Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་གནང་བ།

དེ་རིང་ཟླ་ ༣ ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་གནང་བ་དང་འབྲེལ། ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ནས་རྩིས་ལོ་ ༢༠༡༨་༡༩ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་ཧིན་སྒོར་ས་ཡ་ ༢༦༥༣ ལྷག་འཆར་འབུལ་ཞུས་ཏེ་སྔ་ལོའི་སྔོན་རྩིས་བཀའ་ཁྲོལ་གཏན་འབེབས་བྱུང་བ་ལ་གཞིགས་ན་སྒོར་ས་ཡ་ ༢༡༨ ལྷག་གི་མང་བ་ཆགས་ཀྱི་འདུག དེ་རིང་སྔ་དྲོ་ཚོུད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་པ་དང་སྦྲགས། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་དང་པོ་ཚོགས་ཡོད། དབུ་འབྱེད་གསུང་བཤད་སྐབས་ཚོགས་གཙོ་མཆོག་གིས་ད་བར་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་རྒྱུའི་ཐད་ལ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་དང་ལྷན་སྔ་རྗེས་སུ་འབྲེལ་མོལ་ལམ་ནས་སེལ་རྒྱུར་འབད་བརྩོན་དུ་མ་གནང་ཡོད་པ་མ་ཟད། འབྲེལ་མོལ་དེ་ཡང་དོན་དང་ལྡན་པ་ཞིག་ཡོང་རྒྱུའི་ཐད་ལ་ཡིག་ངག་གཉིས་ཐོག་ནས་གོ་བརྡ་གསལ་པོ་སྤྲད་པ་དེ་ལྟར་ཡང་རྒྱ་གཞུང་གི་ངོས་ནས་དེའི་ཐོག་གོམ་པ་མདུན་བསྐྱོད་མ་བྱས་མེད་སྟབས་རང་གནས་སུ་ལྷག་ཡོད་པ་གསུངས་སོང་། ལྷག་པར་དུ་ད་བར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེའི་འོག་བོད་མིའི་ཞི་རྒོལ་རིམ་པ་བྱུང་བ་མ་ཟད་ཕྱོ་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་བོད་མི་ ༡༥༢ ནས་རང་ལུས་མེར་བསྲེགས་གནང་ཡོད་པ་སོགས་ལུང་འདྲེན་གྱིས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་དགོངས་གཞི་དང་བོད་ནང་གི་བོད་མིའི་མངོན་འདོད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་བཅས་ཀྱི་གནས་བབ་ལ་བསྐྱར་དུ་རྟོག་ཞིབ་དང། ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ཐོག་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་རྒྱུར་འབོད་སྐུལ་གནང་ཡོད། དེ་བཞིན་བོད་གཞིས་བྱེས་གཉིས་སུ་གྱེས་ནས་མི་ལོ་ ༦༠ སོང་བའི་དུས་ཡུན་དེའི་ནང་བོད་མི་ཚོར་༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་བསྐྱངས་དང་སྐྱོང་བཞིན་པར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག གོམས་སྲོལ། ལྷག་པར་དུ་བོད་ཀྱི་རྩ་དོན་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་དང་རྒྱབ་སྐྱོར་ཐོབ་པ་དེ་དག་མགོན་པོ་༸གང་ཉིད་མཆོག་གི་བཀྲིན་ཉག་གཅིག་ཡིན་པ་དང་། ད་ལྟའི་མི་རིབས་འདིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གང་ཡིན་པ་དེ་རྒྱུན་སྐྱོང་ཚད་ལྡན་ཞིག་ཞུས་ནས་མ་འོངས་པའི་བོད་ཀྱི་ལོ་རྒྱུས་ཐོག་ནག་ཐིག་མ་ཕོག་པ་ཞིག་གནང་གནད་ཡིན་པ་གསུངས་ཡོད། ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་དབུ་འཛུགས་མ་གནང་གོང་དུ་སྔ་དྲོ་ཚོགས་དུས་ལས་རིམ་ཐོག་གཙོ་བོ་སྔ་ལོ་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ནས་ཉེ་ཆར་ཟླ་ ༣ ཚེས་ ༧ བར་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་སྐུ་འདས་གྲོངས་སུ་གྱུར་བ་གྲྭ་བསྟན་དགའ་ལགས་དང་དཀོན་དཔེ་ལགས། ཚེ་ཁོ་ལགས་གསུམ་གྱིས་གཙོས་པའི་ད་བར་བོད་དོན་ཆེད་སྐུ་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཡོངས་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་ཞུ་རྒྱུའི་གཞུང་འབྲེལ་མྱ་ངན་གུས་འདུད་དང་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་་གྲོས་ཚོགས་སུ་སྙོན་སྒྲོན་གནང་ལྷན་གྲོས་ཚོགས་འཐུས་མི་ཚོ་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་ཞུས་ཡོད་པ་རེད། ལྷག་པར་དུ་ད་ལན་གྲོས་ཚོགས་སུ་སྤྱི་འཐུས་ལྷན་ཚོགས་ནས་བཏོན་གནང་བའི་བོད་ནང་ཛ་དྲག་གནས་སྟངས་ལ་གཞིགས་པའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་དེའི་ནང་དོན་ཚན་ལྔ་ཡོད་པ་ལས། བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམ་པའི་མངོན་འདོད་དང་ཞལ་ཆེམས་ལ་རྒྱ་གཞུང་གིས་འགན་ཁུར་བདག་སྤྲོད་དགོས་པ། རྒྱ་གཞུང་ནས་བོད་རྒྱ་འབྲེལ་མོལ་མྱུར་དུ་འགོ་འཛུགས་དགོས་པ། བོད་ནང་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་འཕྲལ་དུ་འཚམས་འཇོག་དགོས་པ། གཙུག་ལག་ཁང་གི་མེ་སྐྱོན་ཐོག་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་རིག་དངོས་སྲུང་སྐྱོབ་ཚོགས་སྒེར་ཁག་ནས་ཞིབ་འཇུག་མཐིལ་ཕྱིན་གནང་རྒྱུར་ནན་སྐུལ། བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་དང་། དེ་དག་གི་འཕྲོད་བསྟེན་ལ་རྒྱ་གཞུང་ནས་འགན་ལེན་དགོས་པ། ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་གཞུང་སྒེར་ཚོགས་ཁག་ལ་བཀྲིན་ཆེ་ཞུ་རྒྱུ་བཅས་རེད་འདུག སྐབས་དེའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་འབྲེལ། གཞིས་ལུས་བོད་མིའི་སྙིང་སྟོབས་ལ་རྗེས་དྲན་དང་ཆེ་བསྟོད་ཞུས་པ་དང་འབྲེལ་བགྲོ་གླེང་ལྷུག་པོ་གནང་ཡོད། ལྷག་པར་དུ་སྤྱི་འཐུས་ཁག་ཅིག་ནས་ད་ལྟའི་དུས་སྐབས་འདིར་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་ཀྱི་ཐོག་ནས་བོད་ནང་གི་བོད་མི་ཚོར་མང་མོས་འོས་བསྡུའི་ཐོབ་ཐང་ཞིག་སྤྲོད་རྒྱུའི་སྤོབས་པ་དང་གདེང་ཚོད་རྒྱ་ནག་གཞུང་ཡོད་མེད་བལྟ་རྒྱུའི་དུས་ཚོད་རན་ཡོད་སྐོར་གསུངས་ཡོད། སྤྱི་འཐུས་ལ་ལས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཚད་ལྡན་ཞིག་གནང་དགོས་གལ་ ཡིན་པ་དང། དེ་བཞིན་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཐོག་ཚང་མ་ནུས་པ་མཉམ་སྤུངས་གནང་གནད་ཡིན་པའང་གསུངས་སོང་། རྩ་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནི། སྔོན་རྩིས་གྲོས་ཚོགས་ཤིག་ཆགས་ཀྱི་ཡོད་པ་དང། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྒྱུན་གྲོན་དང། དམིགས་བཀར། དམིགས་བསལ། ཟུར་བཀོད། དེ་བཞིན་བར་སྐལ་བཅས་ལོ་འཁོར་མོ་གཅིག་གི་འགྲོ་གྲོན་ཁག འཛིན་སྐྱོང་བཀའ་ཤག་ནས་གྲོས་ཚོགས་ཐོག་འཆར་འབུལ་ཞུ་ཡི་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༨ དང་ ༢༠༡༩ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་སྔོན་རྩིས་འཆར་འབུལ་ཞུས་ཡོད་པ་རེད། འདི་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༨ དང་ ༡༩ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་འཆར་འབུལ་ཞུས་ཡོད་པ་དེ། ཧིན་སྒོར་ས་ཡ་ ༢༦༥༣ ལྷག་ཆགས་ཀྱི་འདུག་པ་དང། འདི་ནི་སྔ་ལོའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་གནང་བ་ལས་ཧིན་སྒོར་ས་ཡ་  ༢༡༨ ལྷག་མང་བ་བྱུང་འདུག་པ་མ་ཟད། བརྒྱ་ཆར་གཞིགས་ཚེ་ ༨.༩ ལྷག་ཙམ་འཕར་ཆ་བྱུང་འདུག  ད་རེས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ལས་དོན་འཆར་སྒྲིག་དང་དགོས་དངུལ་རྒྱབ་གཉེར་དངུལ་འབོར་ཆེ་ཤོས་གྲོས་ཚོགས་སུ་འཆར་འབུལ་ཁོངས་སུ་ཤེས་ཡོན་ཐོག་ཧིན་སྒོར་ས་ཡ་ ༣༠༡ དང། མང་ཚོགས་ཀྱི་འཕྲོད་བསྟེན་ཆེད་སྒོར་ས་ཡ་ ༡༣༠ ལྷག ཉམ་ཐག་ལྟ་སྐྱོང་ལས་འཆར་ཆེད་སྒོར་ས་ཡ་ ༡༠༥  མང་ཚོགས་ཀྱི་བདེ་དོན་ཆེད་སྒོར་ས་ཡ་ ༡༧༤ བཅས་ཆགས་ཀྱི་འདུག དེ་བཞིན་དཔལ་འབྱོལ་བཀའ་བློན་མཆོག་གིས་རྩིས་ལོ་ ༢༠༡༨ དང་ ༢༠༡༩ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་སྔོན་རྩིས་འཆར་འབུལ་ཞུས་གྲུབ་རྗེས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་ནས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་ཞུས་ཡོད་པ་རེད། གཞི་རྩའི་སྔ་དྲོ་གྲོས་ཚོགས་ཀྱི་ཚོགས་ཐེངས་དང་པོའི་ཐོག་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ཐད་ལ་ཉེ་སྔོན་སྐུ་གཤེགས་རྒྱ་གར་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་དང་བོད་དོན་རྒྱབ་སྐྱོར་བ་དམ་པ་ Nand Kishore Trikha མཆོག་དང། བོད་མི་མང་སྤྱི་ཟུར་ཧོར་གཙང་བློ་བཟང་བསྟན་འཛིན་ལགས་བཅས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་རྗེས་དྲན་ཞུས་པའི་གྲོས་ཆོད་གྲོས་འཆར་གྲོས་ཚོགས་སུ་སྙོན་སྒྲོན་གནང་ལྷན་གྲོས་ཚོགས་འཐུས་མི་ཚོ་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་ཀྱང་ཞུས་ཡོད་པ་རེད།

རྒྱ་ནག་གི་དྲག་གནོན་སྲིད་བྱུས་ལ་གཞིས་བྱེས་བོད་མིའི་སྙིང་སྟོབས་ནམ་ཡང་ཞུམ་གྱི་མ་རེད།

དེ་རིང་ཟླ་ ༣ ཚེས་ ༡༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་གྱི་དྲག་གནོན་རྗེས་དྲན་ཞེས་པའི་ལས་འགུལ་ཞིག་སྤེལ་ཡོད། དེའང་ལྡི་ལི་ཁུལ་གྱི་བོད་མི་ཚོས་ Parliament Street ཁུལ་དུ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ཞིག་སྤེལ་བ་དང་། ལས་འགུལ་དེ་ནི་ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་ནས་ཚེས་ ༡༣ བར་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཐོག་མར་དབུ་འཛུགས་ཀྱིས་བོད་རྒྱལ་ཡོངས་སུ་རྒྱ་ནག་གིས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ལ་བོད་མི་ཚོས་མ་གྲོས་སེམས་པ་གཅིག་མཐུན་གྱིས་ཞི་བའི་སྒེར་ལངས་གནང་ཡོད་པ་དང་།    མཐར་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གི་དྲག་ཆས་དམག་དཔུང་གིས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་བྱས་སྟབས་བོད་མི་ལས་འགུལ་བ་ ༢༢༥ ལྷག་གི་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་བ་མ་ཟད།  བོད་མི་ ༧༠༠༠ ཙམ་ཞིག་འཛིན་བཟུང་དང་དེ་བཞིན་བོད་མི་ ༥༠༠ ལྷག་ཙམ་ཞིག་དུས་བཀག་འདྲ་མིན་གྱི་བཙོན་འཇུག་བྱས་པ་སོགས་ས་བྱི་ཞི་རྒོལ་གྱི་དྲག་གནོན་རྗེས་དྲན་ལས་འགུལ་ཞིག་ཡིན་པ་རེད། ལས་འགུལ་གོ་སྒྲིག་ཞུ་མཁན་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་མགྲིན་ཚབ་པ་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས་བོད་ནང་བྱུང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ལས་འགུལ་དེ་དང་ལྷག་པར་དེ་རྗེས་བོད་མི་ ༡༥༠ ལྷག་ནས་རང་ལུས་མེར་བསྲེགས་གནང་བའི་གནད་དོན་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་དམར་པོའི་སྲིད་གཞུང་གི་ངོས་ནས་བོད་མིའི་ཐོག་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་ཇི་ལྟར་བྱས་ཀྱང་། གཞིས་བྱེས་བོད་མིའི་སྙིང་སྟོབས་ནམ་ཡང་ཞུམ་གྱི་མ་རེད་ཅེས་གསུངས་སོང་། དེ་རིང་རྒྱལ་ས་ལྡི་ལིའི་  Parliament Street ཁུལ་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གོ་སྒྲིག་ཞུས་པའི་ས་བྱི་ཞི་རྒོལ་གྱི་རྗེས་དྲན་ལས་འགུལ་དེའི་སྐབས་ལྡི་ལི་ཁུལ་གྱི་བོད་མི་ ༢༠༠ ལྷག་ཙམ་ནས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་ལས་འགུལ་བ་ཚོས་བོད་རང་བཙན་གཙང་མ་ཡིན།  རྒྱ་ནག་བོད་ནས་ཕྱིར་ལོག་དགོས།  ༸གོང་ས་མཆོག་༸སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་སོགས་ཀྱི་ངོ་རྒོལ་སྐད་འབོད་གནང་ཡོད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་སྐབས་དེར་ས་བྱི་ཞི་རྒོལ་གྱི་ལས་འགུལ་དེའི་རྒྱབ་ལྗོངས་ལོ་རྒྱུས་སྙིང་བསྡུས་ཤིག་མང་ཚོགས་ལ་དྲན་སྐུལ་ཞུས་པ་དང་འབྲེལ། ནམ་ཞིག་དུས་ཚོད་ལ་འགྱུར་བ་ཞིག་འགྲོ་རྒྱུ་ཡོད་པས་བོད་མི་ཚོའི་ངོས་ནས་དུས་ཚོད་ཀྱི་གོ་སྐབས་དེ་དམ་འཛིན་གནང་དགོས་གལ་ཡིན་པ་སོགས་གསུངས་ཡོད། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྱི་གནད་ཡོད་མི་སྣ་གཉིས་ཕེབས་འདུག་པ་དང་། དེ་སྔོན་བོད་དུ་དངོས་སུ་ཕེབས་མྱོང་ཡོད་པའི་གསར་འགོད་པ་སྐུ་ཞབས་ Vijay Kranti  མཆོག་གིས་ང་བོད་ནང་དངོས་སུ་ཕྱིན་ཏེ་དངོས་ཡོད་གནས་སྟངས་ཞིབ་འཇུག་བྱ་རྒྱུའི་གོ་སྐབས་བྱུང་སྐོར་གསུངས་ཡོད། རྒྱ་ནག་གི་དྲག་གནོན་ཇི་ཙམ་བྱེད་བཞིན་ཡོད་ཀྱང་བོད་ནང་གི་བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་ནས་སྙིང་སྟོབས་ཞུམ་པ་མེད་པར་ལས་འགུལ་ཤུགས་ཆེན་པོ་མུ་མཐུད་སྤེལ་གྱི་རེད། ཁྱེད་རང་ཚོའི་ངོས་ནས་ཀྱང་ལས་འགུལ་མུ་མཐུད་སྤེལ་དགོས་ཀྱི་རེད།  རྒྱ་ནག་གཞུང་གི་ངོས་ནས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུར་ཐེ་ཚོམ་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་མི་མང་དང་རྒྱལ་སྤྱིའི་ཁྱོན་ནས་ཁོང་ལ་ཡིད་ཆེས་དང་ཆེ་མཐོང་དད་པ་སོགས་ཆེན་པོ་ཡོད་རེད།  ང་རང་སྒེར་གྱི་ངོས་ནས་བོད་མི་ཚོ་བསོད་ནམས་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་སོགས་གསུངས་ཡོད། བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་གནང་མཁན་རྩོམ་པ་པོ་གྲགས་ཅན་ལྕམ་སྐུ་  Madhu Keshwar  མཆོག་ནས་རྒྱ་གར་གྱི་སྲིད་བློན་དང་པོ་པཎྡྲ་ཏ་ནེཧརུ་མཆོག་གིས་བོད་དང་བོད་མིའི་ཐོག་འཛིན་པའི་རྒྱ་གར་གྱི་སྲིད་བྱུས་རྐྱེན་པས་ད་ལྟ་རྒྱ་ནག་ཕྱོགས་ནས་དཀའ་ངལ་མང་པོ་ཞིག་སྤྲོད་བཞིན་པའི་ཆབ་སྲིད་ཀྱི་དཀའ་ངལ་ཁག་ཅིག་འགྲེལ་བརྗོད་གནང་བ་མ་ཟད། ཁོང་སྒེར་གྱི་ངོས་ནས་༸གོང་ས་མཆོག་གིས་དབུས་པའི་བོད་མི་ཚོ་བཙན་བྱོལ་བ་ཞིག་ཏུ་ངོས་འཛིན་གནང་གི་མེད། བོད་མི་ཚོ་ནི་རྒྱ་གར་གྱི་གནའ་བོའི་རྩ་ཆེའི་རིག་གཞུང་དེ་དག་ཉར་ཚགས་བྱེད་མཁན་ཤིན་ཏུ་ནས་བཀྲིན་ཆེ་བའི་མི་རིགས་ཤིག་ཡིན་པ་མ་ཟད།   བོད་མི་ཚོར་རྒྱ་གར་ཡུལ་མི་གཞན་དང་གཅིག་མཚུངས་ཀྱི་རང་དབང་སྤྲོད་དགོས་པ་དང་། ལྷག་པར་དུ་ཉེ་ཆར་སྲིད་བློན་ Narendra  Modi  མཆོག་གི་སྲིད་གཞུང་གི་ངོས་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་ཚོ་བོད་མིའི་ལས་འགུལ་དང་ཚོགས་འདུ་སོགས་སུ་འགྲོ་མི་ཆོག་པའི་བཀོད་ཁྱབ་དེར་ཁོང་སྒེར་གྱི་ངོས་ནས་ངོ་རྒོལ་མཐའ་གཅིག་ཏུ་གནང་གི་ཡོད་པ་སོགས་གསུངས་ཡོད།  

བོད་ཀྱི་བེུད་ནུས་ཤུགས་གོང་སྤེལ་སྲིད་བྱུས་ལམ་ལྷོང་ཡོང་ཆེད་མང་ཚོགས་ནས་མཐུན་འགྱུར་གནང་དགོས་ངེས་ཡིན།

དེའང་ཕྱི་ཟླ་ ༣ཚེས་ ༡༢ ཉིན་མོ་དེ་བོད་ཀྱི་བེུད་ཉིན་མོ་ཞེས་སྔ་ལོ་ནས་སྲུང་བརྩི་དབུ་འཛུགས་གནང་བ་དང་བསྟུན། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉིན་མོ་དེ་དང་འབྲེལ་སྲིད་ཞུ་བའི་ཚོགས་འདུ་ཞིག་གི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་བེུད་ནུས་ཤུགས་གོང་སྤེལ་ཐད་ལ་སྲིད་བྱུས་གཏན་འབེབས་དང། བེུད་ནུས་ཤུགས་གོང་འཕེལ་དང་འབྲེལ་བའི་ལས་གཞི་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར། སྲིད་བྱུས་དེ་ལམ་ལྷོང་ཡོང་ཆེད་མང་ཚོགས་ནས་ཆ་ཤས་དང་མཐུན་འགྱུར་གནང་དགོས་ངེས་ཡིན་པ་གསུངས་འདུག དེ་ཡང་ཕྱི་ཚེས་ ༡༢ ཉིན་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་བེུད་ནུས་ཤུགས་གོང་སྤེལ་སྡེ་ཚན་གྱིས་གོ་སྒྲིག་འོག་དྷ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་སྲི་ཞུའི་ལས་བྱེད་བཞུགས་མོལ་ཚོགས་འདུ་ཚོགས་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བེུད་ནུས་ཤུགས་གོང་སྤེལ་གྱི་སྲིད་བྱུས་སྐོར་དང། ཁོང་རང་ཉིད་ཨ་མའི་བུ་ཞིག་དང་། ལྷག་དོན་བཟའ་ཟླ་དང་བུ་མོ་ཞིག་གི་ཕ་ཡིན་པའི་ཆ་ནས་བོད་པའི་སྤྱི་ཚོགས་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ཕོ་མོ་འདྲ་མཉམ་དང་བེུད་ནུས་ཤུགས་གོང་སྤེལ་ལ་ཡིད་ཆེས་གཏིང་ཟབ་ཡོད་མཁན་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་གཞི་ཁག་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་བེུད་རྣམས་ལ་ལས་ཀ་དང་གླ་ཕོགས་དེ་བཞིན་སྲིད་སྐྱོང་དང་སྤྱི་འཐུས་བཅས་སུ་བཞེང་རྒྱུ་སོགས་ཕྱོགས་གང་ཅིའི་ཐད་ནས་ཕོ་མོ་དབྱེ་འབྱེད་མེད་པར་ཐོབ་ཐང་འདྲ་མཉམ་འབུལ་བཞིན་ཡོད་པ་དང། སྔོན་མ་བཙན་བྱོལ་ནང་དུ་འབྱོར་མ་ཐག་གི་དུས་ཚོད་དང་བསྡུར་ན་ད་ལྟའི་ཆར་བོད་པའི་སྤྱི་ཚོགས་འདི་དཔལ་འབྱོར་དང་ཤེས་ཡོན་སོགས་ཡར་རྒྱས་ཕྱིན་ཡོད་པ་རེད། འོན་ཀྱང་སྐབས་རེར་ནོར་འཁྲུལ་སོགས་བྱུང་ཚེ་བེུད་ཡིན་ན་དེར་སྐྱོན་བརྗོད་ཤུགས་ཆེ་གནང་བ་སོགས་བོད་པའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ནང་བེུད་ལ་བལྟ་སྟངས་མི་གཅིག་པ་ཕྲན་བུ་འབྱུང་བཞིན་ཡོད་སྟབས། གནད་དོན་དེའི་ཐོག་ཤོག་ཐོག་གཅིག་པོ་མ་ཡིན་པར་དོན་དམ་གྱི་སྤྱི་ཚོགས་ནང་དུ་ཡར་རྒྱས་གཏང་དགོས་པ་མ་ཟད་དོ་སྣང་དང་ཤུགས་བརྒྱབ་དགོས་གལ་ཡིན་པ་གསུངས་འདུག དེའི་ཆེད་དུ་བཀའ་ཤག་གི་ངོས་ནས་བེུད་ལ་བརྙས་བཅོས་བཏང་བ་སོགས་ཀྱི་ཐོག་བཟོད་ཐབས་མེད་པའི་ལངས་ཕྱོགས་དང་། དེ་འབྲེལ་ལས་གཞི་གང་ཐུབ་སྤེལ་བཞིན་ཡོད་ཀྱང། མང་ཚོགས་ཀྱིས་གནད་དོན་དེ་དག་ཐོག་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པའི་དྲན་སྐུལ་གནང་ཡོད། མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་ནས་བེུད་ནུས་ཤུགས་གོང་སྤེལ་དང་འབྲེལ་བའི་གློག་བརྙན་ཞིག་ཀྱང་དབུ་འབྱེད་འདུག དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ནས་བེུད་ནུས་ཤུགས་གོང་སྤེལ་སྡེ་ཚན་གྱི་ཕྱག་ལས་གནང་ཕྱོགས་དང་ལས་གཞི་སོགས་ཀྱི་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། བེུད་ནུས་ཤུགས་གོང་སྤེལ་གྱི་སྲིད་བྱུས་དངོས་སུ་ལག་བསྟར་གནང་ཕྱོགས་དང་། དེར་འགྱུར་བ་སོགས་གནང་དགོས་མིན་ཐོག་ཚོགས་འདུ་ཞིག་ཚོགས་འདུག གཞི་རྩའི་སྔ་ལོ་བོད་མིའི་སྒྲིག་འཛུགས་ནས་ཟླ་ ༣ ཚེས་  ༡༢ བོད་ཀྱི་བེུད་རང་དབང་སྒེར་ལངས་ཉིན་མོ་དེ་བོད་ཀྱི་བེུད་ཉིན་མོ་ཞེས་གཏན་འབེབས་གནང་བ་སྦྲགས། སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོ་གཟབ་རྒྱས་ཚོགས་ཡོད་པ་དེ་ལྟར་ཡང། རྗེས་སུ་བོད་ཀྱི་བེུད་ལྷན་ཚོགས་གཙོ་འགྱུར་བེུད་མང་དག་ཞིག་ནས་ཕྱི་ཟླ་ ༣ ཚེས་ ༡༢ དེ་གཞུང་འབྲེལ་ཐོག་བེུད་སྒེར་ལངས་ཉིན་མོར་སྲུང་བརྩི་ཞུ་བ་དེ་བོོད་ཀྱི་བེུད་ཉིན་མོ་ཞེས་བོད་ཀྱི་དཔའ་མོ་རྣམས་ལ་རྗེས་དྲན་དང་ལས་འགུལ་གྱི་ཉིན་མོ་ཞིག་ལ་སྲུང་བརྩི་གནང་དགོས་པ་ལས་དུས་ཆེན་གྱི་ཉིན་མོར་སྲུང་བརྩི་ཞུ་ན་མི་འགྲིག་པའི་དགོངས་ཚུལ་ཤུགས་ཆེ་གསུང་མཁན་བྱུང་བ་མ་ཟད། སྔ་ལོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་ལའང་གནད་དོན་དེའི་སྐོར་གྲོས་བསྡུར་དང་བགྲོ་གླེང་ཤུགས་ཆེ་གནང་ཡོད་པ་རེད།

རྒྱལ་ས་ལྡི་ལི་དང་ལྷོ་ཕྱོགས་ཁུལ་དུ་བོད་ཀྱི་བེུད་རང་དབང་སྒེར་ལངས་ཐེངས་ ༥༩ སྲུང་བརྩི་ཞུས་པ།

ཁ་སང་ཟླ་ ༣ ཚེས་ ༡༢ ཉིན་མོ་དེ་ནི་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ལྷ་སར་ཆོལ་གསུམ་བོད་ཀྱི་བེུད་རྣམས་ནས་རྒྱ་ནག་གཞུང་གི་དྲག་པོའི་དབང་སྒྱུར་ལ་ཞི་རྒོལ་སྒེར་ལངས་ཆེན་མོ་གནང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཡིན་པ་ལྟར། ལྡི་ལི་བོད་མིའི་གཞིས་སྒར་བསམ་ཡས་གླིང་ས་གནས་བོད་ཀྱི་བེུད་ལྷན་ཚོགས་དང་རྒྱ་གར་ལྷོ་ཕྱོགས་ས་གནས་བོད་ཀྱི་བེུད་ལྷན་ཚོགས་སོ་སོ་ནས་གོ་སྒྲིག་གནང་ཐོག་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་ཞུམ་པ་མེད་པའི་སྙིང་སྟོབས་ལ་ཡི་རང་དང་འདི་བཞིན་བོད་ཀྱི་བེུད་རང་དབང་སྒེར་ལངས་ཐེངས་ ༥༩ སྲུང་བརྩི་ཞུས་ཡོད་པ་རེད། རྒྱལ་ས་ལྡི་ལིར་བེུད་སྒེར་ལངས་སྐབས་ཀྱི་ལས་འགུལ་སྒྲ། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བེུད་སྒེར་ལངས་སྐབས་ཀྱི་ལས་འགུལ་སྒྲ།

བཞུགས་སྒར་དུ་བོད་ཀྱི་བེུད་རང་དབང་སྒེར་ལངས་ཐེངས་ ༥༩ སྲུང་བརྩི་ཞུས་པ།

དེ་རིང་ཟླ་ ༣ ཚེས་ ༡༢ ཉིན་མོ་འདི་ནི་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ལྷ་སར་ཆོལ་གསུམ་བོད་ཀྱི་བེུད་རྣམས་ནས་རྒྱ་ནག་གཞུང་གི་དྲག་པོའི་དབང་སྒྱུར་ལ་ཞི་རྒོལ་སྒེར་ལངས་ཆེན་མོ་གནང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཡིན་པ་ལྟར། བཞུགས་སྒར་རྒྱལ་གཅེས་དཔའ་བོ་དཔའ་མོའི་དྲན་རྟེན་རྡོ་རིང་མདུན་དུ་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་ཞུམ་པ་མེད་པའི་སྙིང་སྟོབས་ལ་ཡི་རང་དང་རྗེས་དྲན་ཞུས་སོང་། དེ་རིང་གི་ཉིན་མོ་འདི་ནི་དེ་སྔ་བོད་ཀྱི་རྒྱལ་ས་ལྷ་སའི་རྩེ་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་འབྲས་བུ་གཡུལ་ཁའི་ཐང་དུ་རྒྱལ་གཅེས་དཔའ་མོ་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་རྒྱ་ནག་དམར་པོས་དྲག་གནོན་ལ་མ་བཟོད་པར་སྒེར་ལངས་ཆེན་མོ་གནང་བའི་ ཉིན་མོ་ཞིག་ཆགས་ཡོད་པ་རེད། སྐབས་དེར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་འདས་པའི་མི་ལོ་ ༥༩ དེའི་ནང་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་མི་ཚོས་བོད་མིའི་རང་དབང་ཆེད་དུ་འཐབ་རྩོད་ཀྱི་དམ་བཅའ་བརྟན་པོ་བཟུང་ནས་ད་བར་བོད་ནང་དུ་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་གནང་ཕྱིར་བོད་མི་ ༡༥༢ ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང། རྒྱ་ནག་གཞུང་གིས་བོད་མིར་དམ་དྲག་དང་གཉའ་གནོན་གྱིས་ཆབ་སྲིད་ཀྱི་དམིགས་ཡུལ་བསྒྲུབ་ཐབས་བྱེད་བཞིན་ཡོད་ཀྱང་དེ་ལྟར་ཡོང་རྒྱུ་ཆེས་དཀའ་བའི་གནས་ཡིན་པ་དྲན་སྐུན་གནང་སོང་། ལྷག་པར་དུ་ཉིན་མོ་འདིའི་བརྒྱུད་ནས་བེུད་ལྷན་ཚོགས་ནས་རྒྱལ་ཚོགས་དང་རྒྱལ་སྤྱིའི་གཞུང་གི་དབུ་ཁྲིད་ཁག གྲོས་ཚོགས་འཐུས་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་བོད་རྒྱ་ཞི་མོལ་ཡོང་རྒྱུ་དང། རྒྱ་ནག་ནས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པའི་སྐུལ་མ་སོགས་དོན་གནད་ལྔ་ཅན་གྱི་འབོད་སྐུལ་གནང་ཡོད། རྒྱ་ནག་གཞུང་གིས་བོད་ནང་ཕྲུ་གུ་སྐྱེ་འགོག་གི་སྲིད་བྱུས་འོག་བོད་མི་རིགས་ས་སྟེང་འདི་ནས་རྩ་བརླག་ཏུ་གཏོང་རྒྱུར་དམིགས་པའི་བྱ་སྤྱོད་རིགས་མྱུར་དུ་འཚམས་འཇོག་དགོས་པ་དང། དེ་བཞིན་རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་གང་དུ་བཞུགས་མིན་དང་༸སྐུ་གཟུགས་ཀྱི་གནས་སྟངས་ཇི་ཆགས་རྒྱལ་སྤྱིའི་མང་ཚོགས་ལ་མངོན་གསལ་བཟོ་དགོས་ཞེས་ནན་སྐུལ་གནང་ཡོད། ལྷག་ཏུ་ཆོས་དུག་ཏུ་ངོས་འཛིན་བྱེད་མཁན་རྒྱ་ནག་དམར་པོའི་གཞུང་ལ་བླ་སྤྲུལ་ངོས་འཛིན་གྱི་ལམ་ལུགས་གསར་གཏོད་བྱ་རྒྱུའི་འོས་འབབ་མེད་སྐོར་གསུངས་ཡོད། དམིགས་བསལ་སྐུ་མགྲོན་བོད་ཀྱི་བེུད་ལྷནཚོགས་ཀྱི་སློབ་སྟོན་པ་དང་ཚོགས་གཙོ་ཟུར་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་དེ་སྔ་བོད་ནང་གི་བེུད་ཞི་རྒོལ་བ་ཚོར་ཤེས་ཡོན་མེད་ཀྱང། བོད་རྒྱལ་ཁབ་དེ་བོད་མིར་བདག་ཡོད་པ་ཤེས་ཐོག་རྒྱལ་གཅེས་པ་དཔའ་མོ་དེ་དག་གིས་དཔའ་ངར་ཞུམ་མེད་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་སྒེར་ལངས་གནང་བ་ལུང་འདྲེན་དང་འབྲེལ། ད་ལྟའི་དུས་སྐབས་འདིར་ཤེས་ཡོན་གྱི་གོ་སྐབས་ཐོབ་པའི་བེུད་ཚོའི་ཁྲོད་ནས་དེ་ལྟ་བུའི་སྙིང་སྟོབས་ལྡན་པའི་བེུད་གང་མང་ཐོན་དགོས་གནད་ཡིན་པ་གསུངས་སོང་། སྐུ་མགྲོན་གཙོ་བོ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་སྤྱི་ཟུར་པ་བསོད་ནམས་སྒྲོལ་དཀར་ལགས་ཀྱིས་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་བེུད་སྒེར་ལངས་ཀྱི་ལས་འགུལ་དེ་མུ་མཐུད་གནང་དགོས་པ་དང། དེ་རྒྱུན་སྐྱོང་ཐུབ་པར་ཉིན་མོ་དེ་བོད་ཀྱི་བེུད་སྒེར་ལངས་ཉིན་མོའི་མཚན་ཐོག་ཏུ་སྲུང་བརྩི་ཞུ་དགོས་པ་གསུངས་ཡོད། དེ་རིང་སྔ་དྲོ་བོད་ཀྱི་བེུད་ལྷན་ཚོགས་ཀྱི་གཞུང་འབྲེལ་བེུད་རང་དབང་སྒེར་ལངས་ཉིན་མོའི་མཛད་སྒོ་གྲུབ་རྗེས་དྷ་ས་ཁུལ་གྱི་བོད་ཀྱི་བེུད་རྒན་བྱིས་དར་གསུམ་གྱི་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་། བོད་ལ་རང་དབང་རང་བཙན་དགོས། རྒྱལ་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་དགོས། བོད་ལ་དྲག་གནོན་མཚམས་འཇོག་དགོས། དེ་བཞིན་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་ཞེས་པའི་འབོད་ཚིག་བཀོད་པའི་འཕྲེད་དར་སོགས་བསྣམས་ཤིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱལ་སྒོའི་མདུན་ནས་དབུ་འཛུགས་ཐོག་དྷ་ཤོད་ཀ་ཆཱ་རཱི་བར་རྒྱ་གཞུང་ལ་རྔམ་སྟོན་གྱི་གོམ་བགྲོད་གནང་ཡོད་པ་རེད། རྩ་བའི་བོད་ཀྱི་བེུད་ལྷན་ཚོགས་ནི་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་དྲག་པོའི་དབང་སྒྱུར་ལ་ཞི་རྒོལ་གནང་ཆེད་སྐབས་དེར་བོད་ཀྱི་རྒྱལ་ས་ལྷ་སར་ཐོག་མར་ཆེད་འཛུགས་གནང་ཡོད་པ་དང། ཕྱི་ལོ་ ༡༩༨༤ ལོར་སླར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་བཙན་བྱོལ་དུ་སླར་གསོ་གནང་ཡོད།  ད་ཆ་རྒྱ་གར་གཙོ་འགྱུར་ས་གནས་ཁག་མི་འདྲ་བ་ ༥༨ ནང་ཡན་ལག་དང་ཚོགས་མི་ ༡༧༠༠༠ ལྷག་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་གྲས་ཤིག་ཡིན་པ་རེད།

བཞུགས་སྒར་དུ་བོད་གཞུང་མང་གཉིས་ནས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ སྲུང་བརྩི་ཞུས་པ།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་སྐབས་གཉིས་པའི་ལས་ཡུན་རིང་བོད་མིར་དྲག་གནོན་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་བར་ནན་སྐུལ་གནང་སོང་། དེ་རིང་ཟླ་ ༣ ཚེས་ ༡༠ ཉིན་མི་འདི་ནི་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་རྒྱལ་ལྷ་སར་ཆོལ་གསུམ་བོད་མི་རྣམས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་ནག་གཞུང་གི་དྲག་པོའི་དབང་སྒྱུར་ལ་ཞི་རྒོལ་སྒེར་ལངས་ཆེན་མོ་གནང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཡིན་པ་ལྟར། བཞུགས་སྒར་གི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དབུ་གཡབ་ཏུ་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ George Baker མཆོག་གཙོ་བཞུགས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ། དྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ སྲུང་བརྩི་གཟབ་རྒྱས་ཞུས་སོང་། གཞུང་འབྲེལ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ཙམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་གཉིས་ཁ་བྲལ་གཏོང་རྒྱུའི་སྲིད་བྱུས་བཟུང་ནས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ལས་འགུལ་སྤེལ་བཞིན་ཡོད་ནའང། ༸རྒྱལ་དབང་སྐུ་ཕྲེང་རིམ་འབྱོན་ནི་བོད་མི་རིགས་ཀྱི་མགོན་༸སྐྱབས་ཡིན་པས་ཇི་སྲིད་བོད་དང་བོད་མི་རིགས་ནམ་གནས་བར་དེ་སྲིད་ཁ་བྲལ་ཐབས་མེད་པ་ཞིག་ཡིན། རྒྱ་གཞུང་གིས་༸གོང་ས་མཆོག་དང་བོད་མི་གཉིས་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་དེས་བོད་མི་རིགས་ཀྱི་སེམས་ཁམས་ལ་གསོ་ཐབས་མེད་པའི་རྨ་ཁ་བཟོ་བཞིན་པ་མ་ཟད། རྒྱ་གཞུང་ནས་གལ་ཆེར་བརྩི་བའི་བརྟན་ལྷིང་དང་མི་རིགས་ཀྱི་འཆམ་མཐུན་ཟེར་བའང་ཡོང་ཐབས་མེད་པའི་རྒྱུ་རྐྱེན་གཙོ་བ་ཞིག་ཆགས་ཡོད་པ་གསུངས་ཡོད། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་སྐབས་གཉིས་པའི་ལས་ཡུན་རིང་བོད་མིར་དྲག་གནོན་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་བར་འབོད་སྐུལ་ནན་པོ་གནང་སོང། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་བར་སྐབས་ཤིག་ནས་ཆོལ་ཁའི་འཐེན་འཁྱེར་ཡོང་བཞིན་པ་དེས་བོད་ནང་ཡོད་པའི་བོད་མི་ཚོ་སེམས་ཤུགས་ཆག་གཞི་དང་ཆོལ་ཁའི་འཐེན་འཁྱེར་ནི་བོད་མི་རྩ་དོན་གྱི་སྲོག་རྩར་གནོད་གཞི་ཅན་གྱི་ཉེས་ཐག་ལྟར་ཡིན་པར་བརྟེན། མི་རབས་རྒན་པ་ཚོས་ཉེས་ཐག་དེ་འཚར་ལོངས་འབྱུང་བཞིན་པའི་མི་རབས་ཚོར་མ་སྤྲད་པར་བོད་ཀྱི་རྩ་དོན་ཆེད་ཚང་མས་ཆོལ་གསུམ་གཅིག་སྒྲིལ་ཐོག་ནུས་པ་མཉམ་སྤུངས་གནང་བར་འབད་བརྩོན་གནང་གལ་ཡིན་པ་རེ་སྐུལ་གནང་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྙན་སྒྲོན་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་དང་༸གོང་ས་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་དང། རྒྱ་གཞུང་ནས་གུ་ཡངས་ཀྱི་སྲིད་བྱུས་བཟུང་སྟེ་བོད་མི་རིགས་ཀྱི་མངོན་འདོད་ལ་བདག་སྤྲོད་ཀྱིས་བོད་རྒྱ་དཀའ་རྙོག་སེལ་ཐབས་གནང་དགོས་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་སྟབས་རྒྱ་གཞུང་གི་འགོ་ཁྲིད་ཚོས་གཡས་ཁག་གཡོན་དཀྲི་མེད་པར་དུས་ཚོད་དམ་འཛིན་གྱིས་བོད་རྒྱ་འབྲེལ་མོལ་མྱུར་དུ་ཡོང་ཐབས་ལ་འབད་དགོས་པར་འབོད་སྐུལ་ནན་པོ་གནང་སོང། དེ་བཞིན་རང་དབང་ལུང་པའི་ནང་ཡོད་པའི་གཞུང་སྒེར་སྒྲིག་འཛུགས་སྤྱི་དང་བོད་མི་མང་ཚོགས་ནས་རང་ཉིད་ཀྱི་ཁེ་ཕན་ཁོ་ན་ཙམ་མ་ཡིན་པར་མ་འོངས་པའི་བོད་རིགས་དང་རིག་གཞུང་དེ་དག་གནས་མིན་བོད་ཀྱི་སྐད་ཡིག་ལ་ཐུག་ཡོད་སྟབས། ཆོལ་གསུམ་བོད་མི་རྣམས་གོང་བུ་གཅིག་སྒྲིལ་ཐོག་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་སོགས་གཅེས་འཛིན་ཡོང་ཐབས་སུ་ནུས་པ་མཉམ་སྤུངས་གནང་དགོས་པར་གཞེན་སྐུལ་གནང་ཡོད། སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ George Baker མཆོག་གིས་འདས་པའི་མི་ལོ་ ༥༩ དེའི་ནང་བཙན་བྱོལ་བོད་མི་ཚོས་རྒྱ་གར་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་འོག་རང་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་གཅེས་ཉར་གནང་ཐུབ་པ་ལ་ཆེ་བསྟོད་ཞུས་པ་དང་འབྲེལ། རྒྱལ་བརྒྱུད་དང་དབང་ཆ་གཅིག་བསྡུས་རིང་ལུགས་དོར་ནས་མང་གཙོའི་ལམ་ལུགས་ཐོག་བསྐྱོད་བཞིན་པའི་དུས་སྐབས་འདིའི་ཁྲོད་རྒྱ་ནག་གཞུང་སྲིད་འཛིན་ཞི་ཅིང་ཕིང་ནིརྒྱ་ནག་རྒྱལ་ཁབ་ཀྱི་རྒྱལ་པོར་འཁོད་པ་དེ་འགྲོ་བ་མི་རིགས་ལ་མཐོང་ཆུང་དང་ཞབས་འདྲེན་ཞིག་རེད་ཅེས་ཟུར་ཟ་གནང་སོང་བ་མ་ཟད།  རྒྱ་ནག་གཞུང་ནས་ད་བར་བོད་ལ་བཙན་བཟུང་བྱས་ཡོད་ཀྱང་། མི་འབོར་འཐེར་འབུམ་ ༡༢༥ ལྷག་ཡོད་པའི་རྒྱ་གར་རྒྱལ་ཁབ་ནས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་ཡོད་པ་དེ་བོད་མི་ཚོའི་སེམས་ལ་དྲན་དགོས་ཞེས་གསུངས་ཡོད། དེ་རིང་སྔ་དྲོ་གཞུང་འབྲེལ་གྱི་གསུམ་བཅུའི་དུས་དྲན་མཛད་སྒོ་གྲུབ་རྗེས་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་ཁག་ལྔས་གོ་སྒྲིག་འོག་བོད་མི་སེར་སྐྱ་རྒན་བྱིས་དར་གསུམ་གྱི་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་། བོད་ལ་རང་དབང་རང་བཙན་དགོས་པ། བོད་མིའི་འཐབ་རྩོད་ཆེད་ལོངས་ཤོག་ཅེས་པའི་འབོད་ཚིག་བཀོད་པའི་ཕྲད་དར་སོགས་བསྣམས་ཤིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱལ་སྒོའི་མདུན་ནས་དབུ་འཛུགས་ཐོག་རྡ་ཤོད་ཉེན་རྟོག་པའི་ཐང་ཆེན་བར་རྒྱ་གཞུང་ལ་རྔམ་སྟོན་གྱི་གོམ་བགྲོད་གནང་ཡོད་པ་རེད། རྩ་བའི་དེ་སྔ་བོད་ཀྱི་རྒྱལ་ས་ལྷ་སོར་བོད་མིའི་རང་དབང་སྒེར་ལངས་གནང་ནས་མི་ལོ་ ༥༩ འཁོར་བ་དང། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་ལ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་མི་ལོ་ ༡༠ འཁོར་བའི་དུས་ཚིགས་དང་བསྟུན། བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་དེ་རིང་ནས་དབུ་འཛུགས་ཀྱིས་བོད་དོན་ཆེད་ཞི་བའི་གོམ་བགྲོད་དང། གཏམ་བཤད། བགྲོ་གླེང་། དེ་བཞིན་བོད་དོན་འཐབ་རྩོད་དང་འབྲེལ་བའི་པར་རིས་འགྲེམས་སྟོན་གནང་ཐོག་དུས་ཚིགས་དེ་སྲུང་བརྩི་ཞུ་གནང་གི་ཡོད།

གཞོན་ནུའི་ལས་འགུལ་བ་ ༨༠ ལྷག་འཛིན་བཟུང་བྱས་འདུག

དེ་རིང་ཟླ་ ༣ ཚེས་ ༩ ཉིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་གྱི་སྔ་ཉིན་དང་བསྟུན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་གཞོན་ནུའི་ལས་འགུལ་བ་ཁྱོན་ཕོ་མོ་བརྒྱད་ཅུ་སྐོར་ཞིག་ནས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། ལས་འགུལ་དེའི་ནང་ལྡི་ལི་ཁུལ་གྱི་གཞོན་ནུའི་ཡན་ལག་གྱི་ས་གནས་ཚོགས་མི་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་བཀྲིས་དར་རྒྱས་ལགས། ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས། དེ་བཞིན་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་གར་སློབ་ཕྲུག་ཁག་ཅིག་ནས་ཀྱང་མཉམ་ཞུགས་གནང་འདུག ལས་འགུལ་བ་དེ་དག་གིས་རྒྱ་མིའི་གཞུང་ཚབ་ཡོད་སའི་ས་གནས་སུ་མི་མང་འདུ་ཚོགས་གནང་མི་ཆོག་པའི་ཛ་དྲག་གི་བཀའ་རྒྱ་བསྡམ་ཡོད་པ་དང་། ས་གནས་སུ་ཉེན་རྟོག་སྐོར་སྲུང་བ་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་པར་ལྟོས་མེད། རང་ཉིད་ཀྱི་ངོ་གདོང་ལ་བོད་ཀྱི་རྒྱལ་དར་དང་བོད་སྐྱོབ་དགོས་ཟེར་བ་སོགས་ཀྱི་འབོད་ཚིག་དང་། བོད་ཀྱི་རྒྱར་དར་འཕྱར་ནས་བོད་མིར་རང་དབང་སྤྲོད་དགོས་པ་སོགས་ཀྱི་སྐད་འབོད་གནང་ཡོད། ཐེངས་འདིའི་ལས་འགུལ་འབྲེལ་མཐུད་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཕྱི་འབྲེལ་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་ཀྱིས་ལས་འགུལ་དེ་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་མི་མང་གི་མ་སྐུལ་དང་བླངས་ཐོག་ཞི་བའི་སྒེར་ལངས་གནང་སྟེ་ལོ་ངོ་ ༥༩ འཁོར་བ་རྗེས་དྲན་ཞིག་དང་། གསུམ་བཅུའི་དུས་དྲན་དངོས་གཞི་ཉིན་མོ་སང་རེས་གཟའ་སྤེན་པ་འཁེལ་གྱི་ཡོད་སྟབས་དེ་ཉིན་གཞུང་ཚབ་ཁང་སྒོ་རྒྱབ་ཀྱི་ཡོད་པ་དང་བསྟུན་དེ་རིང་སྔ་སྣུར་གྱིས་རྒྱ་ནག་གཞུང་ལ་བོད་མིའི་མངོན་འདོད་ཀྱི་བརྡ་ལན་གསལ་པོ་འཕྲོད་ཐབས་སུ་ལས་འགུལ་དེ་ལྟར་སྤེལ་གནང་སྐོར་གསུངས་ཡོད། རྩ་བའི་དེ་རིང་བོད་མི་ལས་འགུལ་བ་ཕོ་མོ་གྲངས་ ༨༠ ཡོད་པ་རྣམས་ནས་སྔ་དྲོ་ཚོུ་ ༡༡ ཙམ་ནས་ལས་འགུལ་བ་རུ་ཁག་བཞིར་དབྱེ་ནས་ཉིནདགུང་ཚོུ་ ༡༢ ཡོལ་ཙམ་བར་མུ་མཐུད་རེས་མོས་ཀྱིས་ངོ་རྒོལ་སྐད་འབོད་གནང་ཡོད་ཀྱང་། ས་གནས་སུ་རྒྱ་གར་ཉེན་རྟོག་སྐོར་སྲུང་བ་ཕོན་ཆེན་འགྲེམས་འཇོག་གིས་ཁོང་རྣམས་ཉིན་འཁྱོངས་རིང་ chanakyapuri ཉེན་རྟོག་ལས་ཁུངས་སུ་བཀའ་སྐྱིལ་གནང་མཐར་གློད་བཀྲོལ་བཏང་ཡོད་པ་རེད།    

ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་བོད་དོན་ལས་འགུལ་ཆེན་མོ་དབུ་འཛུགས།

Europe Stand with Tibet ཞེས་ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་བོད་དོན་ལས་འགུལ་ཆེན་མོ་སྤེལ་བའི་བརྒྱུད་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ པ་སྲུང་བརྩི་དབུ་འཛུགས་གནང་འདུག དེ་ཡང་ལོ་ཤས་ནས་ཡོ་རོབ་ཁུལ་གྱི་བོད་རིགས་མཐུན་ཚོགས་རེས་མོས་ཀྱིས་ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་བོད་དོན་ལས་འགུལ་ཆེན་མོ་སྤེལ་ཐོག་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། འདི་ལོ་སུད་སི་དང་ལིག་ཏེན་སིཌཡན་བོད་རིགས་མཐུན་ཚོགས་ཀྱིས་རྐང་འགན་བཞེས་ཐོག་ཟླ་ ༣ ཚེས་ ༧ ཉིན་སུད་སི་གྲོང་ཁྱེར་ཆེ་ཁག་ ༡༣ ནང་རྒྱལ་ཁབ་དེའི་མི་མང་ལ་བོད་ཀྱི་རྒྱལ་དར་འགྲེམས་སྤེལ་དང་ས་གནས་མང་ཚོགས་ལ་བོད་མིའི་གསུམ་བཅུའི་སྒེར་ལངས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་ངོ་སྤྲོད་གནང་རྒྱུ་དང་དེ་བཞིན་ཚེས་ ༡༠ བར་རང་ཁྱིམ་གྱི་ཉེ་འགྲམ་དང་ཁྱམས་རའི་གཡས་གཡོན་དུ་རྒྱལ་དར་སྒྲེང་འཛུགས་གནང་དགོས་པར་འབོད་སྐུལ་གྱི་ལས་འགུལ་སྤེལ་བ་དང་ལྷན་གཅིག་ཏུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ པ་སྲུང་བརྩི་དབུ་འཛུགས་གནང་འདུག དེ་བཞིན་ཁ་སང་ཕྱི་ཚེས་ ༨ ཉིན་སུད་སི་ཇི་ནི་ཝའི་ Press Club ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་མཆོག་དང་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཉིས་གཙོ་བཞུགས་ཀྱིས་ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་བོད་དོན་ལས་འགུལ་ཆེན་མོ་དང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་འདུག་པ་དང་། རྒྱལ་ས་ Bern ནང་དུ་ཡོད་པའི་ཡུལ་དེའི་གྲོས་ཚོགས་ཀྱི་མདུན་དུ་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་། བོད་མི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་བོད་དོན་གཏམ་བཤད་གནང་བ་དང་ཆབས་ཅིག  Flash Mob འམ་གློ་བུར་གྱི་རྔམ་སྟོན་ལས་འགུལ་ཞིག་ཀྱང་སྤེལ་གནང་གི་ཡོད་པ་རེད། སང་ཉིན་ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༥༩ ཐོག་ཡོ་རོབ་ཁུལ་གྱི་བོད་རིགས་མཐུན་ཚོགས་དང་གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་མཉམ་འབྲེལ་ཐོག  སུད་སི་ཇི་ནི་ཝའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་མདུན་དུ་བོད་མི་རྣམས་འདུ་འཛོམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ པ་སྲུང་བརྩི་ཞུ་གནང་གི་འདུག

དྲག་པོའི་བཀའ་རྒྱ་བསྡམས་པའི་ལོ་རྒྱུས་དྲན་གསོ་དང་འབྲེལ་རྒྱལ་གཅེས་པ་རྣམས་ལ་རྗེས་དྲན་གུས་འདུད་ཞུས་བ།

ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དྲག་པོའི་བཀའ་རྒྱ་བསྡམས་རྗེས་རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་ལ་དམྱལ་ཁམས་མི་ཡུལ་དུ་འཕོས་པ་ལྟ་བུ་དྲག་པོའི་དམག་ཁྲིམས་ཀྱིས་བོད་ཆོལ་གསུམ་གྱི་བོད་མི་སེར་སྐྱ་རྒན་བྱིས་དར་གསུམ་ཕོ་མོ་ཁྱད་མེད་བཙན་གནོན་འོག་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ལ་གདུང་སེམས་མཉམ་བསྐྱེད་དང་། ཁོང་རྣམ་པའི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་སོང་། དེ་ཡང་དེ་རིང་ཟླ་ ༣ ཚེས་ ༨ ཉིན་སྔ་དྲོ་ཚོུད་ ༩།༠༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ལྷ་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། དེ་བཞིབ་རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་བཅས་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད། གཞི་རྩའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་མོ་དེ་ནི།  ༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་རྒྱ་གཞུང་གི་དྲག་པོའི་དབང་སྒྱུར་སྲིད་བྱུས་ལ་མ་བཟོད་པར་ཞི་བའི་རྔམ་སྟོན་གནང་པར་བརྟེན།  སྐབས་དེར་རྒྱ་གཞུང་གིས་རྒྱལ་ས་ལྷ་སའི་ཕྱོགས་བཞི་མཚམས་བརྒྱད་ལ་དྲག་པོའི་བཀའ་རྒྱ་བསྡམས་ཏེ་བོད་མི་ཚོར་མི་སྤྱོད་ལས་འདས་པའི་དྲག་གནོན་ལག་བསྟར་བྱས་རྗེས་བོད་མི་མང་པོ་རྐྱེན་འདས་སུ་ཕྱིན་པའི་ཉིན་མོ་ཞིག་ཆགས་ཀྱི་ཡོད་པ་དང་། དོན་རྐྱེན་དེའི་འོག་ཏུ་སྐུ་སྲོག་ཤོར་བའི་བོད་མི་དང་། དེ་བཞིན་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱོང་མུས་ཡིན་པའི་རྒྱལ་གཅེས་པ་དེ་དག་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད། དེ་བཞིན་ཁོང་རྣམ་པའི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་ལོ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཉིན་མོ་དེ་དྲན་གསོ་དང་སྦྲགས། ཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱི་མཆོད་འབུལ་སྨོནལམ་རྒྱས་པ་ཞིག་ཚོགས་ཀྱི་ཡོད་པ་རེད།

Latest news