུང་ཚེ་རྒྱ་གར་དབུས་གཞུང་གིས་ཨེམ་སི་སྨན་ཁང་དུ་༸སྐུ་ཁམས་བརྟག་དཔྱད་ཀྱི་ཞུ་སྒོ་ཀུན་གནང་རྒྱུའི་གྲ་སྒྲིག་གནང་ཕྱིར་ཡིན་པ་གསུངས་སོང་།དེ་རིང་ཕྱི་ཚེས་ ༡༤ ཉིན་༸གོང་ས་མཆོག་གིས་རྒྱལ་ས་ལྡི་ལིར་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་མོལ་མཛད་ཡོད་པ་དང་། སང་ཚེས་ ༡༥ ཉིན་༸གོང་ས་མཆོག་ནས་ལྡི་ལི་གསར་པའི་ Indian International Centre རྒྱལ་སྤྱིའི་ལྟེ་གནས་ཁང་དུ་ལ་དྭགས་ཁ་ཆེས་གོ་སྒྲིག་ཞུས་པའི་  Celebrating Diversity in the Muslim World ཁ་ཆེའི་སྣ་མང་གི་རང་བཞིན་སྲུང་བརྩི་ཞེས་ཁ་ཆེ་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་ཆེད་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་ཀྱི་ཡོད་པ་རེད།དེའི་བར་ན་བོད་ཟླ་བཞི་པ་ས་ག་ཟླ་བའི་དུས་ཁྱད་དང་སྟབས་བསྟུན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པ་ Kalmykia རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨི་ལིས་ཏ་ Elista ནང་ཡོད་པའི་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་དགོན་པ་ཞིག་གི་མདུན་ཐང་དུ་རུ་སོག་སྐུ་ཚབ་དོན་གཅོད་དང་ཁལ་མུག་ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཁལ་མུག་མང་ཚོགས་དྲུག་སྟོང་ཙམ་འདུ་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཁམས་གསལ་ཐང་ངང་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཤུགས་དྲག་དང་དེ་བཞིན་སྲོལ་རྒྱུན་གྱི་རོལ་མོའི་ལམ་ནས་མཆོད་དབྱངས་གཟབ་རྒྱས་ཤིག་ཕུལ་བ་དང་ཆབས་ཅིག་ཏུ་མགོན་པོ་༸གང་ཉིད་མཆོག་སླད་མར་ཁུལ་དེར་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་ཐུགས་སྨོན་གནང་འདུག་པ་མ་ཟད།ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔའ་བོ་ National Hero ཞེས་པའི་བྱ་དགའ་ཐོབ་མཁན་དང་རོལ་དབྱངས་རྩོམ་མཁན་སྐུ་ཞབས་ Savar Katayev ལགས་ཀྱི་ལམ་སྟོན་འོག་མི་གྲངས་ ༧༠༠ ཙམ་གྱིས་ Dombra ཞེས་སྲོལ་རྒྱུན་གྱི་གླུ་དབྱངས་ཕུལ་ཡོད་པ་རེད་འདུག རྩ་བའི་རོལ་དབྱངས་འདུ་འཛོམས་དེ་ནི་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༥ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་རེད།

དགོན་པ་ཆེ་ཆུང་ལ་ལྟོས་མེད་ཚང་མས་ཕྱག་དཔེ་གཟིགས་དགོས་པའི་ལམ་སྟོན་བསྩལ་བ། 

བལ་ཡུལ་དུ་རྟེན་གཞི་བྱས་པའི་ཤེལ་དཀར་མངའ་ཞབས་ཀྱི་མཁན་བླ་ཕྱག་མཛོད་ཁག་གཅིག་བཞུགས་སྒར་དུ་ཆེད་བཅར་གྱིས་༸རྒྱལ་བའི་གཟིམ་ཆུང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དགོན་པ་ཆེ་ཆུང་ལ་མ་ལྟོས་པར་དགོན་སྡེ་ཚང་མས་ཕྱག་དཔེ་དག་ལ་སློབ་གཉེར་གནང་དགོས་གལ་ཡིན་པ་ལམ་སྟོན་མཛད་འདུགདེའང་ཟླ་བ་འདིའི་ཕྱི་ཚེས་ ༡༠ ཉིན་བསྩལ་བའི་མཇལ་ཁ་དེའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་པའི་ལུང་རྟོགས་ཀྱི་བསྟན་པ་དེ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་དགོས་པ་དང་། སངས་རྒྱས་ཀྱི་བསྟན་པ་ནི་ཆོས་ལུགས་འདྲ་འདྲའི་ནང་ནས་མི་འདྲའི་ཁྱད་དུ་འཕགས་ཆོས་དེ་ནི་ལྟ་གྲུབ་ཀྱི་རྣམ་གཞག་ཐོག་ནས་ཡོང་གི་ཡོད་སྟབས། དགོན་པ་ཆེ་ཆུང་ལ་མ་ལྟོས་པར་དགོན་སྡེ་ཚང་མས་ཕྱག་དཔེ་དག་ལ་སློབ་གཉེར་གནང་དགོས་གལ་ཡིན་པ་ལམ་སྟོན་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཀུན་གཞི་བདེན་གཉིས་ཀྱི་ཁོག་ནས་བསླངས་ཏེ་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ནང་པ་སངས་རྒྱས་པ་ཁོ་ན་ཡིན་པ་དང་། དེའང་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་འབའ་ཞིག་ཆགས་ཡོད་པ་ལྟར་དེའི་ཆོས་བརྒྱུད་དེ་ང་ཚོ་བོད་མི་ཚོས་ཧུར་ཐག་འབད་ཐག་འཛིན་སྐྱོང་སྤེལ་གསུམ་གནང་ཡོད་པ་བཀའ་བསྩལ་འདུག༸གོང་ས་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་ཐོག་མར་ངོ་སྤྲོད་གནང་སྐབས་སུ་གདམས་ངག་བཅུའི་ཐོག་ནས་ངོ་སྤྲོད་གནང་དགོས་པ་དང་། དེ་ནས་གཞི་བདེན་གཉིས་དང་བདེན་བཞི། དེར་བརྟེན་ནས་སྐྱབས་གསུམ་ངོ་སྤྲོད་གནང་དགོས་གལ་ཡིན་པ་ལྟར་ཕྱག་དཔེ་དག་ལ་སློབ་གཉེར་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀྲིན་བསྩལ་ཡོད་པ་རེད། གཞི་རྩའི་ལ་སྟོད་ཤེལ་དཀར་ཆོས་སྡེ་དང་འབྲེལ་ཡོད་དགོན་ཁག་ཤེལ་དཀར་མངའ་ཞབས་སེར་སྐྱ་མང་ཚོགས་ཚོས་བོད་མིའི་སྒྲིག་འཛུགས་དང་རྣམ་རྒྱལ་གྲྭ་ཚང་གཉིས་དང་ཟུང་འབྲེལ་ཐོག་ནས་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གསང་གསུམ་ལ་ཚུལ་བསྟན་སྐུ་གེགས་ཉེར་འཚེ་རིགས་ཀྱི་ཆ་ཙམ་མི་བཞེས་པར་སྐུ་ཚེ་༸ཞབས་པད་བརྟན་པའི་ཆེད་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། ད་རེས་བརྟན་བཞུགས་དེའི་ལས་དོན་ཡོངས་རྫོགས་གཙང་བཟོ་གནང་བའི་སྙན་སྒྲོན་དང་མ་དངུལ་ལྷག་བསྡད་ནས་གསེར་ཟངས་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་ ༡༧༥ སོགས་བླུ་ཡོན་ཞུས་ཏེ་མགོན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་འབུལ་རྫས་སུ་ཕུལ་ཡོད་པ་རེད།

༸གོང་ས་མཆོག་བཞུགས་སྒར་ནས་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཚོུད་ ༧ ཡོལ་ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལིར་ཁ་ཆེ་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་ཕྱིར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་སླད་ཆིབས་བསྒྱུར་མཛད་ཡོད་པ་རེད།མཛད་འཆར་ལྟར་ན་ཟླ་ ༦ ཚེས་ ༡༥ ཉིན་༸གོང་ས་མཆོག་ནས་ལྡི་ལི་གསར་པའི་ Indian International Centre རྒྱལ་སྤྱིའི་ལྟེ་གནས་ཁང་དུ་ལ་དྭགས་ཁ་ཆེས་གོ་སྒྲིག་ཞུས་པའི་  Celebrating Diversity in the Muslim World ཁ་ཆེའི་སྣ་མང་གི་རང་བཞིན་སྲུང་བརྩི་ཞེས་ཁ་ཆེ་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་ཆེད་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་ཡིན་པ་དང་། ལྷན་ཚོགས་དེར་རྒྱལ་སྤྱིའི་ཁ་ཆེ་སྐུ་ཚབ་མི་སྣ་དང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་གཞོན་པ་སྐུ་ཞབས་ Mohammad Hamid Ansari མཆོག་ཀྱང་ལྷན་ཞུགས་གནང་གི་འདུག གཞི་རྩའི་༸གོང་ས་མཆོག་ལྡི་ལིའི་མཛད་འཆར་གྲུབ་མཚམས་སུ་ཧི་མཱ་ཅལ་མངའ་སྡེ་ནང་ཡོད་པའི་མ་ན་ལིར་ཆིབས་བསྒྱུར་མཛད་རྒྱུ་ཡིན་ཀྱང་། ཉེ་ལམ་༸མགོན་པོ་མཆོག་སྙུང་གཞི་ཕྲན་བུ་བཞེས་པ་དང་བསྟུན། དགུང་ལོའི་བབ་ཀྱི་ཆ་ནས་ཚོགས་སྐྱིད་ཁག་དང་བོད་མི་མང་ཚོགས་ནས་༸སྐུའི་མཛད་འཕྲིན་ཉུང་འཕྲི་གནང་རྒྱུ་དང་། ༸སྐུ་ངལ་མང་ཙམ་གསོ་བཞུགས་མཛད་རྒྱུའི་ཞུ་སྐུལ་ལན་མང་ཞུས་པ་ལྟར་མ་ན་ལིའི་མཛད་འཆར་ཕྱིར་འཐེན་གནང་ཡོད་པ་རེད། ཉེ་ལམ་བཞུགས་སྒར་དུ་ཨི་རན་ཚོང་གཉེར་བ་ཁག་གཅིག་ནས་༸སྐུ་ཉིད་མཆོག་དང་མཇལ་འཕྲད་གནང་སྐབས་༸མགོན་པོ་མཆོག་གིས་ཁ་ཆེ་གཙོ་གྱུར་ཆོས་ལུགས་ཡོངས་ནས་བྱམས་དང་སྙིང་རྗེའི་ཐོག་ནས་ལམ་སྟོན་གཅིག་མཚུངས་གནང་གི་ཡོད་པ་དང་། ད་ཆ་འཛམ་གླིང་ནང་ཁ་ཆེ་ནང་ཁུལ་དང་ཆོས་ལུགས་གཞན་དབར་ཟིང་འཁྲུག་ཡོང་བའི་གནད་དོན་ནི་མི་རེ་ཟུང་གི་བྱ་སྤྱོད་ལ་བརྟེན་ནས་ཡོང་བ་ཞིག་ཡིན་པ་རེད་ཅེས་བཀའ་བསྩལ་ཡོད། ལྷག་དོན་ཁ་ཆེའི་ནང་ Shia དང་ Sunni གཉིས་ཀྱི་དབར་འཆམ་མཐུན་ཡོང་ཐབས་སུ་ཁ་ཆེ་བ་ཚང་མས་ལས་འགུལ་རྒྱ་གང་ཆེ་སྤེལ་དགོས་གལ་ཡིན་པ་ལམ་སྟོན་མཛད་པ་མ་ཟད་ལྡི་ལིར་འཚོགས་འཆར་ཡོད་པའི་ཁ་ཆེ་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་ལྷན་ཚོགས་དེར་ཁ་ཆེ་རྒྱལ་ཁབ་འདྲ་མིན་གྱི་སྐུ་ཚབ་ནས་མཉམ་ཞུགས་གནང་རྒྱུར་ཐུགས་རེ་ཡོད་པ་བཀའ་བསྩལ་ཡོད།

ཐེ་ལན་ཌིའི་དགེ་བཙུན་ཚོས་བཞུགས་སྒར་ནས་ལ་དྭགས་གླེ་བར་ཞི་བའི་གོམ་བགྲོད་གནང་བ།

འཛམ་བུ་གླིང་ཁྱོན་ཡོངས་ཀྱི་གནས་བརྟན་སྡེ་པས་ཕྱི་ཟླ་ ༥ པའི་ནང་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མཆོག་སྐུ་བལྟམས་པ་དང་སངས་རྒྱས་པ། དེ་བཞིན་མྱ་ངན་ལས་འདས་པ་བཅས་དུས་ཚིགས་གསུམ་འཛོམས་ཀྱི་ས་ག་ཟླ་བར་སྲུང་བརྩི་ཞུས་ཡོད་པ་ལྟར། ཟླ་བ་དེའི་ཚེས་ ༢༥ ཉིན་ཐེ་ལན་ཌའི་ནང་པའི་གནས་བརྟན་སྡེ་པའི་དགེ་བཙུན་བརྒྱ་ལྷག་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་བཀའ་ཆོས་ཞུས་རྗེས་འཛམ་གླིང་ཞི་བདེའི་ཆེད་དུ་བཞུགས་སྒར་དྷ་རྨ་ས་ལ་ནས་ལ་དྭགས་རྒྱལ་ས་གླེ་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་ཡོད་པ་རེད། དེའང་ལ་དྭགས་ནང་རྟེན་གཞི་བྱས་པའི་བྱང་ཆུབ་ཆེན་པོའི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་གིས་གོ་སྒྲིག་འོག་ཐེ་ལན་ཌིའི་དགེ་བཙུན་བརྒྱ་ལྷག་གིས་འཛམ་གླིང་ཞི་བདེའི་ཆེད་དུ་བཞུགས་སྒར་དྷ་རྨ་ས་ལ་ནས་ལ་དྭགས་རྒྱལ་ས་གླེ་བར་ཞི་བའི་གོམ་བགྲོད་ཐེངས་ ༤ པ་དེ་དབུ་འཛུགས་ཡོད་པ་དང་། འཛམ་གླིང་ཞི་བདེའི་ཆེད་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་ Rothang དང་།  Baralacha དེ་བཞིན་ Lachungla སོགས་བརྒྱུད་ནས་ཁྱོན་ལེ་དབར་ ༢༥༠ ལྷག་གི་སར་གོམ་བགྲོད་གནང་ཡོད་པ་མ་ཟད། ཟླ་བ་འདིའི་ཕྱི་ཚེས་ ༢༦ ཉིན་ལ་དྭགས་རྒྱལ་ས་གླེར་འབྱོར་རྒྱུར་ཚོད་དཔག་གནང་གི་འདུགཐེ་ལན་ཌིའི་བྱང་ཆུབ་ཆེན་པོའི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་གསར་འཛུགས་གནང་མཁན་དགེ་སློང་ Sanghasena ལགས་ཀྱིས་ཞི་བའི་གོམ་བགྲོད་པ་དགེ་བཙུན་ཚོ་ལ་དྭགས་ནང་དངོས་སུ་འབྱོར་སྐབས་ལ་དྭགས་ཀྱིས་ཡུལ་མི་ཚོའི་ངོས་ནས་ཕེབས་བསུའི་སྣེ་ལེན་གང་གཟབ་ཞུ་ངེས་ཡིན་སྐོར་གསུངས་པ་མ་ཟད། ལ་དྭགས་ནི་ནང་པ་སངས་རྒྱས་པའི་ཆོས་དར་བཞིན་པའི་ས་གནས་དང་ལྷག་དོན་འཛམ་གླིང་ཁྱོན་ལ་བྱམས་བརྩེ་དར་སྤེལ་གནང་བཞིན་ཡོད་པ་ལྟར། ཐེ་ལན་ཌིའི་དགེ་འདུན་པ་དག་གིས་ཀྱང་འདི་བཞིན་བྱམས་བརྩེ་དར་སྤེལ་དང་གོ་ལའི་ཁྱོན་ལ་དེ་ལྟར་ཁྱབ་སྤེལ་གནང་གི་ཡོད་སྐོར་ངོ་སྤྲོད་གནང་འདུག ད་དུང་ཁོང་གིས་ད་རེས་ཞི་བའི་གོམ་བགྲོད་གནང་བ་འདི་འཛམ་གླིང་ཁྱོན་ལ་ཞི་བདེ་ཡོང་སླད་ཁོ་ན་ཙམ་མིན་པ་དང་ཁྱད་པར་དུ་གོ་སྐབས་འདིའི་ཐོག་ནས་ཐེ་ལན་ཌི་དང་རྒྱ་གར་གཉིས་དབར་འབྲེལ་ལམ་སྲ་བརྟན་ཡོང་ཆེད་ལའང་དམིགས་ཡོད་པ་གསུངས་འདུག གོམ་བགྲོད་འདི་བརྒྱུད་ནས་འཛམ་གླིང་ནང་འཚེ་མེད་ཞི་བའི་ཉམས་ལེན་ཕོངས་པ་དག་དང་གང་ཟག་སྒེར་གྱི་ངོས་ནས་འཛམ་གླིང་འདི་བསྒྱུར་བཅོས་གཏང་རྒྱུ་ཡོད་པའི་བརྡ་ལན་ཞིག་སྤྲོད་ཆེད་དུ་གནང་ཡིན་སྐོར་གསུངས་འདུག འཛམ་གླིང་ཞི་བདེའི་གོམ་བགྲོད་ཀྱི་ལས་འགུལ་མཇུག་སྒྲིལ་དང་བསྟུན་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་འཁྲུངས་ནས་ལོ་ངོ་ ༡༥༠ འཁོར་བའི་འཁྲུངས་སྐར་ཉིན་མོར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་འཛམ་གླིང་ཞི་བདེ་དང་ཧི་མཱ་ལ་ཡའི་ལེགས་བྱང་གཅེས་སྲུང་ཞེས་པའི་ལྷན་ཚོགས་ཤིག་གནང་གཏན་ཁེལ་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་ཨ་མི་རི་ཀ་དང་ཡོ་རོབ། ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་སྐུ་ཚབ་བཅས་ཚོགས་བཅར་གནང་གི་ཡོད་པ་དང་ཇམྨུ་དང་ཀ་ཤྨིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་མཱདྱ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ཀྱང་ལྷན་ཚོགས་ཐོག་ཕེབས་ཀྱི་འདུག ལྷན་ཚོགས་དེའང་ཉིན་གྲངས་གསུམ་རིང་གནང་རྒྱུ་ཡིན་པ་རེད། རྩ་བའི་ལ་དྭགས་ནང་རྟེན་གཞི་བྱས་པའི་བྱང་ཆུབ་ཆེན་པོའི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་  Mahabodhi International Meditation Centre ནི་གཞུང་འབྲེལ་མིན་པའི་ཁེ་མེད་ཚོགས་པ་ཞིག་ཡིན་ཞིང་། ཕྱི་ལོ་ ༡༩༨༦ ལོར་དགེ་སློང་ Sanghasena ལགས་ཀྱིས་གསར་འཛུགས་གནང་ཡོད་པ་རེད།

སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་རྒྱ་འབྲེལ་མོལ་ཡོང་ཐབས་མེད།

རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་གཙོ་འཛིན་གཞོན་པ་ཟུར་པ་ Zhu Weiqun ཡིས་བོད་རྒྱ་གཉིས་དབར་དོན་དམ་གྱི་གྲོས་མོལ་ཡོང་བར་ངེས་པར་དུ་སྔོན་འགྲོའི་ཆ་རྐྱེན་ཁག་དགོས་པར་ནན་བརྗོད་བྱས་འདུགཟླ་བ་སྔོན་མའི་ཟླ་མཇུག་ཏུ་རྒྱ་ནག་གི་ Global Times གསར་ཁང་གི་དྲྭ་གནས་ཐོག་ Zhu Weiqun ཡིས་དཔྱད་རྩོམ་ཞིག་སྤེལ་འདུག་པ་དང་། དེའི་ནང་ཁོ་པས་གཙོ་བོ་ཉེ་ཆར་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ Terry Branstad ལགས་བོད་ནང་གཞུང་འབྲེལ་འཚམས་གཟིགས་གནང་སྐོར་འགྲེལ་བརྗོད་དང་འབྲེལ། སྐབས་དེར་སྐུ་ཞབས་ Branstad ལགས་ཀྱིས་ཕྱོགས་གཅིག་ནས་རྒྱ་གཞུང་གིས་བོད་ནང་དཔལ་འབྱོར་དང་སྤྱི་ཚོགས་སོགས་ཀྱི་ཐད་ནས་ཡར་རྒྱས་ཆེན་པོ་བཏང་ཡོད་ལུགས་བཤད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་གཞུང་ལ་༸གོང་ས་མཆོག་དང་ཡང་ན་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་རྒྱའི་གནད་དོན་ཞི་འགྲིག་ཡོང་བར་དོན་ལྡན་གྱི་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་ཡོད་པ་ལུང་འདྲེན་གནང་སྟེ། ཨ་རིའི་གཞུང་ཚབ་པས་བོད་ཐོག་ལ་དོ་དམ་པའི་ཚོར་བ་གང་ཞིག་འཛིན་བཞིན་ཡོད་པ་དེ་རྟོགས་དཀའ་སྐོར་ཟུར་ཟ་བྱས་འདུགསྐུ་ཞབས་ Branstad ལགས་ཀྱིས་ད་རེས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱས་པ་ཙམ་མིན་པར་རྒྱ་གཞུང་ལ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་རྒྱ་འབྲེལ་མོལ་སླར་གསོ་དགོས་པའི་སྐུལ་མ་གནང་བའི་འཛིན་ཕྱོགས་དེ་ནོར་བ་རེད་ཅེས་སྐྱོན་བརྗོད་བྱས་འདུག དཔྱད་རྩོམ་ནང་ད་དུང་རྒྱ་ནག་གཞུང་ཕྱོགས་ནས་ཏཱ་ལའི་རུ་ཚོགས་ཀྱིས་རྒྱ་ནག་ཁ་བྲལ་གཏོང་རྒྱུར་ངན་སེམས་བཅངས་ཡོད་ཀྱང་། རྒྱ་གཞུང་ནས་བོད་རྒྱ་ཞི་མོལ་གྱི་སྒོ་མོ་ཕྱེ་ཡོད་ཅེས་འཛམ་གླིང་ཀུན་ལ་སྒྲོག་བཞིན་ཡོད་པ་དང་ལྷག་དོན་བོད་རྒྱ་གཉིས་དབར་དོན་དམ་གྱི་གྲོས་མོལ་ཡོང་བར་སྔོན་འགྲོའི་ཆ་རྐྱེན་ཁག་ངེས་པར་དུ་དགོས་གལ་ཡིན་པར་ནན་བརྗོད་བྱས་པ་མ་ཟད། ཆ་རྐྱེན་དེ་དག་གི་ཁོངས་ནས་དང་པོ་རྒྱ་ནག་གཞུང་ཕྱོགས་ནས་བཙན་བྱོལ་ནང་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་དང་ཡང་ན་བོད་རྒྱ་འབྲེལ་མོལ་བཅས་དང་ལྷན་བགྲོ་གླེང་ཡོང་ཐབས་མེད་པ་གསལ་པོ་བཟོ་དགོས་པ་དང་གཉིས་པ་༸གོང་ས་མཆོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་གནང་དགོས་པ་དང་བོད་རང་བཙན་གྱི་དགོངས་པ་དོར་དགོས་པ། དེ་བཞིན་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་བྱེད་དགོས་པ་མ་ཟད། ཐེ་ཝན་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་གནང་དགོས་པ་སོགས་ཆེད་བཏོན་བྱས་འདུགགང་ལྟར་སྔོན་འགྲོའི་ཆ་རྐྱེན་དེས་དོན་དངོས་ཐོག་བོད་ཞེས་པའི་གནད་དོན་གང་ཡང་མེད་པ་གསལ་བཟོ་བྱས་ཡོད་པ་མ་ཟད། དཀའ་རྙོག་དེ་ནི་གཙོ་བོ་ཏཱ་ལའི་བླ་མ་སྒེར་གྱི་དཀའ་རྙོག་ཞིག་ཡིན་པ་དང་། ཏཱ་ལའི་རུ་ཚོགས་ཞེས་པ་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་རྒྱབ་འགལ་ཆགས་ཡོད་སྟབས་རྒྱ་ནག་དང་ལྷན་བོད་དོན་གླེང་སློང་བྱ་རྒྱུར་འོས་ཆོས་ལྡན་པ་ཞིག་མེད་པར་འགྲེལ་བརྗོད་བྱས་འདུག དེ་བཞིན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་གཙོ་འཛིན་གཞོན་པ་ཟུར་པ་ Zhu Weiqun ཡིས་ད་རེས་ཨ་རིའི་གཞུང་ཚབ་པ་ Branstad ལགས་བོད་ནང་འཚམས་གཟིགས་གནང་བའི་གོ་སྐབས་དང་བསྟུན་རྒྱ་གཞུང་ལ་༸གོང་ས་མཆོག་དང་ལྷན་དོན་དམ་གྱི་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་འདུག་ཀྱང་། དོན་དངོས་ཐོག་ཅི་ཞིག་ལ་དོན་དམ་ཟེར་གྱི་ཡོད་པ་འདིའི་ཐད་འགྲེལ་བཤད་གང་ཡང་བསྐྱོན་མེད་པར་ཟུར་ཟ་གནང་བ་མ་ཟད། ཏཱ་ལའི་བླ་མའི་ངོས་ནས་དོན་དམ་གྱི་གནད་དོན་ཞེས་པ་འདི་བོད་འདི་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་མཛད་ཀྱི་མེད་པ་དང་དེ་བཞིན་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་དང་དེ་མིན་བོད་ཀྱི་ས་ཁུལ་ཁག་ཆ་ཚང་ནང་ཡོད་པའི་རྒྱ་ནག་གི་བཅིངས་བཀྲོལ་དམག་མི་དང་རྒྱ་མི་རྣམས་བོད་ནས་ཕྱིར་ལོག་དགོས་པའི་དགོངས་པར་ངོས་འཛིན་གནང་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་འདུགགལ་ཏེ་ཨ་རི་གཞུང་ནས་རྒྱ་གཞུང་ལ་ཏཱ་ལའི་བླ་མའི་འབོད་སྐུལ་བཞིན་དབུས་བོད་མིའི་སྒྲིག་འཛུགས་དང་ཏཱ་ལའི་རུ་ཚོགས་དང་ལྷན་དུ་ཐུག་འཕྲད་ཀྱིས་དོན་དམ་གྲོས་མོལ་ཡོང་རྒྱུར་འབད་བརྩོན་བྱ་ཚེ་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་རེ་བ་དེ་གཏོང་ཟད་དུ་འགྲོ་ངེས་ཡིན་པར་ནན་བརྗོད་གནང་འདུག རྩ་བའི་ད་བར་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་ ༩ བྱུང་ཡོད་པ་དང་། འབྲེལ་མོལ་མཐའ་མ་ཕྱི་ལོ་  ༢༠༡༠ ཕྱི་ཟླ་ ༡ པོའི་ཟླ་མཇུག་ཏུ་གནང་བའི་རྗེས་སུ་འབྲེལ་མོལ་སྣེ་ཁྲིད་གནང་མཁན་གཉིས་ཀ་ལས་གནས་ནས་དགོངས་ཞུ་གནང་ཡོད་པ་ལྟར་ད་བར་འབྲེལ་མོལ་བསྐྱར་གསོ་མ་ཐུབ་པར་དེ་མུར་ལྷག་ཡོད་པ་རེད།

ཨི་རན་གྱི་ཚོང་གཉེར་བ་དྲུག་བཅུ་ལྷག་ལ་མཇལ་ཁ་བསྩལ་བ།  

དེ་རིང་ཕྱི་ཟླ་ ༦ ཚེས་ ༧ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཨི་རན་ནས་བཅར་བའི་ཚོང་གཉེར་བ་དྲུག་ཅུ་ལྷག་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་མཇལ་ཁ་བཀའ་དྲིན་བསྩལ་བ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་མགོན་པོ་མཆོག་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་མཛད་སྐབས་༸གང་ཉིད་མཆོག་གི་གྲོགས་པོ་ཞིག་ནས་མང་ཚོགས་ཀྱི་འདུ་འཛོམས་ཤིག་གི་སར་གསུང་པའི་བཀའ་མོལ་ཞིང་ལུང་འདྲེན་དང་འབྲེལ། ཁ་ཆེའི་སྟོན་པ་ Allah འི་རྗེས་འཇུག་པ་ཡོངས་ལ་ཁ་ཆེ་བ་ཚང་མའི་ངོས་ནས་བརྩེ་བ་ཁྱབ་སྤེལ་གཏོང་དགོས་པ་ལམ་སྟོན་བསྩལ་འདུགའདི་ག་རླུང་འཕྲིན་ཁང་ནས་མཇལ་ཁའི་སྐབས་ཆེད་བཅར་ཞུས་པའི་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སུ་མགོན་པོ་མཆོག་ནས་བཀའ་སློབ་གང་བསྩལ་སྐོར་བཅར་འདྲི་ཞུས་པར་ཁོང་གིས་མགོན་པོ་མཆོག་གིས་ཨི་རན་ནས་མི་མང་པོ་ཞིག་འདིར་ཆེད་བཅར་གནང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་བསྩལ་ནས་དེ་སྔ་ཆོལ་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་ལོ་རྒྱུས་ནང་ཨི་རན་དང་འབྲེལ་བ་ཆེན་པོ་བྱུང་ཡོད་སྐོར་ངོ་སྤྲོད་མཛད་པ་དང་ཆབས་ཅིག་ཏུ་ད་ཆ་འཛམ་གླིང་འདིར་ཆ་མཚོན་ན་ Afghanistan ནང་ཁ་ཆེ་ནང་ཁུལ་དབར་ལ་ཟིང་འཁྲུག་དང་། བྷར་མ་ནང་ལའང་ཁ་ཆེ་དང་ནང་པའི་དབར་གྱི་ཟིང་འཁྲུག དེ་བཞིན་ Egypt ནང་ཁ་ཆེ་དང་ཡི་ཤུའི་དབར་ལ་ཟིང་འཁྲུག་བྱུང་བཞིན་པ་དེ་ནི་མི་རེ་ཟུང་གྱི་བྱ་སྤྱོད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ལས་ཆོས་ལུགས་ཚང་མས་བྱམས་པ་དང་སྙིང་རྗེའི་ཐོག་ནས་ལམ་སྟོན་གཅིག་མཚུངས་གནང་གི་ཡོད་པ་རེད། ལྷག་པར་དུ་ཁ་ཆེའི་ཆོས་ལུགས་དེ་བྱམས་པ་དང་སྙིང་རྗེ་ཉམས་ལེན་གནང་མཁན་ཞིག་ཡིན་སྟབས་ཁ་ཆེའི་ནང་ Shia དང་ Sunni གཉིས་ཀྱི་དབར་ལ་འཆམ་མཐུན་ཡོང་ཐབས་སུ་ཁ་ཆེ་བ་ཚང་མས་ལས་འགུལ་སྤེལ་དགོས་ཞེས་ལམ་སྟོན་བསྩལ་ཡོད་སྐོར་གསུངས་སོང་།༸གོང་ས་མཆོག་གིས་བོད་རང་ལ་ཆ་མཚོན་ན་༸རྒྱལ་བ་༸སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་བོད་ཀྱི་རྒྱལ་ས་ལྷ་སར་ཁ་ཆེ་བ་ཚོར་ས་ཆ་གནང་ནས་ཁ་ཆེའི་ལྷ་ཁང་བཞེངས་པ་བཅས་ལྷ་སར་ཡོད་པའི་ཁ་ཆེ་བ་ཚོ་ཡ་རབས་དང་ཞལ་ལག་ཞིམ་མོ་བཟོ་མཁན་ཞིག་ལ་ངོས་འཛིན་མཛད་ཀྱི་ཡོད་པ་དང་། ལྷག་པར་དུ་མགོན་པོ་མཆོག་ལ་དྭགས་ལ་ཆིབས་བསྒྱུར་ནམ་བསྐྱང་སྐབས་ཁུལ་དེར་གནས་པའི་ཁ་ཆེ་བ་དང་ལྷན་དུ་ལྗངས་སྨིན་བཞེས་ཀྱི་ཡོད་པ་མ་ཟད། ཟླ་བ་འདིའི་ཚེས་ ༡༥ ཉིན་ལ་དྭགས་ལ་ཡོད་པའི་ཁ་ཆེ་བ་ཚོས་རྐང་འགན་བཞེས་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཁ་ཆེའི་ཚོགས་འདུ་ཞིག་འཚོགས་གཏན་ཁེལ་ཡོད་པ་ལྟར་མགོན་པོ་༸གང་ཉིད་མཆོག་ཚོགས་ཆེན་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་བཀའ་བསྩལ་འདུགརྩ་བའི་ཨི་རན་ནས་ཚོང་གཉེར་བ་དྲུག་ཅུ་ལྷག་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱུས་ལོན་གནང་སླད་དྷ་སར་ཕེབས་མཁན་དཀོན་པོ་ཡིན་སྟབས། ༸གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུའི་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཡོད་པ་དང་། ཨི་རན་ནས་ཕེབས་པའི་རུ་ཁག་དེ་བདུན་ཕྲག་འདིའི་མགོ་སྟོད་དུ་དྷ་སར་འབྱོར་ཡོད་པ་ལྟར་བཞུགས་སྒར་དུ་བཞུགས་པའི་རིང་ལ་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུ་གཙོས་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་དང་ནང་ཆོས་ངོ་སྤྲོད་སོགས་ཀྱི་ལས་རིམ་བང་སྒྲིག་ཡོད་པ་རེད། ༸སྐུ་པར་དཔལ་ལྡན་དགའ་ལྡན་ཕོ་བྲང་།

འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བསྩལ་བ།  

དེ་རིང་ཕྱི་ཟླ་ ༥ ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་རྫོང་དཀར་ཆོས་སྡེས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་སློབ་མ་གཙོས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀའ་དྲིན་བསྩལ་སོང་། ༸གོང་ས་མཆོག་གིས་བཀའ་དབང་གི་སྔོན་འགྲོའི་སྤྱི་བཤད་དང་འབྲེལ་ནས་རྒྱ་གར་ལ་ཕེབས་པའི་རྗེས་སུ་མགོན་པོ་༸གང་ཉིད་མཆོག་གི་གཟིགས་ལམ་དུ་སྤྱན་རས་གཟིགས་དང་མཇལ་སྐོར་ཐུགས་དྲན་གསོ་གནང་མཛད་དེ་ད་ལྟའི་ཆར་མགོན་པོ་མཆོག་༸རྒྱལ་བ་དགེ་འདུན་གྲུབ་པའི་སྐུའི་ཚེ་ཚད་དང་མཉམ་པ་དགུང་གྲངས་ ༨༤ ཟིན་ཡོད་ཀྱང། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས་ཐུགས་སྨོན་གནང་བ་བཞིན་ཧུར་ཐག་མཛད་ཡོད་པ་དང་། གྲུབ་འབྲས་ཀྱང་གང་ལ་གང་འཚམ་་ཐོན་ཡོད་པ་མ་ཟད། འཕགས་པ་སྤྱན་རས་གཟིགས་ནི་ངོས་ཀྱི་དཔོན་པོ་དང་ངོས་རང་སྤྱན་རས་གཟིགས་ཀྱིས་ག་བཏང་གོ་ཆོད་ཀྱི་མགྲོན་གཉེར་ཞིག་ཡིན་ཞེས་བཀའ་བསྩལ་ཡོད།མགོན་པོ་མཆོག་གིས་རྫོང་དཀར་ཆོས་སྡེའི་ངོས་ནས་མི་རབས་ཁ་ཤས་ཀྱི་རིང་ཇོ་བོ་ཝ་ཏི་བཟང་པོར་ཞབས་གཏོགས་དང་བདག་གཅེས་གནང་ཡོད་པ་དང་། ཕྱིས་སུ་དུས་ལོག་བྱུང་སྐབས་བ་ཡུལ་ནས་དྷ་སར་གདན་ཞུ་གནང་ཡོད་པ་ལྟར། འདས་པའི་ལོ་ངོ་ ༦༠ ནང་ཇོ་བོ་ཝ་ཏི་བཟང་པོའི་དཀོན་གཉེར་དེ་༸གང་ཉིད་མཆོག་ནས་མཛད་སྐོར་བཀའ་བསྩལ་དང་སྦྲགས། དེ་སྔ་དཀོན་གཉེར་ཚོས་ཇོ་བོ་ཝ་ཏི་བཟང་པོའི་ཞལ་རས་ལ་འགྱུ་བ་འགྲོ་ཡི་ཡོད་ལུགས་བཤད་སྲོལ་ཡོད་པ་བཞིན་༸གང་ཉིད་མཆོག་ནས་ཉིན་ལྟར་ཐུགས་སྨོན་མཛད་སྐབས་ཞལ་རས་ལ་འགྱུར་བ་འགྲོ་བའི་གཟིགས་ཚུལ་བྱུང་ཞེས་བཀའ་བསྩལ་སོང་།མགོན་པོ་༸གང་ཉིད་མཆོག་གིས་ཆོས་ཞུ་བ་ཚོར་སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྔོན་འགྲོའི་སྤྱི་བཤད་དང་འབྲེལ་ནས་ལོ་ལྟར་ས་ག་ཟླ་བ་འཆར་ཅན་ལ་མ་ཎི་དུང་སྒྲུབ་བསགས་ཀྱི་ཡོད་པ་ལྟར། མ་ཎི་རིལ་བུ་དེ་གསོན་པོ་ཚོར་བྱིན་རླབས་དང་འཆི་ལ་ཉེ་བ་ཚོས་བྱིན་རྟེན་གྱི་འདུ་ཤེས་བཟུང་ནས་ཟ་ཡི་ཡོད་སྟབས། མ་ཎི་ཡིག་དྲུག་དེ་གལ་ཆེན་ཞིག་ཏུ་གཟིགས་ཀྱི་ཡོད་པར་བཀའ་བསྩལ་བ་དང་སྦྲགས། དེ་རིང་རྫོང་དཀར་ཆོས་སྡེའི་དགེ་འདུན་པ་རྣམས་འདིར་ཕེབས་ནས་ཇོ་བོ་ཝ་ཏི་བཟང་པོའི་ཀུན་མདུན་ལ་མཆོད་འབུལ་གྱིས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་ཐོག་ནས་མ་ཎི་དུང་སྒྲུབ་བསགས་དགོས་པ་དང་། དེ་ལས་གལ་ཆེ་བ་ནི་འཕགས་པ་སྤྱན་རས་གཟིགས་ལ་རྩེ་གཅིག་ཏུ་་དད་གུས་ཀྱི་ངང་ནས་མ་ཎི་བསགས་རྒྱུའི་ཀུན་སློང་དགོས་པར་བཀའ་ནན་མཛད་སོང་།མགོན་པོ་མཆོག་གིས་མ་ཎི་ཡིག་དྲུག་གི་གོ་དོན་ངོ་སྤྲོད་བསྩལ་བ་དང་འབྲེལ་ཏེ་མ་ཎི་ཡིག་དྲུག་གསོག་སྒྲུབ་ཀྱི་དམིགས་ཡུལ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་རྒྱུ་དེ་ཡིན་སྟབས། ཐབས་ཤེས་གཉིས་པོ་ཡ་མ་བྲལ་བར་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་གྱུར་བར་མ་ཎི་གང་མང་བསགས་དགོས་པར་བཀའ་བསྩལ་ཡོད།༸གོང་ས་མཆོག་གི་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་དངོས་གཞི་དབུ་འཛུགས་མ་མཛད་གོང་དུ་ཆོས་ཞུ་བ་ཚོར་དགེ་བསྙེ་དང་བྱང་ཆུབ་སེམས་བསྐྱེད། དེ་བཞིན་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་བསྩལ་བ་དང་འབྲེལ། རང་དོན་དང་གཞན་དོན། འཕྲལ་གྱི་ཚོགས་བསགས་སྒྲིབ་བྱང་། དེ་བཞིན་བར་ཆད་སེལ་བར་ཐབས་དང་ཚེ་རབས་མང་པོའི་རིང་ནས་བསགས་པའི་ལྡིག་སྒྲིག་དེ་དག་བཤག་ཕྱིར་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་མེད་ཅེས་ལམ་སྟོན་མཛད་ཡོད།དེ་བཞིན་༸གོང་ས་མཆོག་གིས་ཆོས་འབྲེལ་མཇུག་ཏུ་ཁྱེད་རང་ཚོས་དབང་ཞུས་ནས་ཉིན་རེ་བཞིན་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་སྒོམ་གྱི་ཡིན་ཞེས་ཁས་ལེན་དམ་བཅསའ་བྱས་ཡོད་སྟབས། ངོས་ནས་ཉིན་ལྟར་དེ་དག་ཐོག་བསམ་བློ་གཏོང་བཞིན་ཡོད་ཅེས་བཀའ་ནན་བསྩལ་བ་དང་ཆབས་ཅིག ཁྱེད་ཚོ་ནི་ངོས་ཀྱི་སློབ་མ་ཡིན་པས་བླ་མས་གང་གནང་བ་ལྟར་སློབ་མས་དེ་ལྟར་གནང་དགོས་པར་བཀའ་བསྩལ་སོང་།མཛད་འཆར་ལྟར་ན་ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་པ་ཁག་གཉིས་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད།

༸གོང་ས་མཆོག་འཛམ་གླིང་ཞི་བདེའི་མཆོད་རྟེན་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་མཛད་སྒོར་གདན་ཞུ་ཕུལ་འདུག

བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་ Ram Nath Kovind མཆོག་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ལ་མངའ་སྡེ་དེའི་རྒྱལ་པོའི་ཁབ་ཏུ་རྟེན་གཞི་བྱས་པའི་ Vishwa Shanti Stupa ཞེས་འཛམ་གླིང་ཞི་བདེའི་མཆོད་རྟེན་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་མཛད་སྒོར་གདན་ཞུ་ཕུལ་འདུགཁ་ཉིན་ཕྱི་ཚེས་ ༤ ཉིན་ The Times of India དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་ ༡༩༤༧ ལོར་ཉི་ཧོང་གི་ནང་པའི་བཙུན་པ་ Fujii Nichidatsu ལགས་ཀྱིས་འཛམ་གླིང་ས་ཕྱོགས་གང་སར་ཞི་བདེ་ཁྱབ་སྤེལ་གནང་སླད་དུ་འཛམ་གླིང་ཞི་བདེའི་མཆོད་རྟེན་ ༨༠ གསར་སྐྲུན་གྱི་རྐང་འགན་བཞེས་ཡོད་པ་ལྟར། ཕྱི་ལོ་ ༡༩༦༩ ལོར་ཁོང་གིས་རྒྱལ་པོའི་ཁབ་ཏུའང་འཛམ་གླིང་ཞི་བདེའི་མཆོད་རྟེན་གསར་བཞེངས་གནང་ཡོད་པ་དང་། ད་ཆ་མཆོད་རྟེན་དེ་དབུ་བརྙེས་ནས་མི་ལོ་ངོ་ ༥༠ འཁོར་བའི་ལྔ་བཅུའི་དུས་སྟོན་འཁེལ་གྱི་ཡོད་སྟབས། བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་གིས་དྲུང་ཡིག་ཆེན་མོ་ Deepak Kumar ལགས་ལ་རིང་མིན་ཟླ་ ༡༠ ཚེས་ ༢༥ ཉིན་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་ Ram Nath Kovind མཆོག་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ལ་ལྔ་བཅུའི་མཛད་སྟོན་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་བཀྲིན་བསྐྱང་གནང་ཡོང་བའི་གདན་ཞུ་གསོལ་འདེབས་ཕུལ་དགོས་པར་བཀའ་མངགས་གནང་ཡོད་པ་རེད།རྩ་བའི་ Vishwa Shanti Stupa ཞེས་འཛམ་གླིང་ཞི་བདེའི་མཆོད་རྟེན་དེ་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་ལྟ་གྲུབ་ལས་བློ་འགུལ་ཐེབས་པའི་ཉི་ཧོང་གི་བཙུན་པ་  Nichidatsu Fujii ལགས་ཀྱིས་རྐང་འགན་བཞེས་ཐོག་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་གི་ Hiroshima དང་། Nagasaki གྲོང་ཁྱེར་གཉིས་ནང་ལ་རྡུལ་ཕྲན་མཚོན་ཆ་སྤྱོད་པར་བརྟེན་མི་གྲངས་ལས་འདས་པའི་ཚེ་སྲོག་ཤོར་བའི་གནས་སྟངས་ལ་གདོང་ལེན་གྱི་ཚུལ་དུ་འཛམ་གླིང་ས་ཕྱོགས་གང་སར་ཞི་བདེ་ཁྱབ་སྤེལ་གནང་ཕྱིར་འཛམ་གླིང་ཞི་བདེའི་མཆོད་རྟེན་ ༨༠ གསར་སྐྲུན་གྱི་རྐང་འགན་བཞེས་ཡོད་པ་ལྟར། རྒྱ་གར་གྱི་བྷི་ཧར་མངའ་སྡེའི་ཁོངས་གཏོགས་རྒྱལ་པོའི་ཁབ་ཏུའང་འཛམ་གླིང་ཞི་བདེའི་མཆོད་རྟེན་གསར་སྐྲུན་གནང་ཡོད་པ་དང་། རྒྱ་གར་གྱི་སྲིད་འཛིན་བཞི་པ་སྐུ་ཞབས་ Varahagiri Venkata Giri མཆོག་གིས་ ༡༩༦༩ ལོར་དབུ་འབྱེད་གནང་བ་ཞིག་ཡིན་པ་རེད། སྐུ་ཞབས་ Nitish མཆོག་གིས་ད་དུང་རྒྱལ་པོའི་ཁབ་ཏུ་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་འཁྲུངས་ནས་ལོ་ངོ་ ༡༥༠ འཁོར་བའི་འཁྲུངས་སྐར་དང་བསྟུན་དེ་འབྲེལ་མཛད་སྒོའི་ཆེད་དུ་ད་ལྟ་ནས་གྲ་སྒྲིག་གི་ལས་རིམ་གནང་མུས་ཡིན་སྐོར་གསུངས་འདུག

Latest news