Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་ལ་མི་ལན་གྲོང་ཁྱེར་གྱི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་ཕུལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཚེས་ ༢༠ ཉིན་ཨི་ཊ་ལིའི་གྲོང་ཁྱེར་མི་ལན་ནང་༸ཞབས་སོར་བདེ་བར་འཁོད་བསྟུན། ཉིན་དང་པོའི་སྐབས་མགོན་པོ་མཆོག་ལ་མི་ལན་གྲོང་ཁྱེར་གྱིས་ཆེ་བསྟོད་ཚུལ་དུ་ཆེས་མཐོའི་མི་སེར་གྱི་ཕྱག་འཁྱེར་ཕུལ་འདུག ཆེ་བསྟོད་ཕྱག་འཁྱེར་དེ་ནི་ཁ་སང་ཉིན་རྒྱབ་ Milan Bicocca གཙུག་ལག་སློབ་གཉེར་ཁང་དུ་དགེ་ལས་སློབ་མ་ ༢༥༠༠ ཙམ་འདུ་འཛོམས་ཀྱིས་འབུལ་བཞེས་བསྐྱངས་འདུག་པ་དང་། མི་ལན་གྲོང་སྡེ་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Lamberto Bertole མཆོག་ནས་༸གོང་ས་མཆོག་ད་རེས་ཁུལ་དེར་ཆིབས་སྒྱུར་མཛད་པར་འཚམས་འདྲི་དང་བཅས་འབུལ་ལམ་ཞུས་འདུག   མགོན་པོ་མཆོག་གིས་ཆེ་བསྟོད་ཕྱག་འཁྱེར་དེ་འབུལ་བཞེས་མཛད་སྐབས་གྲོང་སྡེ་ལྷན་ཚོགས་ཀྱི་གཙོ་འཛིན་མཆོག་ལ་སྐུ་རྩེད་དང་སྦྲགས། ཕྱག་འཁྱེར་དེས་༸གང་ཉིད་མཆོག་ལ་ཐོབ་ཐང་དང་ལས་འགན་ག་རེ་གནང་ཡོད་པ་མཁྱེན་འདོད་ཡོད་པ་དང་། ༸སྐུ་ཉིད་མཆོག་ལ་ཐོབ་ཐང་གཙོ་བོ་ཁ་ཤས་ལས་ལས་འགན་མི་དགོས་ཞེས་བཀའ་བསྩལ་མཛད་འདུག ཁ་སང་ཉིན་རྒྱབ་ Milan Bicocca གཙུག་ལག་སློབ་གཉེར་གྱི་ཚོགས་ཁང་དུ་ཁུལ་དེའི་སྒྲིག་འཛུགས་དང་མང་ཚོགས་ནས་༸གོང་ས་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་བླ་ན་མེད་པ་ཞུས་པའི་དུས་མཚམས་དེར། ཚོགས་ཁང་གི་ཕྱི་ལ་རྒྱ་རིགས་བརྒྱ་སྐོར་ཙམ་ཞིག་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་པ་མ་ཟད། ལྷག་པར་དུ་པེ་ཅིང་གཞུང་ནས་ Italy དང་རྒྱ་ནག་དབར་གྱི་འབྲེལ་ལམ་དོ་ཕོག་ཡོང་རྒྱུའི་ཉེན་བརྡ་ཡང་བཏང་འདུག Euronews གསར་སྤེལ་ཁང་གིས་༸གོང་ས་མཆོག་ལ་རྒྱ་རིགས་ངོ་རྒོལ་བ་ཚོའི་ཐད་ལ་བཅར་འདྲི་པར་༸གང་ཉིད་མཆོག་གིས་རྒྱ་ནག་གཞུང་ཚབ་ཁག་ནས་༸སྐུ་ཉིད་མཆོག་ལ་ཡང་ཡང་ངོ་རྒོལ་སྤེལ་གྱི་ཡོད་ཅིང་། འོན་ཀྱང་མཚམས་རེ་ངོ་རྒོལ་བ་ཚོ་ག་རེ་བྱེད་ནས་ངོ་རྒོལ་བྱེད་ཀྱི་ཡོད་མེད་ཤེས་ཀྱི་མེད་པ་རེད་ཅེས་བཀའ་ལན་མཛད་འདུག རྩ་བའི་༸གོང་ས་མཆོག་ཁ་སང་སྔ་དྲོ་ Milan གྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་སྐབས་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་༸གང་ཉིད་མཆོག་གི་ཕེབས་བསུར་བཅར་ཡོད་པ་དང་། དེ་བཞིན་གྲོང་ཁྱེར་མི་ལན་གྱི་ཡི་ཤུའི་བླ་ཆེན་ Cardinal Angalo Scola མཆོག་གིས་མགོན་པོ་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་ཡོད་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་རྒྱལ་ཁབ་ཁག་ལྔའི་ནང་དུ་ཆིབས་སྒྱུར་མཛད་འཕྲིན་བཀྲིན་བསྐྱངས་པའི་ཁྲོད་རྒྱ་གཞུང་ནས་སྔར་ལྟར་གནོན་ཤུགས་དང་ངོ་རྒོལ་སྐྱོན་བརྗོད་རིགས་བྱས་ཡོད་ཀྱང་། ༸གང་ཉིད་མཆོག་ཆིབས་སྒྱུར་བསྐྱང་ཡུལ་རྒྱལ་ཁབ་སོ་སོའི་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་མི་མང་དག་ཅིག་གིས་པེ་ཅིང་གི་གནོན་ཤུགས་ལ་ལྟོས་མེད་༸གོང་ས་མཆོག་དང་མཇལ་མོལ་ཞུས་ཡོད་པ་རེད། དེའི་ཁོངས་ནས་ཟླ་བ་འདིའི་ཚེས་ ༡༦ ཉིན་ Slovakia འི་སྲིད་འཛིན་སྐུ་ཞབས་ Andrej Kiska མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་ཏེ་༸གང་ཉིད་མཆོག་ལ་ཆེ་བསྟོད་ཞུས་ཡོད་པ་དང་། དེ་མཚུངས་སུ་ཚེས་ ༡༠ ཉིན་ Latvia དང་ Estonia དེ་བཞིན་ Lithuania སོགས་ Baltic མངའ་ཁུལ་གྱི་གྲོས་ཚོགས་འཐུས་མི་བཅོ་ལྔ་དང་མཇལ་མོལ་མཛད་པ་དང་། ཚེས་ ༡༨ ཉིན་ Czech གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་གིས་དབུས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༤༨ ནས་༸གོང་ས་མཆོག་གི་མཇལ་ཁ་ལམ་སྟོན་བཀའ་སློབ་ཞུས་ཡོད་པ་རེད། གཞན་ཡང་ཁུལ་དེའི་རིག་ཞུང་བློན་ཆེན་སྐུ་ཞབས་ Daniel Herman མཆོག་ནས་ཀྱང་མགོན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད། རྩ་བའི་ད་ལན་གྱི་མཛད་འཆར་ཁྲོད་མགོན་པོ་༸གང་ཉིད་མཆོག་ལ་སུད་སིའི་རྒྱལ་ས་ Bern གྱི་གྲོང་ཁྱེར་སྤྱི་ཁྱབ་པ་མཆོག་དང་། ཨི་ཊ་ལིའི་གྲོང་ཁྱེར་Milan གྱི་སྤྱི་ཁྱབ་པ་སོགས་ཀྱིས་ཁུལ་དེ་དག་ནང་ཆིབས་སྒྱུར་མཛད་པར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཐོག་མཇལ་འཕྲད་ཀྱང་ཞུས་ཡོད་པ་རེད།

ཅེཀ་ནང་གི་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་༸གོང་ས་མཆོག་ལ་རྒྱབ་སྐྱོར་ཞུས་འདུག

ཉིན་ཤེས་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་ཆིབས་སྒྲུར་མཛད་སྐབས། ཡུལ་དེའི་ནང་གི་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་མཚོན་ཕྱིར་སློབ་གཉེར་ཁང་དེ་དག་གི་འཛིན་སྐྱོང་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་འདུག རྩ་བའི་ཟླ་བ་འདིའི་ཚེས་ ༡༨ ཉིན་༸གོང་ས་མཆོག་ཅེཀ་རྒྱལ་ས་ Prague ནང་དུ་ཆིབས་སྒྱུར་མཛད་པ་དང་བསྟུན་༸གང་ཉིད་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་སྐུ་ཞབས་ Daniel Herman མཆོག་དང་སྲིད་བློན་གཞོན་པ་ Pavel Bělobrádek དེ་བཞིན་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཞོན་དབུས་པའི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་མཛད་པ་མ་ཟད། ཡུལ་དེའི་གྲོས་ཚོགས་གོང་མའི་ནང་ཆིབས་སྒྱུར་གྱིས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༤༨ ལྷག་དང་མཇལ་མོལ་གནང་ཡོད་པ་རེད། འོན་ཏང་ཡུལ་དེའི་སྲིད་འཛིན་ Milos Zeman མཆོག་དང། སྲིད་བློན་ Bohuslav Sobotka མཆོག དེ་བཞིན་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ་གཙོས། ད་རེས་ཀྱི་མཇལ་མོལ་གནང་པ་དེས་ Cezch རྒྱལ་ཁབ་ཀྱི་ངོས་ནས་རྒྱ་ནག་དང་འབྲེལ་བའི་སྲིད་བྱུས་ལ་འགྱུར་བ་ཐེབས་པ་མཚོན་གྱི་མེད་པ་མ་ཟད། ཅེཀ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་འོག་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་བཅས་པའི་བསྒྲགས་གཏམ་ཞིག་འདོན་སྤེལ་བྱས་ཡོད་པ་རེད། དེའང་ཁ་སང་ཚེས་ ༢༠ ཉིན་ Prague Daily Monitor ཞེས་པའི་ཡུལ་དེའི་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཅེཀ་གཞུང་གིས་སྤེལ་བའི་བསྒྲགས་གཏམ་དེར་ངོ་རྒོལ་གྱི་ཚུལ་དུ་ཚེས་ ༡༨ ཉིན་གུང་ཙམ་ལ་ Masaryk གཙུག་ལག་སློབ་གཉེར་ཁང་དང། Charles, Palacky, Pardubice དེ་བཞིན་ West Bohemian དང་ Hradec Kralove སོགས་ཡུལ་དེའི་གཙུག་ལག་སློབ་གཉེར་ཁང་ཆེ་གྲས་ཁག་ཅིག་གིས་རང་སོ་སོའི་འཛིན་སྐྱོང་ལས་ཁུངས་ཀྱི་མདུན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་༸གོང་ས་མཆོག་ལ་རྒྱབ་སྐྱོར་ཞུས་འདུག བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་སྣེ་ཁྲིད་པ་སྐུ་ཞབས་ Masaryk གཙུག་ལག་སློབ་གཉེར་ཁང་གི་ Rector འམ་གཙོ་འཛིན་སྐུ་ཞབས་ Mikulas Bek ལགས་ཀྱིས་ཚེས་ ༡༨ ཉིན་རང་གི་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་སྐབས། ཅེཀ་གཞུང་གི་བསྒྲགས་གཏམ་དེ་ལ་སློབ་གྲྭ་ཆེན་མོའི་དགེ་སློབ་ཕོན་ཆེ་བ་ཧང་སང་ནས་ལུས་ཡོད་སྐོར་གསུངས་པ་མ་ཟད། ཤེས་ལྡན་པ་མང་དག་ཞིག་གིས་གནད་དོན་དེ་ནི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་རྒྱུན་དུ་འབྲེལ་མོལ་བྱེད་སྟངས་དང་ཡོངས་འགལ་བ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་གསུངས་འདུག

༸གོང་ས་མཆོག་གིས་༸གང་ཉིད་ལ་སྲིད་འཛིན་ཧེ་ཝལ་མཆོག་གི་རེ་འདུན་བསྐོང་རྒྱུའི་འགན་འཁྲི་ཡོད་ཅེས་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཉིན་རྒྱབ Czech མང་ཚོགས་ལ་བཀའ་སློབ་བསྩལ་བའི་ཁྲོད། ༸གང་ཉིད་མཆོག་ནས་ Czech རྒྱལ་ཁབ་དང་འབྲེལ་བ་དམིགས་བསལ་བ་ཞིག་ཡོད་སྐོར་བཀའ་གནང་འདུག་པ་མ་ཟད། ཁྱད་པར་དུ་མགོན་པོ་མཆོག་ལ་ཁུལ་དེའི་སྲིད་འཛིན་སྐུ་ཞབས་ Vaclav Havel དམ་པ་དེ་ཉིད་ཀྱི་རེ་འདུན་བསྐོང་རྒྱུའི་འགན་འཁྲི་ཡོད་ཅེས་བཀའ་བསྩལ་འདུག དེ་ཡང་མགོན་པོ་༸གང་ཉིད་མཆོག་གིས་ཁ་སང་རྒྱལ་ས་ Prague གི་ Lucerna ཚོགས་ཁང་ཆེན་མོའི་ནང་མང་ཚོགས་ཆིག་སྟོང་ཡས་མས་ཙམ་ཞིག་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་ལ་ལམ་སྟོན་བཀའ་སློབ་བསྩལ་འདུག སྐབས་དེར་ཐོག་མའི་སྐར་མ་བཅུ་ཙམ་རིང་ལ་༸གོང་ས་མཆོག་གིས་༸སྐུའི་ཐུགས་བསྐྱེད་མཛད་འཁུར་གསུམ་སྐོར་གསུངས་པ་དང་སྦྲགས། བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དང་། འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་གྱི་གལ་གནད། དེ་བཞིན་༸སྐུ་ཉིད་མཆོག་ནས་བོད་ཀྱི་ཁོར་ཡུག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་མཛད་བཞིན་པའི་སྐོར་ལ་ངོ་སྤྲོད་སྙིང་བསྡུས་ཤིག་གནང་པ་ཙམ་ལས་དུས་ཚོད་ཕལ་མོ་ཆེ་མང་ཚོགས་དང་ཐད་ཀར་བཀའ་འདྲི་བཀའ་ལན་མཛད་འདུག རྩ་བའི་ཁ་སང་གི་མཛད་རིམ་དེ་ forum 2000 གླེང་སྟེགས་ཀྱིས་གོ་སྒྲིག་གནང་ཡོད་སྟབས་༸གང་ཉིད་མཆོག་ནས་སྐབས་དེར་ཉིས་སྟོང་ཐམ་པའི་གླེང་སྟེགས་ཐོག་མར་གསར་འཛུགས་གནང་མཁན་སྐུའི་ཐུགས་ཉེ་བའི་མཛའ་གྲོགས་སྲིད་འཛིན་སྐུ་ཞབས་ཧེ་ཝལ་དམ་པ་དེ་ཉིད་ལ་ཆེ་བསྟོད་དང་འབྲེལ། ཁོང་གིས་དབུ་ཁྲིད་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་དྲང་བདེན་དང་བཟང་སྤྱོད་ཀྱི་ལྟ་གྲུབ་ཐོག་ལངས་ཕྱོགས་བརྟན་པོ་གནས་ཡོད་པར་བསྔགས་བརྗོད་གནང་པ་དང་། དེ་བཞིན་ Czech མང་ཚོགས་ནས་ད་བར་བོད་ཀྱི་གནད་དོན་ཐོག་ལ་ལངས་ཕྱོགས་བརྟན་པོ་གནས་པར་ཐུགས་རྗེ་ཆེ་ཞུ་གསུངས་འདུག མང་ཚོགས་ཀྱི་དྲི་བའི་ཁྲོད་སྐྱེས་པ་ཞིག་གིས་༸གོང་ས་མཆོག་ད་བར་ Czech ནང་ཆིབས་སྒྱུར་སྔ་རྗེས་བསྐྱངས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ༸གང་ཉིད་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་དགོས་པའི་རྒྱུ་མཚན་དམིགས་བསལ་ག་རེ་གཟིགས་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་རྒྱལ་ཁབ་དེའི་སྲིད་འཛིན་སྐུ་ཞབས་ Vaclav Havel དམ་པ་དེ་ཉིད་དང་མཇལ་འཕྲད་བྱུང་རྗེས་དབུ་ཁྲི་རྣམ་གཉིས་དབར་འབྲེལ་བ་ཉེ་པོ་ཞིག་བྱུང་བ་དང། དེ་བཞིན་ཁོང་གིས་བཙུགས་གནང་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཉིས་སྟོང་ཐམ་པའི་གླེང་སྟེགས་བརྒྱུད་༸གང་ཉིད་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་ཁྱད་པར་བ་ཞིག་དང་ཚོར་སྣང་དམིགས་བསལ་བ་སླེབས་ཡོད་པ་བཀའ་བསྩལ་འདུག སྒོས་སུ་༸གོང་ས་མཆོག་རྒྱལ་ཁབ་དེའི་ནང་དུ་ག་དུས་ཕེབས་ཀྱང་༸སྐུའི་མཛའ་གྲོགས་སྲིད་འཛིན་Havel དམ་པ་ཐུགས་དྲན་གནང་གི་ཡོད་པ་མ་ཟད། ཁོང་གི་འཆར་སྣང་དང་རེ་འདུན་ཁག་༸གང་ཉིད་མཆོག་ནས་བསྐོང་རྒྱུའི་འགན་འཁྲི་ཡོད་པ་དགོངས་ཀྱི་ཡོད་སྐོར་བཀའ་ལན་མཛད་འདུག དེ་མཚུངས་སུ་བཀའ་འདྲི་ཞུ་རྒྱུ་ཁྲོད་བྱམས་བརྩེ་ནུས་པ་གོང་འཕེལ་གཏོང་ཐབས་དང་། སྙིང་སྟོབས་ཇེ་འཕེལ་དུ་གཏོང་ཕྱོགས། ཆབ་སྲིད་ཀྱི་འགོ་ཁྲིད་པ་ཚོ་ཚད་ལྡན་ཞིག་ཡོང་ཐབས་སོགས་ཀྱི་ཐད་བཀའ་འདྲི་བ་མང་དག་ཞུ་མཁན་བྱུང་འདུག་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་དག་གི་བཀའ་ལན་དུ་གཙོ་བོ་ད་ལྟའི་ཤེས་ཡོན་ལམ་ལུགས་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་རིན་ཐང་ཁག་བཅུག་དགོས་གལ་དང་། དཀའ་ངལ་དང་ཛ་དྲག་གང་འདྲ་ཞིག་ཏུ་ལྷུང་ཡང་བསམ་བློ་རྒྱ་ཆེ་ས་ནས་གཏོང་སྟེ་རང་ལ་གདེང་ཚོད་ཡོད་པའི་ཐོག་ནས་ནམ་ཡང་རེ་བ་བརླག་རྒྱུ་མེད་པ་སོགས་ལམ་སྟོན་ཟབ་རྒྱས་མཛད་འདུག ཡང་སྐབས་དེར་རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་མཛད་འཕྲིན་ལ་འགོག་རྐྱེན་བཟོས་ཀྱི་ཡོད་སྐོར་དང་འབྲེལ་༸གང་ཉིད་མཆོག་གི་ཞི་བའི་མཛད་འཕྲིན་ལ་ག་དུས་ཡིན་ནའང་ཆབ་སྲིད་ཀྱི་ཟིང་ཆ་ཞིག་ཡོང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་རྒྱ་ནག་གཞུང་ནས་འདས་པའི་ལོ་བཅུ་ཕྲག་ཁ་ཤས་ནས་༸སྐུ་ཉིད་གང་དུ་ཕེབས་རུང་། རྒྱ་ནག་གཞུང་ཚབ་བྲེལ་བ་ཚུབས་ཚུབས་ཆགས་ཀྱི་ཡོད་པ་དང་། གལ་སྲིད་༸གང་ཉིད་མཆོག་ལ་སྐྱོན་བརྗོད་ཞུ་མཁན་ཞིག་དང་ལོགས་སུ་ཐུགས་ཚེ་ཁོ་ལ་བསམ་ཚུལ་མི་འདྲ་བ་ཏན་ཏན་ཡོད་སྲིད་པ་དགོངས་གནང་གི་ཡོད་སྐོར་བཀའ་གནང་འདུག ༸གོང་ས་མཆོག་གིས་མང་ཚོགས་ལ་བཀའ་སློབ་བསྩལ་བའི་མཛད་རིམ་ཐོག་ཕེབས་པའི་ Costa Rica འི་སྲིད་འཛིན་ཟུར་པ་སྐུ་ཞབས་ Oscar Arias མཆོག་ལ་མཚམས་འདྲིའི་མཇལ་དར་སྒྲོན་གནང་པ་དང་ཆབས་ཅིག མང་ཚོགས་ལ་ཁོང་དེ་སྔ་སྲིད་འཛིན་གནང་སྐབས་འཛམ་གླིང་ནང་མེ་མདའ་སོགས་གོ་ལག་ཚོང་འགྲེམས་བཀག་སྡོམ་ཐད་སྐུ་ལས་ཆེན་པོ་སྐྱོན་གནང་ཡོད་པར་བསྔགས་བརྗོད་དང། ང་ཚོས་དེའི་ཐོག་མུ་མཐུད་དཀའ་ལས་རྒྱག་དགོས་སྐོར་ཡང་བཀའ་སློབ་བསྩལ་འདུག གཞི་རྩའི་༸གོང་ས་མཆོག་གིས་ཁ་སང་སྔ་ཐོག་ Czech གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་ Miluse Horska མཆོག་གིས་གཙོས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༤༨ དང་ལྷན་དུ་མཇལ་མོལ་མཛད་འདུག་པ་དང་། སྐབས་དེར་མགོན་པོ་མཆོག་གིས་བོད་མིའི་མང་གཙོའི་འཕེལ་རིམ་དང་སྒོས་༸གང་ཉིད་མཆོག་ནས་ ༢༠༡༡ ནས་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ཀྱི་བདམས་པའི་འགོ་ཁྲིད་ལ་གསོལ་བསྩལ་མཛད་ཡོད་པའི་སྐོར་བཀའ་སྩལ་གནང་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་ལ་ Czech དེ་བཞིན་དེ་སྔ་དམར་ཤོག་གི་སྲིད་དབང་མགོ་རྟིང་སློག་རྗེས་སྲིད་འཛིན་ཟུར་པ་ Havel མཆོག་གི་མང་གཙོའི་སྒྲིག་འཛུགས་གསར་འཛུགས་གནང་ཡོད་སྟབས་སྲིད་འཛིན་དམ་པ་དེ་ཉིད་ཀྱི་རླབས་ཆེན་གྱི་རྗེས་མཛད་རྗེས་ལ་ཆེ་བསྟོད་གནང་པ་དང་འབྲེལ་ཁོང་རྣམས་ནས་ཀྱང་དྲང་བདེན་དང་བཟང་སྤྱོད་ཀྱི་ལྟ་གྲུབ་བརྟན་པོ་ཞིག་བཟུང་དགོས་གལ་ཡིན་པ་སོགས་བཀའ་སློབ་བསྩལ་འདུག རྩ་བའི་༸གོང་ས་མཆོག་ཁ་སང་ཅེཀ་རྒྱལ་ས་ Prague ནང་གི་མཛད་འཆར་ཁག་ལེགས་གྲུབ་ཟིན་རྗེས་དེ་རིང་སྔ་དྲོ་ཨི་ཊ་ལིའི་གྲོང་ཁྱེར་མི་ལན་དུ་༸ཞབས་སོར་བདེ་བར་འཁོད་པ་དང་བསྟུན་སྐབས་དེར་མི་ལན་གྲོང་ཁྱེར་གྱི་སྤྱི་ཁབ་སྐུ་ཞབས་ Giuseppe Sala མཆོག་གནམ་ཐང་དུ་ཆེད་བཅར་གྱིས་༸གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་རྗེས་༸གོང་ས་མཆོག་གྲོང་ཁྱེར་མི་ལན་གྱི་ཡི་ཤུའི་བླ་ཆེན་ Cardinal Angalo Scola མཆོག་གི་བཞུགས་གནས་སུ་གདན་ཞུ་ཕུལ་དོན་ལྟར་ཆིབས་སྒྱུར་མཛད་པ་དང་། སྐབས་དེར་ལྷན་རྒྱས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་དབུ་བཞུགས་མཛད་པ་མ་ཟད། ༸གང་ཉིས་མཆོག་ལ་དགེ་འཕེལ་གླིང་ཆོས་ཚོགས་ཀྱིས་མི་ལན་ནང་དུ་ཆིབས་སྒྱུར་གསོལ་འདེབས་ཞུ་དོན་བཞིན་དེར་ཆིབས་སྒྱུར་བཀྲིན་བསྐྱངས་པ་དང་འབྲེལ་དཔལ་ན་ལེནྜ་ནས་བརྒྱུད་པའི་དྲི་མ་མེད་པའི་བོད་བརྒྱུད་ནང་བསྟན་དེ་མི་ཉམས་རྒྱུན་འཛིན་གནང་གལ་ཡིན་པ་དང་། ༸གང་ཉིད་མཆོག་གིས་རྒྱུན་དུས་བཀའ་སྩལ་གནང་བཞིན་ཡོད་པ་ལྟར་དགེ་འཕེལ་གླིང་ཆོས་ཚོགས་དེ་ཡང་ཆོས་བྱེད་ཡུལ་ཁོ་ན་ཙམ་མིན་པར་བསླབ་པ་སློབ་གཉེར་གནང་སའི་བསྟི་གནས་ཤིག་ཏུ་བསྐྲུན་གལ་ཡིན་སྐོར་བཀའ་སློབ་བཅར་ནན་བསྩལ་དོན་ལྟར་ཆོས་ཚོགས་དེས་མགོན་པོ་མཆོག་གི་བཀའ་སློབ་ལ་གསན་བཞེས་ཀྱིས་ཕྱག་བསྟར་གནང་བཞིན་པར་བསྔགས་བརྗོད་ཀྱང་མཛད་འདུག

ཅེཀ་གཞུང་ནས་སྲིད་བྱུས་གང་འཛིན་ལ་ལྟོས་མེད་དབུ་ཁྲིད་དང་མང་ཚོགས་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་ཆིབས་སྒྱུར་བཀྲིན་སྐྱོང་སྐབས་ཅེཀ་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་མང་ཚོགས་དུ་མས་ཅེཀ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་འོག་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་ཞུས་པར་ལྟོས་མེད་ཀྱིས་༸གོང་ས་མཆོག་དང་ལྷན་མཇལ་མོལ་ཞུས་ཏེ་ཁུལ་དེར་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། དེའང་༸གོང་ས་མཆོག་གིས་ཁ་སང་ཚེས་ ༡༨ ཉིན་ཡུལ་དེའི་རྒྱལ་ས་ Prague ནང་དུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་སྐུ་ཞབས་ Daniel Herman མཆོག་དང་སྲིད་བློན་གཞོན་པ་ Pavel Bělobrádek དེ་བཞིན་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཞོན་དབུས་པའི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་པ་མ་ཟད། དེ་རིང་སྔ་དྲོ་གྲོས་ཚོགས་གོང་མའི་ནང་ཆིབས་སྒྱུར་གྱིས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༤༠ ལྷག་དང་དང་མཇལ་མོལ་མཛད་འདུག ད་ལྟའི་ཆར་༸གོང་ས་མཆོག་ནས་གྲོས་ཚོགས་འཐུས་མི་རྣམས་ལ་བཀའ་སློབ་གང་སྩལ་མིན་ཞིབ་ཕྲའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད། འོན་ཀྱང་ཁ་སང་༸གང་ཉིད་མཆོག་གིས་ཅེཀ་རིག་གཞུང་བློན་ཆེན་མཆོག་དང་ལྷན་མཇལ་འཕྲད་གནང་པའི་གནས་ཚུལ་ཐོན་མ་ཐག་ཏུ་ཡུལ་དེའི་སྲིད་འཛིན་ Milos Zeman མཆོག་གིས་གཙོས་དབུ་ཁྲིད་གཞན་ཁག་ཅིག་གིས་སྤྱི་བསྒྲགས་ཤིག་སྤེལ་བའི་བརྒྱུད། བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་ཞུ་གྱི་ཡོད་པ་དང། ཅེཀ་གཞུང་གིས་རྒྱ་ནག་དང་ལྷན་འབྲེལ་བ་དམ་ཟབ་བྱ་འདོད་ཡོད་སྐོར་བརྗོད་པ་མ་ཟད། ཁྱད་པར་དུ་ཡུལ་དེའི་སྲིད་དོན་མི་སྣ་ཁག་ཅིག་གི་བྱ་སྤྱོད་དེས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྲིད་བྱུས་ལ་འགྱུར་བ་ཕྱིན་པའི་རྣམ་པ་མངོན་ཐུབ་ཀྱི་མེད་པ་འགྲེལ་བརྗོད་བྱས་འདུག གཞི་རྩའི་༸གོང་ས་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ལ་ཆིབས་བསྒྱུར་མ་མཛད་གོང་སོ་ལོ་ཝཀ་ཡར་ཆིབས་བསྒྱུར་བཀྲིན་བསྐྱངས་པ་དང་བསྟུན་ཏེ་སྲིད་འཛིན་ Andrej Kiska  མཆོག་དང་ལྷན་མཇལ་འཕྲད་མཛད་ཡོད་སྟབས། རྒྱ་གཞུང་གིས་དེར་སྐྱོན་བརྗོད་ཤུགས་ཆེ་བྱེད་པ་དང་འབྲེལ། རིམ་བཞིན་ཡོ་རོབ་རྒྱལ་ཁབ་ Slovakia གཞུང་ལ་མི་འགྲིག་ཚུལ་གྱི་ཉེན་བརྡ་བཏང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་ལ་བཀའ་འདྲི་ཞུས་པར་དོན་གཅོད་མཆོག་གིས་ Czech རིག་གཞུང་བློན་ཆེན་མཆོག་ནས་མགོན་པོ་༸གང་ཉིད་མཆོག་དང་མཇལ་འཕྲད་ཞུས་པ་དེ་ནི་སྐུ་སྒེར་གྱི་ངོ་བོའི་ཐོག་ནས་གནང་པ་ཞིག་ཡིན་སྟབས། མཇལ་འཕྲད་གནང་པ་དེ་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་དོ་ཕོག་གཏོང་རྒྱུར་དམིགས་པ་ཞིག་གཏན་ནས་མིན་སྐོར་གསུངས་སོང་བ་དང་། རྒྱ་གཞུང་གིས་དུས་རྟག་ཏུ་༸གོང་ས་མཆོག་ལ་མཚན་སྨད་སྒྲོ་བཀུར་དང་༸གང་ཉིད་མཆོག་ལ་མཇལ་འཕྲད་ཞུ་མཁན་གྱི་ཆབ་སྲིད་དབུ་ཁྲིད་རྣམས་ཀྱི་ཐོག་ལ་གནོན་ཤུགས་སྤྲོད་དེ་ཉེན་བརྡ་གཏོང་སྲོལ་ཡོད་མེད་ལ་མ་ལྟོས་པར་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཀྱིས་གཙོས་པའི་མང་ཚོགས་ཁྲོད་༸གོང་ས་མཆོག་ལ་དད་གུས་ཇེ་ཆེ་འགྲོ་བཞིན་ཡོད་པ་དང། ལྷག་པར་དུ་ད་ལན་མགོན་པོ་མཆོག་ Czech སྤྱི་མཐུན་རྒྱལ་ཁབ་ནང་ཆིབས་སྒྱུར་བཀྲིན་བསྐྱངས་པ་དང་བསྟུན་ཡུལ་དེའི་ཆབ་སྲིད་ཚོགས་ཁག་གི་དབུ་ཁྲིད་དང་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་པ། དེ་བཞིན་དགའ་གུས་དད་གསུམ་ཆེ་བའི་མང་ཚོགས་བཅས་ཀྱིས་༸གོང་ས་མཆོག་ལ་དགའ་མོས་དང་། དད་གུས་ཆེན་པོ་གནང་ཡོད་པ་ཅེས་སོགས་གསུངས་སོང་། མཛད་འཆར་གཞིགས་ན། དེ་རིང་ཉིན་རྒྱབ་མགོན་པོ་མཆོག་ནས་གླེང་སྟེགས་ ༢༠༠༠ མཛད་འཆར་གྱི་ཆ་ཤས་སུ་མང་ཚོགས་རྣམས་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། སང་ཚེས་ ༢༠ ཉིན་སྔ་ཐོག་༸གོང་ས་མཆོག་ Czech སྤྱི་མཐུན་རྒྱལ་ཁབ་ནས་ Italy ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་ཅེཀ་སྤྱི་རིག་གཞུང་བློན་ཆེན་མཆོག་དང་མཇལ་མོལ་མཛད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་སོ་ལོ་ཝཀ་ཡའི་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཁ་སང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་༸ཞབས་སོར་བདེ་བར་འཁོད་པ་དང་བསྟུན། མི་མང་སྟོང་ཚོ་ལྷག་གིས་ Prague ནང་གི་ Hradcanske Square ཞེས་པའི་ཐང་ཆེན་དུ་ཆེད་བཅར་གྱིས་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་བོད་རང་དབང་ཞེས་པའི་འབོད་ཚིག་འཁོད་པའི་ཡིག་བྱང་སོགས་བསྣམས་ཏེ་༸གང་ཉིད་མཆོག་ལ་དགའ་གུས་ཆེན་པོས་ཕེབས་བསུ་སྣེ་ལེན་དམིགས་བསལ་ཞུས་འདུག དེ་རིང་མགོན་པོ་མཆོག་ནས་ཁུལ་དེའི་རིག་གཞུང་ལྷན་ཁང་དུ་ཆིབས་སྒྱུར་གནང་སྟེ་རིག་གཞུང་བློན་ཆེན་མཆོག་དང་མཇལ་མོལ་གྱིས་ ༢༠༠༠ ཐམ་པའི་གླེང་སྟེགས་ཐོག་ལ་དབུ་བཞུགས་མཛད་འདུག སྐབས་དེར་རིག་གཞུང་བློན་ཆེན་སྐུ་ཞབས་ Daniel Herman མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་ནས་༸གོང་ས་མཆོག་ལ་དད་གུས་ཆེན་པོས་ཕེབ་བསུ་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། ལྷན་རྒྱས་ཀྱི་མཇལ་མོལ་སྐབས་རིག་གཞུང་བློན་ཆེན་མཆོག་གིས་ངོས་ལ་ད་རེས་མགོན་པོ་༸གང་ཉིད་མཆོག་སྐུ་དངོས་སུ་མཇལ་རྒྱུའི་གོ་སྐབས་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་འབྲེལ། དེང་དུས་ཀྱི་སྤྱི་ཚོགས་ནང་ཆོས་ཕྱོགས་ཀྱི་རིན་ཐང་ལྡན་པའི་བསླབ་བྱ་རྒྱུན་སྲིང་བྱ་རྒྱུའི་གལ་གནད་དང་ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་སྐོར་ལ་གླེང་མོལ་གནང་འདུག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ༸གོང་ས་མཆོག་ཁ་སང་སྔ་ཐོག་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན། Czech TV 24 ཞེས་པའི་བརྙན་འཕྲིན་ལས་ཁང་གིས་༸གང་ཉིད་མཆོག་ལ་བཀའ་འདྲི་ཁག་ཅིག་ཞུས་པར་བཀའ་ལན་བསྩལ་ཡོད་པ་རེད། སྐབད་དེར་གསར་འགོད་པས་༸གོང་ས་མཆོག་ལ་ཡུལ་འདིའི་སྲིད་འཛིན་དམ་པ་སྐུ་ཞབས་ Vaclav Havel མཆོག་གི་དགོངས་པ་བཞེས་ཕྱོགས་ལེགས་ཤོས་དེ་གང་ལ་ངོས་འཛིན་མཛད་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་སྐུ་ཞབས་ Vaclav མཆོག་གི་གཤིས་རྒྱུད་བཟང་པོ་དང་དྲང་བདེན། ངོ་ལྐོག་རྒྱབ་མདུན་མེད་པ་དེས་དཀའ་ངལ་འཕྲད་པའི་གནས་སྐབས་སུའང་རང་ཚུགས་བརྟན་པོ་ངང་གནས་ཐུབ་ཀྱི་ཡོད་པ་སོགས་ལུང་འདྲེན་གྱིས་དམ་པ་ཁོང་ནི་མགོན་པོ་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་དང་གུས་བརྩི་ཞུ་ཡུལ་ཞིག་ཡིན་སྐོར་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་ལ་སྲིད་འཛིན་འདས་པོ་ཁོང་ཞི་བདེ་བག་ཕེབས་ངང་སྐུ་ཚེ་འདས་ཡོད་མེད་སྐོར་ལ་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་འདས་པོ་ཁོང་སྐུ་འཚོ་བཞུགས་རིང་མི་ཚེ་དོན་སྙིང་ལྡན་ཞིང་སྙིང་རྗེ་ཆེན་པོའི་ཐོག་སྐྱེལ་ཡོད་སྟབས། ཡི་ཤུའི་ཆོས་ལུགས་ཀྱི་ཐོག་ནས་བཤད་ན་ཁོང་ད་ཆ་ལྷ་ཡུལ་དུ་འཁྲུངས་དགོས་ངེས་ཡིན་པ་དང་། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ཁོང་ད་ཆ་འགྲོ་བ་མིར་མུ་མཐུད་ཕན་བདེ་བསྒྲུབ་ཕྱིར་མི་ཡུལ་དུ་སླར་འཁྲུངས་སྲིད་ཡོད་ཅེས་བཀའ་བསྩལ་འདུག ད་རེས་མགོན་༸གང་ཉིད་མཆོག་དང་ཐུགས་ཉེ་བའི་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ Vaclav Havel མཆོག་གིས་ཆེད་བཙུགས་གནང་པའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གླེང་སྟེགས་ Forum 2000 ཞེས་པ་དེ་འཚོགས་བཞིན་པའི་ཐོག་ཆེད་ཕེབས་ཀྱིས་དབུ་བཞུགས་མཛད་ཡོད་པ་རེད། དེའང་ སྲིད་འཛིན་དམ་པ་སྐུ་ཞབས་ Vaclav Havel མཆོག་གིས་གསར་འཛུགས་གནང་སྟེ་ལོ་ངོ་ ༢༠ འཁོར་གྱི་ཡོད་པ་རེད་འདུག གཞི་རྩའི་ཁ་སང་༸གོང་ས་མཆོག་གིས་རྒྱལ་ས་ Prague ནང་༸ཞབས་སོར་བདེ་བར་འཁོད་སྐབས་༸གང་ཉིད་མཆོག་དང་སྲིད་འཛིན་དམ་པ་མཆོག་ལྷན་རྒྱས་ཡོད་པའི་སྐུ་པར་ཞིག་ལ་མཇལ་དར་སྒྲོན་པ་དང་འདི་བཞིན་ཕེབས་བསུར་བཅར་བའི་དད་ལྡན་མང་ཚོགས་རྣམས་ལ་འཚམས་འདྲི་མཛད་འདུག སྐབས་དེར་༸གོང་ས་མཆོག་གིས་ཁྱེད་རྣམས་ཀྱི་མཛའ་བརྩེ་ལྡན་པའི་ཚོར་སྣང་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་པ་བཅས་ལ་ངོས་ནས་ཡི་རངས་དང་བསྔགས་བརྗོད་ཡོད་ཅེས་བཀའ་གནང་པ་དང་སྦྲགས། འགྲོ་བ་མིའི་རང་ཆས་སུ་ཡོད་པའི་ཁྱད་ཆོས་ནི་བྱམས་བརྩེ་ ཡིན་པས་དེ་ང་ཚོ་ཚང་མས་ཉམས་སུ་ལེན་ཐུབ་ཚེ་རང་གཞན་ཀུན་ལ་ཕན་ཐོགས་ཡོད་ཅེས་བཀའ་སྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་ངོས་ནི་སྲིད་འཛིན་དམ་པ་ Vaclav མཆོག་ལ་ཡིད་སྨོན་གནང་མཁན་ཞིག་ཡིན་པ་དང་། ཁོང་ད་ལྟ་སྐུ་འཚོ་བཞུགས་མིན་ཡང་ཁོང་གི་སྙིང་སྟོབས་དེ་ང་ཚོའི་ཁྲོད་ན་གནས་ཡོད་སྐོར་བཀའ་སྩལ་དང་ཆབས་ཅིག ལྷག་དོན་ང་ཚོས་སྐུ་ཞབས་ཁོང་གིས་དེ་སྔ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་གོང་འཕེལ་དང་བཟང་སྤྱོད་ལྡན་པའི་མིའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུའི་རླབས་ཆེན་གྱི་ཕྱག་ལས་དབུ་བཙུགས་གནང་ཡོད་པ་དེ་མུ་མཐུད་རྒྱུན་སྐྱོང་གནང་སྟེ་Czech རྒྱལ་ཁབ་ཁོ་ན་ཙམ་མིན་པར་འཛམ་གླིང་རྒྱལ་ཁབ་ཚང་མའི་ནང་ལ་འཆར་སྣང་དེ་མདུན་བསྐྱོད་བྱ་རྒྱུར་འབད་སྤུངས་གནང་གལ་ཡིན་པར་ལམ་སྟོན་གཟབ་མོ་མཛད་འདུག ༸གོང་ས་མཆོག་གིས་ད་དུང་ངོས་ནས་ཡོ་རོབ་སྤྱི་མཐུན་ཚོགས་པའི་ཐུན་མོང་གི་དམིགས་ཡུལ་གཅིག་གི་འོག་རང་ཉིད་ཀྱི་རྒྱལ་ཁབ་སོ་སོའི་རིག་གཞུང་གཅེས་ཉར་བྱེད་བཞིན་པའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིར་ཡི་རངས་ཀྱི་ཆེ་བསྟོད་ཞུ་གྱི་ཡོད་པ་དང་། སྒྲོམ་གཞི་དེ་དག་མ་འོངས་པར་ Africa དང་ Latin America ནང་ལག་བསྟར་གྱིས་རིམ་བཞིན་འཛམ་གླིང་རྒྱལ་ཁབ་ཚང་མའི་ནང་ལག་བསྟར་ཡོང་བར་ཐུགས་རེ་གནང་བཞིན་ཡོད་ཅེས་སོགས་བཀའ་བསྩལ་མཛད་ཡོད་པ་རེད། རྩ་བའི་ཟླ་ ༡༠ ཚེས་ ༡༦ ཉིན་དབུ་འཛུགས་གནང་པའི་ ༢༠༠༠ ཐམ་པའི་གླེང་སྟེགས་དེ་རིང་སྔ་ཐོག་ཚོུད་ ༩།༣༠ སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨི་ཇིབ་ཊི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ Tarek Osman ལགས་རྣམ་གཉིས་དབུ་བཞུགས་ཀྱིས་ Paradox of religion ཞེས་ཆོས་ཀྱི་ཕན་གནོད་ཅེས་པའི་བརྗོད་གཞིར་བཀའ་སློབ་བསྩལ་ཡོད་པ་དང་། མཛད་རིམ་དེའི་ཐོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་ Daniel Herman མཆོག་ཀྱང་ལྷན་ཞུགས་གནང་འདུག

སོ་ལོ་ཝཀ་ཡའི་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་འདུག

ཡོ་རོབ་དབུས་ Slovakia རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ Andrej Kiska མཆོག་ནས་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་སྒྱུར་བཀྲིན་བསྐྱངས་པར་འཚམས་འདྲི་ཞུས་པ་དང་འདི་བཞིན་རྒྱལ་ས་ Bratislava ཉིན་དགུང་གསོལ་ཚིགས་འདེགས་འབུལ་ཞུས་འདུག་པ་མ་ཟད་སྲིད་འཛིན་མཆོག་གི་ངོ་དེབ་སྟེང་མགོན་པོ་མཆོག་ལ་ཆེ་བསྟོད་དང་སྦྲགས། ཁོང་སྲིད་འཛིན་དུ་འཁོད་ནས་ད་རེས་༸གོང་ས་མཆོག་དང་མཇལ་ཐེངས་ཐོག་མ་འདི་བརྒྱུད་ནང་ཆོས་ཀྱི་ལྟ་གྲུབ་སྐོར་ལ་བློ་བསྐྱེད་བྱུང་ཡོད་པ་གསུངས་འདུག དེ་ཡང་མགོན་པོ་མཆོག་ཁ་ཉིན་ Swiss ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཁ་སང་ཚེས་ ༡༦ ཉིན་སྔ་ཐོག་ Slovakia རྒྱལ་ས་ Bratislava ནང་གི་གཙུག་ལག་སློབ་གྲྭ་ཞིག་གི་དགེ་སློབ་ཁག་ཅིག་དང་མཇལ་འཕྲད་མཛད་འདུག སྐབས་དེར་སྐུ་ཚབས་ཁོངས་སུ་ Slovakia གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལྕམ་ Lucia Nicholson མཆོག་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐ་ཞབས་ Frantisek མཆོག Slovakia སྲོད་བློན་གཞོན་པ་ཟུར་པ་སྐུ་ཞབས་ Pal མཆོག་སོགས་ཡོད་པ་རེད། སྲིད་འཛིན་སྐུ་ཞབས་ Andrej Kiska མཆོག་ནས་མགོན་པོ་མཆོག་ལ་གསོལ་ཚིགས་འདེགས་འབུལ་ཞུས་འདུག་པ་དང་དེ་རྗེས་༸གོང་ས་མཆོག་ལ་ཕེབས་སྐྱེལ་ཞུས་མཚམས། ༸གོང་ས་མཆོག་གིས་གསར་འགོད་པ་རྣམས་ལ་ད་རེས་སྲིད་འཛིན་མཆོག་ནས་༸གང་ཉིད་མཆོག་ལ་མགྲོན་འབོད་གནང་པར་ཐུགས་རྗེ་ཞུ་གསུངས་པ་དང་ཆབས་ཅིག སྲིད་འཛིན་མཆོག་དང་མཇལ་འཕྲད་སྐབས་གནད་དོན་མང་དག་ཅིག་གི་ཐོག་ལ་བཀའ་མོལ་བྱུང་སྐབས། བསམ་ཚུལ་དང་དགོངས་པ་བཞེས་ཕྱོགས་མང་ཆེ་བ་གཅིག་ལྟར་ཆགས་ཡོད་པ་ཐུགས་ཚོར་བྱུང་ཡོད་པ་བཀའ་གནང་འདུག ཁྱད་པར་དུ་མགོན་པོ་མཆོག་གིས་སྲིད་འཛིན་ Andrej Kiska མཆོག་ནི་མང་ཚོགས་ལ་ཕན་པ་བསྒྲུབ་བློ་ཆེ་ཞིང་། བཟང་སྤྱོད་ཀྱི་ལྟ་གྲུབ་ཡོད་མཁན་མི་ཧ་ཅང་ཡག་པོ་ཞིག་རེད་འདུག་ཅེས་བསྔགས་བརྗོད་ཆེན་པོ་གནང་འདུག རྩ་བའི་ཁ་སང་༸གོང་ས་མཆོག་རྒྱལ་ས་ Bratislava ནང་གི་མཛད་འཆར་ལས་གཙོ་བོ་གཅིག་ནི། ཉིན་རྒྱབ་ཁུལ་དེའི་མང་ཚོགས་སྟོང་ཕྲག་ཁ་ཤས་ལ་དེ་རིང་སང་ཉིན་འཛམ་གླིང་འདིའི་ནང་ཉེན་ཕྱོགས་ཀྱི་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་དུས་ཚོད་ནང་བདེ་སྐྱིད་དང་རེ་བ་ཞེས་པའི་བརྗོད་གཞིའི་ཐོག་བླང་དོར་བཀའ་སློབ་བཀྲིན་བསྩལ་འདུག སྐབས་དེར་༸གང་ཉིད་མཆོག་གིས་རྐང་བྱམས་བརྩེ་ནི་ང་ཚོ་ཚང་མའི་ནང་སེམས་ཀྱི་ཞི་བདེའི་འབྱུང་རྩ་དང་འཛམ་གླིང་ཞི་བདེའི་སྲོག་ཤིག་ལྟ་བུ་ཡིན་སྐོར་དང་། བྱམས་བརྩེའི་ཡོན་ཏན་གཞི་རྩར་བཟུང་བའི་ཐོག་འཛམ་གླིང་འདིའི་ནང་གི་མི་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་ལ་མི་ཡིན་པ་གཅིག་གྱུར་གྱི་འདུ་ཤེས་སྤེལ་དགོས་གལ་ཡིན་པ་དང་། ལྷག་པར་དུ་བཟོད་བསྲན་དང་བྱམས་པ། སྙིང་རྗེའི་བསླབ་བྱ་གཅིག་མཚུངས་བསྟན་པའི་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་ནང་ཕན་ཚུན་མཐུན་སྒྲིལ་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་གནད་ཆགས་ཡོད་སྟབས། དེའི་སླད་མི་རེ་ངོ་རེས་འགན་ཁུར་ལེན་རྒྱུ་གལ་ཆེ་ཡིན་པར་ལམ་སྟོན་བཀའ་ནན་མཛད་འདུག གཞི་རྩའི་༸གོང་ས་མཆོག་ཁ་སང་ Slovakia ནང་ཉིན་གཅིག་རིང་ཆིབས་སྒྱུར་བསྐྱངས་ཡོད་པ་དེ་ནི་ད་བར་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཐེངས་གསུམ་པ་ཆགས་ཀྱི་འདུག དེ་རིང་སྔ་ཐོག་མགོན་པོ་མཆོག་ Czech སྤྱི་མཐུན་རྒྱལ་ཁབ་ཏུ་༸ཞབས་སོར་བདེ་བར་འཁོད་འདུག

༸གོང་ས་མཆོག་གིས་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཐོག་ཆིབས་སྒྱུར་བཀྲིན་བསྐྱངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་སུད་སི་གྲོང་ ཁྱེར་ཛུ་རིག་ནང་ཡོད་པའི་ Grossmunster ཡི་ཤུའི་ལྷ་ཁང་དུ་ཆིབས་སྒྱུར་བཀྲིན་མཛད་ནས་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཤིག་གི་ཐོག་འཚེ་མེད་ཞི་བ་དང་ཀུན་ཁྱབ་འགན་འཁུར་སྐོར་བཀའ་སློབ་བསྩལ་འདུག ལྷན་ཚོགས་དེའི་ཐོག་ཁ་ཆེ་དང་ཡི་ཤུ། དེ་བཞིན་ཇིའུ་དང་ཧིན་དུ་སོགས་ཀྱི་ཆོས་དཔོན་སྐུ་ཚབ་ཁག་ཅིག་ཕེབས་གནང་ཡོད་པ་དང་། ལྷག་པར་དུ་ Grossmunster ལྷ་ཁང་གི་ཕྱི་ནང་དུ་ཆོས་ལུགས་འདྲ་མིན་གྱི་དད་ལྡན་མང་ཚོགས་ཆིག་སྟོང་ལྷག་ཆེད་བཅར་ཞུས་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་གྱི་གལ་གནད་སྐོར་དང་། ལྷག་དོན་འཚེ་མེད་ཞི་བ་དང་འཇིག་རྟེན་ཀུན་ཁྱབ་འགན་འཁུར་ནི་སྤྱི་ཚོགས་ཞི་བདེ་ལྡན་པའི་འགྱུར་བ་བཟང་པོ་ཞིག་ཡོང་བར་རྨང་གཞི་ལྟ་བུ་ཆགས་ཡོད་པ་ལམ་སྟོན་མཛད་འདུག གཞི་རྩའི་༸གང་ཉིད་མཆོག་གིས་ཁ་སང་སུད་སི་ནང་གི་བོད་རིགས་གཙོས་པའི་ས་གནས་དད་ལྡན་མང་ཚོགས་རྣམས་ལ་དབུ་མ་རིན་ཆེན་ཕྲེང་བ་དང་སྒོམ་རིམ་བར་པ། དེ་བཞིན་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་ཡོད་པ་དང་། ཉིན་དགུང་ལྗགས་སྨིན་སྐབས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐོར་ཞིག་ནས་༸གོང་ས་མཆོག་དང་མཇལ་བཅར་ཡང་ཞུས་འདུག རྩ་བའི་༸གོང་ས་མཆོག་གིས་ཁ་སང་ཉིན་གཅིག་གི་ཆོས་འབྲེལ་ལེགས་པར་གྲུབ་བསྟུན་མང་ཚོགས་རྣམས་ལ་ཆོས་ཞུས་ནས་གཙོ་བོ་མི་ཚེ་འགྱུར་བ་གཏོང་དགོས་ཀྱི་ཡོད་སྟབས། ཆོས་ཞུ་སྐབས་ཙམ་མ་ཡིན་པར་རྣམ་ཀུན་རྟག་ཏུ་ནས་དཔེ་ཆ་ལ་སློབ་དེབ་ཀྱི་འདུ་ཤེས་བཞག་ནས་སློབ་སྦྱོང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡིན་པའི་ལམ་སྟོོན་མཛད་ཡོད་པ་རེད།

གཞོན་ནུའི་ལས་འགུལ་བ་ ༦༩ ཙམ་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ལས་འགུལ་བ་ ༦༩  ཙམ་གྷོ་བ་ས་གནས་རྒྱ་གར་ཉེན་རྟོག་པས་འཛིན ་བཟུང་བྱས་འདུག  དེ་རིང་ཟླ་ ༡༠ ཚེས་ ༡༥ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་རྒྱ་གར་ནུབ་ཕྱོགས་གྲོང་ཁྱེར་གྷོ་བར་ BRICS summit ཞེས་པ་བྷར་ཛིལ་དང་ཨུ་རུ་སུ། རྒྱ་གར། རྒྱ་ནག དེ་བཞིན་ལྷོ་ཨ་ཧྥི་རི་ཀ་བཅས་རྒྱལ་ཁབ་ལྔའི་མགོ་ཁྲིད་ལྷན་ཞུགས་ཀྱིས་བཞུགས་མོལ་ཚོགས་འདུ་ཐོག་བསླེབ་ཀྱི་ཡོད་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་སྲིད་འཛིན་ཞི་ཅིང་ཕིང་ལ་རྒྱ་གཞུང་གིས་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་གྲྭ་བཙུན་ཉུང་དུ་གཏོང་རྒྱུ་ཡིན་ལུགས་ཀྱིས་གྲྭ་ཤག་གཏོར་བཤིག་གི་ལས་གཞི་སྤེལ་བཞིན་པ་མཚམས་འཇོག་དགོས་པ་དང་། བོད་ནང་ལ་རྒྱ་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་པ་མཚམས་འཇོག་དགོས་པ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་དེ་དག་འཕྲལ་མར་མཚམས་བྱེད་དགོས་པ་སོགས་ཀྱི་དགོས་འདུན་སྦྱར་ཡིག་རྣམས་འཕྱར་བཞིན་ངོ་རྒོལ་སྐད་འབོད་གནང་སྐབས་རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་ ༦༩ ཙམ་འཛིན་བཟུང་བྱས་འདུག དེ་བཞིན་དེ་རིང་ཉིན་རྒྱབ་ཚོུད་ ༣།༠༠ ཡས་མས་ཙམ་ཞིག་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ཀྱིས་གཙོས་པའི་ཚོགས་མི་ ༥ ལྡི་ལི་ནས་ཡོང་སྟེ་གྷོོ་བ་གནམ་ཐང་ལ་འབྱོར་སྐབས་རྒྱ་གར་ཉེན་རྟོག་པས་གནམ་ཐང་ནས་འཛིན་བཟུང་བྱས་ཡོད་པ་དང་འདི་བཞིན་གྷོ་བ་ལྦ་ས་ཀོ་གྲོང་ཁྱེར་ཁུལ་དུ་ཚོང་གཉེར་གནང་བཞིན་པའི་བོད་མི་ཚོང་པ་ཁྱིམ་ཚང་ ༩ ལྦ་ས་ཀོ་མེ་འཁོར་འབབ་ཚུགས་སུ་འབོད་ཚིག་སྣ་ཚོགས་འཁོད་པའི་འཕྲེད་དར་དང་ཡིག་བྱང་སོགས་བསྣམས་ཏེ་ངོ་རྒོལ་གནང་འདུག གཞི་རྩའི་རྒྱ་གར་ཉེན་རྟོག་པས་གྲོང་ཁྱེར་ Goa གཙོས་པའི་ཉེ་འཁོར་ས་གནས་ཁག་ནས་འགྲོ་འོང་བྱེད་མཁན་བོད་མི་དང་ལས་འགུལ་བའི་ཐོག་དམིགས་བསལ་དམ་དྲག་གིས་འཛིན་བཟུང་འོག་ས་གནས་སུ་ཕྱིར་སློག་བྱས་འདུག་པ་མ་ཟད། ལྷག་པར་དུ་ཁ་ཉིན་ཚེས་ ༡༣ ཉིན་བོད་མི་ ༡༡ དང་ཁ་སང་ཚེས་ ༡༤ ཉིན་བོད་མི་༡༡ བཅས་ཁྱོན་མི་གྲངས་ ༢༢ འཛིན་བཟུང་བྱས་འདུག་ཀྱང་ཁོང་རྣམས་ཀྱིས་གྷོ་བ་ཁུལ་དུ་སྤྲོ་འཆམ་ལ་ཡོང་བ་ཡིན་ཚུལ་བརྗོད་སྟབས་ཚང་མ་གྲོད་གྲོལ་བཏང་འདུག

༸གོང་ས་མཆོག་གིས་བོད་པ་མང་ཚོགས་ནས་སངས་རྒྱས་པའི་ལྟ་གྲུབ་ལ་དོ་སྣང་མ་བྱེད་པར་ལྷག་ཚེ་དེ་སེམས་སྐྱོ་བོ་ཞེ་དྲག་རེད་འདུག་ཅེས་བཀའ་སྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སི་གྲོང་ཁྱེར་ཛུ་རིག་ནང་དུ་ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཕྲག་ཁ་ཤས་ལ་དབུ་མ་རིན་ཆེན་ཕྲེང་བ་དང་སྒོམ་རིམ་ཐོག་མཐའ་བར་གསུམ་ལས་སྒོམ་རིམ་བར་པ། དེ་བཞིན་ལག་ལེན་སོ་བདུན་མ་བཅས་གཞུང་གསུམ་གྱི་ཆོས་འབྲེལ་དབུ་འཛུགས་བཀྲིན་བསྐྱངས་པའི་ཁྲོད་༸གང་ཉིད་མཆོག་གིས་ང་ཚོ་བོད་པ་མང་ཚོགས་ནས་རང་ལ་ཡོད་པའི་སངས་རྒྱས་པའི་ལྟ་གྲུབ་ཕྱུག་པོ་དེར་དོ་སྣང་མ་བྱེད་པར་ལྷག་ཚེ་དེ་སེམས་སྐྱོ་བོ་ཞེ་དྲག་རེད་འདུག་ཅེས་བཀའ་བསྩལ་སོང་། དེ་རིང་ཟླ་ ༡༠ ཚེས་ ༡༤ ཉིན་དྲྭ་ཐོག་ནས་ཆོས་འབྲེལ་ཐད་སྲིང་ནང་གསལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སིའི་གྲོང་ཁྱེར་ཛུ་རིག་ནང་སྔ་དྲོའི་ཆོས་ཐུན་སྐབས་ཆེས་ཐོག་མར་མང་ཚོགས་རྣམས་ལ་འཆད་པར་བྱ་བའི་གཞུང་གསུམ་པོའི་མཛད་པ་པོ་དང་བསྟན་བྱ་དངོས་གང་ཡིན། དེ་བཞིན་ནང་ཆོས་ཀྱི་སྤྱི་བཤད་ངོ་སྤྲོད་མཛད་པ་དང་ཆབས་ཅིག ༸གང་ཉིད་མཆོག་གིས་གཙོ་བོ་སངས་རྒྱས་པའི་ཆོས་དེ་ནི་ཆོས་ལུགས་གཞན་དང་མི་འདྲ་བ་དད་པ་ལས་རིག་པ་དང་ཤེས་རབ་གཙོ་འདོན་གནང་གི་ཡོད་སྟབས་ཆོས་ལུགས་གཞན་ལས་ནང་ཆོས་ཁྱད་དུ་འཕགས་ཚུལ་སྐོར་དང་། སངས་རྒྱས་པའི་རྗེས་འབྲངས་པ་ཞིག་གིས་ནང་ཆོས་ཀྱི་གཞུང་དེ་དག་ལ་སློབ་དེབ་ཀྱི་འདུ་ཤེས་བཞག་ནས་སློབ་གཉེར་གནང་རྒྱུ་གནད་ཆེ་ཡིན་པ་དང་འདི་བཞིན་བོད་སྐད་ཡིག་གི་གལ་འགངས་སྐོར་བཀའ་སྩལ་མཛད་སོང་། ལྷག་དོན་མགོན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་དེ་རེས་གཞུང་གསུམ་པོའི་བཀའ་ཆོས་ཐོབ་ནས་བསྐལ་བ་བཟང་པོ་བྱུང་སོང་བསམ་པ་ཙམ་མ་ཡིན་པར་རྒྱུན་དུ་ནས་ནང་ཆོས་ཀྱི་གཞུང་ལ་སློབ་དེབ་ཀྱི་འདུ་ཤེས་བཞག་ནས་སློབ་གཉེར་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་ཡིན་པ་གསུངས་པ་དང་འབྲེལ། དེང་གི་ཚན་རིག་དང་མཉམ་འགྲོ་ཐུབ་མཁན་སངས་རྒྱས་པའི་ལྟ་གྲུབ་ལ་ནུབ་ཕྱོགས་པའི་མཁས་པ་དང་ཚན་རིག་པ་གྲགས་ཅན་མང་པོས་དོ་སྣང་སྣང་གནང་པ་དང་། མང་ཚོགས་ཤེས་ཡོན་ཅན་དུ་མས་ཀྱང་དོ་སྣང་དང་དགའ་མོས་གནང་གི་ཡོད་པ་བཀའ་སྩལ་གནང་པ་མ་ཟད། ཁྱད་པར་དུ་ང་ཚོ་བོད་རང་ལ་སངས་རྒྱས་པའི་ལྟ་གྲུབ་གཟབ་ཅིང་བརླིང་པ་བོད་སྐད་རང་གི་ཐོག་ལ་ཡོད་པ་དེ་ལ་དོན་གཉེར་མ་བྱེད་པར་ལྷག་ཚེ་དེ་སེམས་སྐྱོ་བོ་ཞེ་དྲག་རེད་འདུག་ཅེས་བཀའ་གནང་ཡོད་པ་རེད། ད་དུང་མགོན་པོ་མཆོག་གིས་དབང་བརྟུལ་དད་པའི་རྗེས་འབྲངས་ལྟར་མཇུག་ཚེ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་ཐུབ་ཀྱི་མ་རེད་ཅེས་བཀའ་སྩལ་གནང་པ་དང་ཆབས་ཅིག སངས་རྒྱས་པའི་ཆོས་ནས་ཤེས་རབ་གཙོ་འདོན་གནང་པ་ལྟར་ང་ཚོ་དབང་རྣོན་ཆོས་ཀྱི་རྗེས་འབྲངས་པའི་གྲས་སུ་ཨུ་ཚུགས་ཀྱིས་ཚུད་ཐབས་གནང་དགོས་པ་རེད་ཅེས་ལམ་སྟོན་རྒྱ་ཆེ་བསྩལ་སོང་། གཞི་རྩའི་དེི་རིང་སྔ་དྲོའི་ཆོས་ཐུན་ཐོག་༸གོང་ས་མཆོག་གིས་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་ Swiss དང་ Liechtenstein བོད་རིགས་མང་ཚོགས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། སྐབས་དེར་མགོན་པོ་མཆོག་གིས་ད་བར་གཙོ་ཆེ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ལྷག་བསམ་གཡོ་བ་མེད་པ་དང་འདི་བཞིན་བྱེས་ཀྱི་མང་ཚོགས་ནས་བོད་བསྟན་སྲིད་སྤྱི་དང་སྒོས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་སླད་སྐུ་ལས་ཆེས་སྐྱོན་པར་བསྔགས་བརྗོད་དང་འབྲེལ། བརྟན་བཞུགས་འདི་ནས་བདེན་པའི་ནུས་པ་ཞིག་ཡོང་རྒྱུ་ཡིན་པ་བཀའ་བསྩལ་མཛད་ཡོད་པ་རེད།

Latest news