Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བྱང་ཨ་རི་ཁུལ་དུ་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་སྔ་སྣུར་གནང་བ།

དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་བཞིན་ཟླ་ ༡ ཚེས་ ༣ རེས་གཟའ་ཉི་མའི་ཉིན་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་དེ་ལྟར་ཡང་། ཨ་རི་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་དང་འབྲེལ་མི་ནི་སོ་ཊ་ཁུལ་དུ་སྔོན་འགྲོའི་འོས་བསྡུ་དེ་ཉིན་གཅིག་སྔ་སྣུར་གནང་གཏན་འཁེལ་འདུག ཉེ་ལམ་ཟླ་འདིའི་ཚེས་ ༢༦ ཉིན་མི་ནི་སོ་ཊའི་ས་གནས་འོས་བསྡུའི་ཚོགས་ཆུང་གིས་འོས་བསྡུ་དང་འབྲེལ་བཀོད་ཁྱབ་ཅིག་གནང་བར་བྱང་ཨ་རི་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པའི་རྐྱེན་གྱིས་ས་གནས་གཅིག་ལ་མང་ཚོགས་འདུ་འཛོམས་གནང་རྒྱུར་དཀའ་ངལ་འཕྲད་སྟབས་མི་ནི་སོ་ཊ་ཁུལ་དུ་བོད་མི་རྣམས་ནས་ཟླ་ ༡ ཚེས་ ༣ ཉིན་ཉིན་བརྒྱ་དུས་གཅིག་ལ་འོས་འཕེན་གནང་རྒྱུ་ཚབ་ཏུ་ཚེས་ ༢ དང་ ༣ བཅས་སྔ་དྲོ་ཆུ་ཚོད་ ༨ པ་ནས་དགོང་དྲོ་ཆུ་ཚོད་ ༦ པ་བར་གནང་གཏན་འཁེལ་འདུགདེ་བཞིན་ཨ་རི་ཁེལ་ཕོ་ནི་ཡའི་བོད་རིགས་ཚོགས་པ་དང་། ཁེ་ན་ཌའི་གངས་ལྗོངས་ཆོས་ལྡན་གླིང་གིས་སྤྱི་ཚོགས་དྲ་ལམ་སོགས་ཀྱི་བརྒྱུད་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་དེ་བཞིན་ཟླ་ ༡ ཚེས་ ༡ དང་ ༢ དེ་བཞིན་ ༣ བཅས་སོ་སོར་གནང་རྒྱུ་གསལ་བསྒྲགས་གནང་འདུག གཞི་རྩའི་ད་ཆ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་དུས་ཚིགས་དང་འབྲེལ་དབུས་འོས་བསྡུ་ལས་ཁང་ནས་ས་གནས་སོ་སོར་འོས་བསྡུའི་ཉིན་གཉན་རིམས་ཁྱབ་གདལ་མི་འགྲོ་བའི་ཕྱིར་མང་ཚོགས་ཁྲོད་སྤྱི་ཚོགས་རྒྱང་བཀྱེད་བསྟེན་རྒྱུ་དང་། ཁ་རས་ངེས་པར་དུ་གྱོན་དགོས་པ། དེ་བཞིན་འོས་བསྡུའི་བྱ་ཡུལ་གྱི་ས་ཚིགས་སུ་དུག་སེལ་གནང་དགོས་པ་སོགས་གསལ་བསྒྲགས་གནང་ཡོད་པར་མ་ཟད། འོས་བསྡུའི་བྱ་ཡུལ་གྱི་ས་ཚིགས་དེ་སྔ་ལས་མང་དུ་བཏང་ཡོད་པ་རེད། དེའི་ཁྲོད་ད་ཆ་དབྱིན་ཡུལ་ནང་ Mutant Covid ཞེས་ཏོག་དབྱིབས་གཉན་རིམས་ཀྱི་གཉན་སྲིན་གྱི་ངོ་བོ་འགྱུར་ལྡོག་དང་འབྲེལ་ནས་གཉན་སྲིན་དེ་འགོས་ཁྱབ་བརྒྱ་ཆ་ ༧༠ མྱུར་བ་ཡོད་པ་ར་འཕྲོད་བྱུང་བ་ལྟར།  ཉེ་ལམ་རླུང་འཕྲིན་ཁང་ནས་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་ཁང་གི་ལས་བྱེད་དང་ཁུལ་དེའི་འོས་བསྡུའི་འགན་འཛིན་གྱི་ལས་རོགས་ཚེ་རིང་མཚོ་མོ་ལགས་སུ་གཉན་རིམས་ཀྱི་རླབས་རྒྱུན་གསར་པ་དེའི་ཁྲོད་བོད་མིའི་སྤྱིའི་གནས་བབ་དང་འོས་བསྡུའི་ལས་རིམ་ཁག་དུས་ཐོག་ཏུ་གནང་ཐུབ་མིན་ཐོག་བཀའ་འདྲི་ཞུས་སྐབས་ཁོང་གིས་སྤྱིར་ད་ལྟའི་ཆར་དབྱིན་ཡུལ་ནང་གི་གནས་བབ་ལ་བརྟེན་ནས་ས་གནས་བོད་མི་རྣམས་ནས་ཉིན་བརྒྱ་དུས་གཅིག་ལ་འོས་འཕེན་གནང་རྒྱུ་ཁག་པོ་ཆགས་ཡོད་སྟབས། དབུས་འོས་བསྡུ་ལས་ཁང་ལ་གནད་དེོན་དེའི་ཐད་སྙན་སེང་ཞུས་ཡོད་པ་གསུངས་ཡོད།   ད་ཆ་བོད་མི་གནས་སྡོད་ས་གནས་མང་དག་ཅིག་གི་ནང་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ལ་བརྟེན་ནས་ས་གནས་སོ་སོའི་གནས་བབ་ལ་གཞིགས་པའི་འོས་བསྡུའི་དུས་ཚེས་སོགས་གཏན་འབེབས་གནང་ཡོད་པ་དང་སྒོས་སུ་ཉེ་ལམ་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་བལ་ཡུལ་ཉེན་རྟོག་པས་བལ་ཡུལ་ཆོས་འབྱོར་ས་གནས་འགོ་འཛིན་དང་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གིས་གསར་འགོད་པ། དེ་བཞིན་བོད་མི་གསུམ་བཅས་ཁྱོན་མི་ལྔ་འཛིན་བཟུང་གིས་ཆུ་ཚོད་ཁ་ཤས་རིང་དོ་དམ་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད། རྩ་བའི་བལ་ཡུལ་ནང་རྒྱ་ནག་གཞུང་གིས་ཤུགས་རྐྱེན་ཧ་ཅང་ཆེན་པོ་སྤྲོད་བཞིན་པའི་རྐྱེན་གྱིས་བལ་ཡུལ་གཞུང་གིས་ཁུལ་དེའི་བོད་མི་རྣམས་ནས་ཆབ་སྲིད་ཀྱི་ལས་དོན་སྤེལ་ཕྱོགས་ཐད་དམིགས་བསལ་དམ་དྲག་བྱེད་ཀྱི་ཡོད་པ་རེད། ལྷག་པར་དུ་དེ་སྔ་ཕྱི་ལོ་ ༢༠༡༡ ལོའི་འོས་བསྡུ་སྐབས་སུ་ཡང་བལ་ཡུལ་གཞུང་ནས་འོས་སྒམ་ཡོངས་འཕྲོག་པའི་གནས་ཚུལ་བྱུང་ཡོད་པ་རེད།

༸གོང་ས་མཆོག་གི་ཆིབས་ཞབས་སྐུ་སྲུང་ཨ་ནན་ཟླ་བ་ལགས་སྐུ་ཚེའི་འཕེན་པ་རྫོགས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྐབས་དམིགས་བསལ་ཆིབས་ཞབས་སྐུ་སྲུང་ཨ་ནན་ཟླ་བ་ལགས་དགུང་ལོ་མཐོ་པོར་ཕེབས་ཁར་སྐུ་གཟུགས་བདེ་མིན་རྐྱེན་གྱིས་སྨན་བཅོས་ཞབས་རིམ་ཞུ་སྒོ་ཁག་ཞུས་ཀྱང་མཐར་དྲག་སྐྱེད་མ་བྱུང་བར་ཟླ་བ་འདིའི་ཚེས་ ༢༦ ཕྱི་དྲོ་ཚོུད་ ༤༌༣༠ ཙམ་ལ་ཨ་རིའི་མངའ་སྡེ་མི་ནི་སོ་ཊར་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུགཆིབས་ཞབས་སྐུ་སྲུང་ཨ་ནན་ཟླ་བ་ལགས་ནི་ཕྱི་ལོ་ ༡༩༣༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། ཁོང་ལ་སྤུན་མཆེད་ལྔ་ཡོད་པའི་ནང་ནས་ཁོང་ཆུང་ཤོས་དེ་ཡིན་པ་དང་།  ཁོང་གི་པཱ་ལགས་དང་གཅེན་པོ་བློ་བཟང་བསྟན་འཛིན་ལགས་ཀྱང་སྐུ་སྲུང་གི་ཞབས་ཞུ་བསྒྲུབས་ཡོད་པ་མ་ཟད། བཞུགས་སྒར་རྡ་རམ་ས་ལར་༸རྒྱལ་བའི་ཕོ་བྲང་དུ་མི་ཚེ་ཧྲིལ་པོའི་རིང་ཞབས་ཞུ་བསྒྲུབས་ཡོད།ཕྱི་ལོ་ ༡༩༥༥ ལོར་ཁོང་སྐབས་དེ་དུས་ལོ་ན་བཅོ་ལྔ་ལས་སོན་མེད་ཀྱང་ནོར་བུ་གླིང་ཁར་༸རྒྱལ་བའི་སྐུ་སྲུང་དམག་མིར་འཛུལ་ཞུགས་ཀྱིས་ལོ་བཞིའི་རྗེས་ལ་སྐུ་སྲུང་དམག་མི་ངོ་མར་བསྐོ་བཞག་གནང་བར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་ལྡན་སྨོན་ལམ་ཆེན་མོར་སེར་འབྲས་དགའ་གསུམ་གྱི་བསྟན་འཛིན་གྱི་སྐྱེས་ཆེན་མཁས་དབང་སྟོང་ཚོ་མང་པོའི་དབུས་སུ་གྲྭ་སྐོར་ལྷ་རམས་པའི་དམ་བཅའ་མཚན་རྟགས་བཞེས་སྐབས་བོད་ནང་རྒྱ་དམར་གྱིས་དྲག་གནོན་ཛ་དྲག་ཉེན་ཁའི་འོག་༸རྒྱལ་བའི་སྐུ་སྲུང་གི་འགན་འཁུར་ཞུས་ཡོད་པ་རེད། ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༧ མཚན་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་འཁོར་བོད་མི་སྟོང་ཕྲག་མང་པོ་བཙན་བྱོལ་དུ་ཕེབས་སྐབས་ཕེབས་ལམ་ལ་སྐུ་ངལ་ཚད་མེད་འཕྲད་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་སྲུང་གི་འགན་འཁུར་ཞབས་ཞུས་པ་མ་ཟད། ཕྱི་ཟླ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་མཆོག་དང་སྐུ་འཁོར་ལྷན་རྒྱས་རྒྱ་གར་ས་ཆར་བདེ་འབྱོར་ཐུབ་རྗེས་བསྟན་སྲུང་དྭང་བླངས་དམག་མི་དང་འཇབ་དམག་མཉམ་དུ་ཕྱིར་ལོག་གིས་རྒྱ་དམག་ལ་འཐབ་འཛིང་ཆེད་དུ་བོད་ལ་བསྐྱོད་ཡོད་ཀྱང་། ཨ་ནན་ཟླ་བ་ལགས་༸རྒྱལ་བའི་བཀའ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་པོ་མ་སུ་རི་བར་ཆིབས་ཞབས་སུ་ལྷན་བཅར་གྱིས་༸རྒྱལ་བའི་སྐུ་སྲུང་གི་ཞབས་ཕྱི་བསྒྲུབས་ཡོད།བྱེས་འབྱོར་བོད་མི་དག་མ་སུ་རིར་བདེ་འབྱོར་ཟིན་པའི་རྗེས་སུ་༸རྒྱལ་བའི་བཀའ་དགོངས་བཞིན་མ་སུ་རི་སློབ་གྲྭ་གསར་འཛུགས་སྐབས་ཀྱི་ཐོག་མའི་སློབ་ཕྲུག་ལྔ་བཅུའི་གྲས་ནས་གཅིག་ཆགས་ཀྱི་ཡོད་ཅིང་། མ་སུ་རིར་སློབ་སྦྱོང་ཟིན་རྗེས་བལ་ཡུལ་ལ་བོད་མི་གསར་དུ་འབྱོར་བ་ཚོའི་སྐད་སྒྱུར་དང་ལམ་སྟོན་གྱི་ལས་དོན་ཁག་ཧུར་སྐྱེད་ཞུས་པར་མ་ཟད། རྗེས་སུ་ཨ་རིའི་ Cornell University Ithaca མཐོ་སློབ་དང་ Boston དུ་ཨ་རིའི་གསང་བའི་སློབ་སྦྱོང་ལ་བསྐྱོད་དེ་སློབ་ཐོན་གྱི་གྲུབ་འབྲས་ལེགས་སོན་གྱིས་རྒྱ་གར་ལ་ཕྱིར་ཕེབས་ནས་བོད་གཞུང་གི་བཀོད་མངགས་ལྟར་ཞབས་ཞུ་ཁག་འཐུས་ཚང་ཞུས་ཡོད་པ་རེད། ཕྱི་ལོ་ ༡༩༩༦ ལོར་ཨ་རིར་ནང་མི་ཟླ་སྒྲིལ་གྱི་ཁོངས་སུ་ཨ་རིའི་མངའ་སྡེ་མི་ནི་སོ་ཊར་གནས་སྤོས་བགྱིས་ཏེ་རྒས་ཡོལ་དུ་བཞུགས་ཡོད་པ་དང་། ཁོང་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་བཙན་བྱོལ་དུ་ཕེབས་སྐབས་དམིགས་བསལ་ཆིབས་ཞབས་སྐུ་སྲུང་བདུན་ཡོད་པའི་ནང་ནས་སྐུ་སྲུང་མཐའ་མ་དེ་ཆགས་ཀྱི་ཡོད་པ་རེད།

ཏོག་དབྱིབས་ཀྱི་གཉན་སྲིན་ངོ་བོ་འགྱུར་ལྡོག་འགྲོ་བ་དེས་བརྒྱ་ཆ་བདུན་ཅུ་འགོས་ཁྱབ་མྱུར་བ་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་སྔོན་འགོག་ལས་དོན་ཚོགས་ཆུང་གིས་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་དབྱིན་ཡུལ་ནང་ཐོན་པའི་ Mutant Covid 19 འམ་ཏོག་དབྱིབས་གཉན་རིམས་ ༡༩ ཡི་གཉན་སྲིན་གྱི་ངོ་བོར་འགྱུར་ལྡོག་ཕྱིན་པ་དེས་བརྒྱ་ཆ་ ༧༠ འགོས་ཁྱབ་མྱུར་བ་ཡོད་སྟབས་མང་ཚོགས་ནས་མུ་མཐུད་སྔོན་འགོག་གི་ཐབས་ལམ་རྣམས་བསྟེན་དགོས་པའི་གཞེན་སྐུལ་གནང་སོང་།བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༩ སྤེལ་བའི་ཐོག་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་ཆ་ཏོག་དབྱིབས་གཉན་རིམས་ ༡༩ ཡི་གཉན་སྲིན་གྱི་ངོ་བོ་དང་རྣམ་པ་འགྱུར་ལྡོག་འགྲོ་བ་ Mutant Coronavirus ཞེས་པ་དེ་ནད་གཞི་གསར་པ་གང་ཡང་མིན་པ་དང་དེ་ནི་ཏོག་དབྱིབས་ ༡༩ གཉན་རིམས་ཡིན་པ་གང་ཞིག་ལ་ནད་འབུ་དེ་ངོ་བོ་དང་རྣམ་པ་ཡང་སེ་འགྱུར་ལྡོག་འགྲོ་བ་ཞིག་ཆགས་ཀྱི་ཡོད་པ་དང་སྒོས་སུ་གཉན་སྲིན་འགྱུར་ལྡོག་ཕྱིན་པ་དེས་བརྒྱ་ཆ་ ༧༠ འགོས་ཁྱབ་མྱུར་བ་ཡོད་སྐོར་གསུངས་སོང་།དབྱིན་ཡུལ་དང་ལྷོ་ཨ་ཕི་རི་ཀ་སོགས་ནང་གཉན་སྲིན་གྱི་ངོ་བོ་འགྱུར་ལྡོག་ཕྱིན་པའི་ནད་འབུ་འགོས་པའི་མི་ཁག་ཅིག་ཐོན་སྐབས་ཉེ་ཆར་རྒྱ་གར་གཞུང་གིས་ཕྱི་ཚེས་ ༢༤ ནས་དབྱིན་ཡུལ་ནས་གནམ་གྲུ་འགྲུལ་བཞུད་སོགས་བཀག་སྡོམ་གནང་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་ནང་གཉན་སྲིན་གྱི་ངོ་བོ་འགྱུར་ལྡོག་ཕྱིན་ནས་ནད་འབུ་འགོས་པ་མེད་ཀྱང་། འདས་པའི་བདུན་ཕྲག་ནང་དབྱིན་ཡུལ་ནས་ཕེབས་མཁན་ཚོར་དཔྱད་བཞིན་ཡོད་སྐོར་གསུངས་ཡོད།དེ་བཞིན་བདུན་ཕྲག་འདིའི་ནང་བོད་མིའི་འདུག་སྡོད་ཁག་གི་ཏོག་དབྱིབས་གནས་སྟངས་དང་འབྲེལ་ནས་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་ཆ་ཨ་རིས་གཙོས་པའི་སུད་སི་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཁར་ས་གནས་དེ་དག་ནང་དུ་གནས་བཞུགས་བོད་མི་རྣམ་པས་རེ་སྐུལ་ཞུས་པ་ལྟར་གསོ་རིག་ལུས་སེམས་ནུས་གསོའི་སྨན་འགྲེམས་སྤེལ་གནང་ཡོད་པ་གསུངས་སོང་། ཕྱོགས་མཚུངས་རྒྱ་གར་ནང་མི་གྲངས་ ༧ དང་བལ་ཡུལ་ནང་བོད་མི་ ༦ ལ་གཉན་རིམས་ཕོག་པ་བཅས་ཁྱོན་རྒྱ་བལ་གཉིས་ནང་བོད་མི་ ༡༣ ལ་གཉན་རིམས་ཕོག་ཡོད་པ་དང་། གཉན་རིམས་ཕོག་མཁན་དེའི་ཁོངས་མི་གྲངས་ ༧ ལ་ནད་རྟགས་ཡོད་པ་དང་དེ་མིན་རྣམས་ལ་ནད་རྟགས་དམིགས་བསལ་མེད་པ་གསུངས་ཡོད། བདུན་ཕྲག་འདིའི་ནང་ལ་དྭགས་ནས་སྐྱེས་པ་རང་ལོ་ ༧༤ དང་ཤིམ་ལ་ནས་སྐྱེས་པ་རང་ལོ་ ༥༥ སོན་པ་བཅས་བོད་མི་གཉིས་གཉན་རིམས་རྐྱེན་གྱིས་འདས་གྲོངས་སུ་གྱུར་འདུགརྒྱ་གར་གཞུང་གི་གཉན་རིམས་དང་འབྲེལ་ལམ་སྟོན་སོགས་ཀྱི་སྐོར་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ Mutant Coronavirus ཞེས་པའི་ནད་གཞི་དེ་འགོས་སླ་བ་ཡིན་ཀྱང་། ད་ལྟའི་ཆར་གཉན་སྲིན་འགྱུར་བ་ཕྱིན་པ་དེས་ན་ཚ་ཕོག་མཁན་ཚོར་ན་ཚ་སྡུག་པ་དང་འདས་གྲོངས་སུ་འགྱུར་བའི་ཉེན་ཚབས་ཆེ་བ་ཡོད་མེད་ཐད་གནས་ཚུལ་ཁ་གསལ་པོ་མེད་པ་གསུངས་སོང་བ་དང་། ཁོང་གིས་ཟླ་ ༡༡ ཚེས་ ༢༥ ནས་དབྱིན་ཡུལ་ནས་རྒྱ་གར་ནང་འབྱོར་བ་དང་ཏོག་དབྱིབས་གཉན་རིམས་ཀྱི་བརྟག་དཔྱད་གནང་མེད་ཚེ་ངེས་པར་དུ་བརྟག་དཔྱད་གནང་དགོས་པ་དང་། རྒྱ་གར་གཞུང་གི་ངོས་ནས་ཀྱང་དེ་འབྲེལ་ཐད་མངའ་སྡེ་སོ་སོར་འབྲེལ་བ་གནང་མུས་ཡིན་སྐོར་གསུངས་ཡོད།གཞི་རྩའི་རྒྱ་བལ་གཉིས་སུ་ཆགས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ད་བར་བོད་མི་ཁྱོན་ ༡༤༣༤ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་འདས་གྲོངས་སུ་གྱུར་བ་དེ་ ༣༧ ཆགས་ཀྱི་ཡོད་པ་དེ་ལྟར་ཡང་། ནད་གཞི་དེ་ལས་དྲག་སྐྱེད་བྱུང་བ་ནི་ ༡༣༠༧ དང་བརྒྱ་ཆའི་ཆ་ནས་བརྒྱ་ཆ་ ༩༠ བརྒལ་བ་དང་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་དེ་ ༩༠ ཆགས་ཀྱི་འདུགརྒྱ་གར་ནང་ད་བར་ཏོག་དབྱིབས་གཉན་རིམས་ཕོག་མཁན་ས་ཡ་བཅུ་ལྷག་བྱུང་བའི་ཁོངས་ནས་རྐྱེན་འདས་སུ་གྱུར་བ་ནི་འབུམ་གཅིག་ལྷག་ཆགས་ཀྱི་འདུག་པ་དེ་ལྟར་ཡང་། ནད་གཞི་དེ་ལས་དྲག་སྐྱེད་བྱུང་བ་ནི་མི་གྲངས་ས་ཡ་དགུ་ལྷག་ཆགས་ཀྱི་འདུག དེའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཆགས་ཡུལ་རྒྱ་གར་ཧི་མཱ་ཅལ་ནང་དུ་ཉེ་ལམ་གཉན་རིམས་ཕོག་མཁན་གྱི་གྲངས་ཐོ་ཇེ་མང་དུ་འགྲོ་བའི་རྐྱེན་གྱིས་མངའ་སྡེ་ནས་རེས་གཟའ་ཉི་མའི་ཉིན་ཟ་ཁང་དང་ཚོང་ཁང་སོགས་གཉེར་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད།ཉེ་ལམ་ཤིམ་ལའི་ཟ་ཁང་དང་ཚོང་གཉེར་ཚོགས་པ་རྣམས་ཀྱིས་མངའ་སྡེའི་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་དང་ཐུག་འཕྲད་ཀྱིས་རེས་གཟའ་ཉི་མའི་ཉིན་ཚོང་གཉེར་ཆོག་པའི་རེ་སྐུལ་ཞུས་པ་ལྟར། ད་ཆ་ཧི་མཱ་ཅལ་གྱི་ཤིམ་ལ་དང་ཀུ་ལུ། མན་ཌི། ཀངྒ་ར་རྫོང་ཁོངས་བཅས་སུ་རེས་གཟའ་ཉི་མའི་ཉིན་ཚོང་ལས་དང་འབྲེལ་བའི་ལས་དོན་ཁག་གཉེར་ཆོག་པ་མ་ཟད། དེ་སྔོན་གྱི་མཚན་མོའི་ཆུ་ཚོད ༩  པ་ནས་སྔ་དྲོའི་ཆུ་ཚོད་ ༦ བར་གྱི་ཐེམ་སྤང་གི་དུས་ཡུན་ལ་གྱུར་བ་བཏང་ནས་མཚན་མོའི་ཆུ་ཚོད་ ༡༠ ནས་སྔ་དྲོའི་ཆུ་ཚོད་ ༦ བར་བཟོས་འདུག

དབྱིན་ཡུལ་གྱི་གཙོ་བྱས་པའི་ཡུ་རོབ་རྒྱལ་ཁབ་ཁག་ཏུ་འོས་བསྡུ་བྱེད་རྒྱུར་བློ་འཚབ།

ཁ་སང་དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དབྱིན་ཡུལ་གཙོ་བོར་གྱུར་བའི་ཡུ་རོབ་རྒྱལ་ཁབ་ཁག་ནང་དུ་Mutant Covid ཞེས་པའི་ཏོག་དབྱིབས་གཉན་རིམས་གསར་མ་ཁྱབ་བརྡལ་གྱི་རླབས་རྒྱུན་གསར་བ་ཞིག་ཐོན་ཡོད་པར་བརྟེན་རྒྱལ་ཁབ་མང་པོ་ཞིག་གནས་སྐབས་སུ་ཁྱིམ་སྡོད་བཀག་རྒྱའི་འོག་གནས་ཡོད་སྟབས། རྒྱལ་ཁབ་དེ་དག་གི་ནང་གནས་བའི་བོད་མི་རྣམས་ཀྱིས་ཕྱི་ལོ་༢༠༢༡་ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དེ་ཉིན་བརྒྱ་དུས་གཅིག་ལ་བྱེད་ཐུབ་མིན་གྱི་ཐད་ནས་བློ་འཚབ་བྱེད་གཞི་ཞིག་ཏུ་གྱུར་འདུགདེ་རིང་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་དབྱིན་ཡུལ་གྱི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་དང་། ཁུལ་དེའི་འོས་བསྡུའི་འགན་འཛིན་གྱི་ལས་རོགས་ཚེ་རིང་མཚོ་མོ་ལགས་སུ་ད་ལྟའི་དབྱིན་ཡུལ་ནང་གི་རིམས་ནད་ཁྲོད་ཀྱི་བོད་མིའི་གནས་བབ་སྤྱི་དང་། དེ་བཞིན་མང་ཚོགས་ཀྱི་ཁྲོད་དུ་ཐུགས་འཚབ་འབྱུང་བཞིན་པའི་འོས་བསྡུའི་ལས་རིམ་དུས་ཐོག་ཏུ་ལེགས་འགྲུབ་འབྱུང་མིན་གྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས།  ད་ལྟའི་གནས་བབ་འདིའི་ཁྲོད་དེབ་སྐྱེལ་བྱས་ཟིན་པའི་ས་གནས་ཀྱི་བོད་མི་རྣམས་ཀྱིས་ཉིན་བརྒྱ་དུས་གཅིག་ལ་འོས་འཕེན་གནང་རྒྱུ་ཁག་པོ་ཆགས་ཡོད་པར་ངོ་སྤྲོད་གནང་བ་དང་སྦྲགས།  དེར་འབྲེལ་གྱི་གནས་བབ་ཀྱི་ཐད་ནས་དབུས་འོས་བསྡུ་ལྷན་ཁང་ལ་ཡང་སྙན་གསེང་ཞུས་ཡོད་སྐོར་གསུངས་ཡོད། གཞི་རྩའི་གོང་ནས་ཚེ་རིང་མཚོ་མོ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར། དབུས་འོས་བསྡུ་ལས་ཁང་ལ་ས་གནས་ཀྱི་གནས་བབ་ཀྱི་ཐད་ནས་སྙན་གསེང་ཞུས་པ་དང་འབྲེལ་ནས་འདི་གའི་གསར་འགོད་པས་དབུས་འོས་བསྡུ་ལས་ཁང་དུ་དེར་འབྲེལ་གྱི་གནས་ཚུལ་ཐད་ནས་བཀའ་འདྲི་ཁག་ཅིག་ཞུ་ཐབས་བྱས་ཀྱང་།  དབུས་འོས་བསྡུ་ལས་ཁང་གིས་ཉིན་གཉིས་ཀྱི་རིང་ལ་ཚོགས་འདུ་ཡོད་པར་བརྗོད་དེ་བཅར་འདྲིའི་གོ་སྐབས་སྤྲད་མ་སོང་། རྩ་བའི་བདུན་ཕྲག་སྔོན་མ་ནས་བཟུང་དབྱིན་ཡུལ་གྱི་ཁུལ་དུ་ཏོག་དབྱིབས་གཉན་སྲིན་གྱི་ངོ་བོརའགྱུར་བ་ཐེབས་ནས་རིམས་ནད་ཁྱབ་བརྡར་ཤུགས་ཆེར་འགྲོ་འགོ་བརྩམས་ཡོད་སྟབས། ད་ཆ་དབྱིན་ཡུལ་གྱི་ནང་དུ་གནམ་གྲུ་སོགས་ཀྱི་འགྲོ་སྐྱོད་ཀྱི་ལམ་ཁ་ཡོངས་སུ་བཀག་ཡོད་པ་རེད། ཁ་སང་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ལྔའིནང་དུ་ཡང་ཡང་དབྱིན་ཡུལ་གྱི་གནམ་གྲུར་བསྡད་ནས་ཡོང་མཁན་གྱི་རིམས་ནད་གསར་མ་ཕོག་མཁན་ཁག་ཅིག་གསར་དུ་ཤེས་རྟོག་བྱུང་ཡོད་པ་རེད་འདུག

བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་འདིས་རྒྱ་གཞུང་ལ་བརྡ་ལན་གསལ་པོ་ཞིག་བསྟན་ཡོད་ཅེས་གསུངས་པ།

ཁ་སང་ཨ་རིའི་གྲོས་ཚོགས་ནས་ཚད་མཐོའི་རྒྱབ་སྐྱོར་ཐོག་ Tibet Policy and Support Act  ༢༠༢༠ ཞེས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་ཐུབ་པ་འདིས་བོད་མིའི་སྒྲིག་འཛུགས་འདི་ཁ་བྲལ་རིང་ལུགས་པའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་ཁྲོད་ངོས་ལེན་མེད་པའི་སྒྲིག་འཛུགས་ཤིག་རེད་ཟེར་མཁན་རྒྱ་གཞུང་ལ་བརྡ་ལན་གསལ་པོ་ཞིག་བསྟན་ཡོད་པ་གསུངས་འདུགརྩ་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་བསྐྱར་བཅོས་གནང་བའི་ཁྲིམས་འཆར་ཞིག་ཆགས་ཀྱི་ཡོད་པ་དང་། ཁྲིམས་འཆར་དེའི་འོག་ཨ་རི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུ་དང་བོད་རྒྱ་ཞི་མོལ་ལ་རྒྱབ་སྐྱོར་གནང་རྒྱུ། དེ་བཞིན་བོད་ནང་ཨ་རིའི་གཞུང་ཚབ་ལས་ཁུངས་གསར་འཛུགས་སོགས་ཀྱི་དེ་སྔའི་འབྲུ་དོན་ཐོག གལ་ཆེའི་གནད་དོན་ཁག་ཅིག་ཁ་སྣོན་གནང་བའི་ཁོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་དང་། གལ་ཏེ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་ཆབ་སྲིད་ཀྱི་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པར་མ་ཟད། ༸གོང་ས་མཆོག་གི་མང་གཙོ་གོང་འཕེལ་ཐད་ཀྱི་མཛད་རྗེས་ལ་ངོས་འཛིན་དང་ཆེ་བསྟོད། དེ་བཞིན་བོད་མིའི་སྒྲིག་འཛུགས་འདི་བཞིན་བཙོན་བྱོལ་བོད་མིའི་སྐུ་ཚབ་དང་མངོན་འདོད་མཚོན་ཐུབ་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ངོས་འཛིན། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁུངས་མ་བཙུག་བར་དུ་ཨ་རིར་རྒྱ་ནག་གཞུང་ཚབ་ལས་ཁུངས་གསར་འཛུགས་མི་ཆོག་པ། བོད་ནང་ཚོང་འབྲེལ་བྱེད་མཁན་རྣམས་ནས་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ལྟར་ཚོང་འབྲེལ་བྱེད་དགོས་པ། བོད་མཐོ་སྒང་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ། བོད་ཕྱི་ནང་གཉིས་ཀྱི་བོད་མིར་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་གནང་ཕྱིར་ཕྱི་ལོ་ ༢༠༢༥ བར་རོགས་དངུལ་སྔར་བཞིན་གནང་སྐྱོང་ཡོང་བ་སོགས་ཀྱི་འབྲུ་དོན་ཁག་ཆེད་བཀོད་གནང་ཡོད་པ་རེད།དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་བརྙན་འཕྲིན་བརྒྱུད་ལམ་ཐོག་བཅར་འདྲིའི་ལས་རིམ་ཞིག་གི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོངས་ཀྱིས་སྐུ་ལས་སྐྱོན་པའི་གྲུབ་འབྲས་དང་ད་ལན་དེ་ལྟར་གཏན་འབེབས་གནང་ཐུབ་པར་དགའ་ཚོར་བྱུང་སྐོར་གསུངས་པ་དང་འབྲེལ། ད་ལན་ཨ་རི་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་ཐུབ་པ་དེས་ཨ་རི་གཞུང་གིས་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གནང་བར་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ལ་ཆེ་མཐོང་ཕུལ་བ་ཞིག་མཚོན་གྱི་ཡོད་པར་གསུངས་འདུགདེ་བཞིན་སྲིད་སྐྱོང་མཆོག་གིས་ཨ་རི་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་ཐུབ་པ་དེས་བོད་མིའི་སྒྲིག་འཛུགས་འདི་ཁ་བྲལ་རིང་ལུགས་པའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་ཁྲོད་ངོས་ལེན་མེད་པའི་སྒྲིག་འཛུགས་ཤིག་རེད་ཟེར་མཁན་རྒྱ་གཞུང་ལ་བརྡ་ལན་གསལ་པོ་ཞིག་བསྟན་ཡོད་པ་གསུངས་ཡོད། གཞི་རྩའི་ཁྲིམས་འཆར་དེའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་རྒྱལ་སར་ཐེངས་ཁ་ཤས་ཆེད་ཕེབས་གནང་ཡོད་པར་མ་ཟད། བྱང་ཨ་མི་རི་ཀ་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བརྒྱུད་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་སྙན་ ༢༦༠༠༠ བརྒལ་བ་ཕུལ་བ་དང་ཆབས་ཅིག གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་དངོས་སུ་མཇལ་འཕྲད་ཀྱིས་ཞུ་གཏུགས་ལས་འགུལ་རིམ་པ་སྤེལ་གནང་ཡོད་པ་རེད།ཁ་སང་ཁྲིམས་འཆར་གཏན་འབེབས་ཟིན་པའི་གནས་ཚུལ་ཐོན་པ་དང་འབྲེལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་གོང་ནས་མ་འོངས་༸སྐུའི་ཡང་སྲིད་ངོས་འཛིན་རྒྱུ་ཐད་ཐེ་བྱུས་བྱེད་བཞིན་ཡོད་པ་དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། དེ་བཞིན་བོད་ཀྱི་ཁོར་ཡུག་དང་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་བྱུས་ངན་ཞིག་ཡིན་པ་དང་། ད་རེས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་བརྒྱུད་དེ་ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་ཚད་མཐོ་རུ་ཕྱིན་ཡོད་པར་མ་ཟད། རྒྱལ་སྤྱིའི་ཁྲོད་རྒྱ་ནག་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་ཞུ་རྒྱུའི་བདག་དབང་ཡོད་སྐོར་བཤད་པ་ལྟར་མེད་པར་བོད་མི་ཚོས་ཐག་གཅོད་གནང་རྒྱུ་ཡིན་པ་མངོན་གསལ་གནང་ཡོད། གནད་དོན་དེ་དང་རྒྱ་ནག་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་ཐད་ལ་དགག་པ་མཐའ་གཅིག་ཏུ་ཡོད་པའི་བརྡ་ལན་གསལ་པོ་ཞིག་གནང་བ་ཆགས་ཡོད་སྐོར་གསུངས་པ་དང་སྦྲགས། ཨ་རིའི་གྲོས་ཚོགས་ལ་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་འདི་བཞིན་འཛམ་གླིང་རྒྱལ་ཁབ་གཞན་རྣམས་ནས་ཀྱང་དེ་དེ་བཞིན་བོད་དོན་ཁྲིམས་འཆར་གཏན་འབེབས་གནང་བའི་རེ་བ་ཞུ་བཞིན་ཡོད་པ་གསུངས་ཡོད།

བོད་མིའི་ཁྲོད་གཉན་རིམས་ཕོག་མཁན་བརྒྱ་ཆ་དགུ་བཅུ་ཙམ་དྲག་སྐྱེད།

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༨ སྤེལ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༣ ནས་ ༡༢ བར་ཁྱོན་ཟླ་བཅུ་ལྷག་གི་རིང་སྤྱི་སྒེར་གཉིས་ནས་དམ་དོན་ཤུགས་ཆེར་གནང་བར་བརྟེན་སྤྱི་ཚོགས་ནང་ཁྱབ་བརྡལ་ཆེས་ཆེར་སོང་མེད་པ་དང་། ཉེ་དུས་ནང་དྷ་རམ་ས་ལ་གཙོས་བཙན་བྱོལ་བོད་མི་གནས་ཡུལ་ས་ཁུལ་ཁག་ཅིག་ལ་གནས་སྟངས་ཛ་དྲག་ཏུ་ཕྱིན་ཡོད་ཀྱང་དེ་སྔ་ཛ་དྲག་བྱུང་སའི་ས་གནས་ཁག་ཅིག་ལ་ད་ཆ་ནད་པ་གཅིག་ཀྱང་མེད་པའི་གནས་སྟངས་བཟང་པོ་ཆགས་ཡོད་སྐོར་གསུངས་ཡོད།དེ་བཞིན་བཙན་བྱོན་བོད་མིའི་སྤྱི་ཚོགས་ཁྲོད་ཁྱོན་བོད་མི་ ༡༤༠༠ ལྷག་ལ་གཉེན་རིམས་ཕོག་ཡོད་ཀྱང་དྲག་སྐྱེད་བྱུང་བའི་བརྒྱ་ཆ་ ༩༠ ཙམ་ཆགས་ཀྱི་ཡོད་པར་ངོ་སྤྲོད་གནང་བ་དང་འབྲེལ། བོད་མི་རྒན་གཞོན་བར་གསུམ་དང་ལྷག་པར་དུ་གཞོན་སྐྱེས་ཚོས་གཉན་རིམས་དེ་ཕོག་ཀྱང་རྗེས་སུ་དྲག་སྐྱེད་བྱུང་རྒྱུ་ཡོད་པར་མ་དགོངས་པར་སྔོན་འགོག་གི་གནང་སྒོ་ཁག་འཐུས་ཚང་གནང་དགོས་པའི་གཞེན་སྐུལ་གནང་སོང་།རྩ་བའི་གཟའ་འཁོར་འདིའི་ནང་རྒྱ་གར་ནང་གི་བོད་མིའི་འདུ་སྡོད་ས་ཁུལ་ཁག་ཏུ་བོད་མི་ ༤༥ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་ནས་ལོ་ན་རྒན་ཤོས་དེ་  ༩༧ དང་ལོ་ན་ཆུང་ཤོས་དེ་ ༡༢ བཅས་ཆགས་ཀྱི་འདུགཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་བར་འཛམ་གླིང་སྤྱིའི་ཁྲོད་མི་གྲངས་ས་ཡ་ ༧༢ ལྷག་ལ་གཉན་རིམས་ཕོག་པའི་གནས་སྟངས་སྤྱི་དང་སྒོས་རྒྱ་གར་ཁུལ་དུ་ད་བར་མི་གྲངས་ས་ཡ་ ༩ ལྷག་ལ་གཉན་རིམས་དེ་ཕོག་ཡོད་པར་མ་ཟད། ད་ལྟའི་ཆར་རྒྱ་གར་ནང་ནད་ཀྱིས་མནར་བཞིན་པའི་གྲངས་ཚད་དེ་འབུམ་གསུམ་ལྷག་ཆགས་ཡོད་པར་ངོ་སྤྲོདགནང་བ་དང་འབྲེལ། བོད་མི་ཚོས་མུ་མཐུད་ནས་སྔོན་འགོག་གི་གནང་སྒོ་ཁག་ལ་ཐུགས་སྣང་གནང་གལ་ཡིན་པ་དང་། ཅི་སྟེ་ཕྱག་ལས་གལ་ཆེ་རིགས་ཡོད་ན་མ་གཏོགས་ཕྱི་ལ་ཕེབས་རྒྱུ་མེད་པའི་ལམ་སྟོན་གནང་ཡོད།དེ་བཞིན་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་དྷ་རམ་ས་ལའི་ས་གནས་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་འདས་པའི་བདུན་ཕྲག་ནང་བོད་མི་ཁྱོན་ ༢༨༡ ལ་བརྟག་དཔྱད་གནང་ཡོད་པ་དང་དེ་དག་གི་ཁོངས་སུ་བོད་མི་ ༡༡ ལ་ནད་རྟགས་ཐོན་ཡོད་སྐོར་གསུངས་སོང་། དེང་ཆར་དྷ་ས་ཁུལ་གྱི་བོད་མིའི་ཁྲོད་གཉན་རིམས་ཕོག་པའི་གྲངས་འབོར་དེ་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། ཚོགས་སྒེར་ཚང་མའི་ངོས་ནས་འཆམ་རིགས་ཕོག་ནས་གློ་རྒྱག་པ་སོགས་ཤེས་རྟོགས་བྱུང་ཚེ་ཟུར་བཀག་ཏུ་འཇོག་རྒྱུར་འབད་བརྩོན་གནང་དགོས་གལ་ཡིན་པ་ལམ་སྟོན་གནང་ཡོད།གཞི་རྩའི་རྒྱ་བལ་གཉིས་སུ་ཆགས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ད་བར་བོད་མི་ཁྱོན་ ༡༤༢༡ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་ནས་དྲག་སྐྱེད་བྱུང་བ་ ༡༢༧༦ དང་ ༣༥ འདས་གྲོངས། དེ་བཞིན་ད་ཆར་ནད་ཀྱིས་མནར་བཞིན་པ་ ༡༡༠ བཅས་ཆགས་ཡོད་པ་རེད།

འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐོག་གྲོས་ཆོད་དོན་ཚན་བདུན་གཏན་འབེབས།

ཁ་སང་འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་མཇུག་སྒྲིལ་དང་འབྲེལ་ནས་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་གཏན་འབེབས་གནང་འདུགཁ་སང་དང་ཁ་ཉིན་བར་རྒྱ་གར་བྱང་ཤཪ་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཊིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Sarbananda Sonowal མཆོག འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་  Indresh Kumar ལགས། རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པ་ RSS ཡི་བྱང་ཤར་འབྲེལ་མཐུད་པ་སྐུ་ཞབས་ Ulas Kole ལགས། རྒྱ་གར་བྱང་ཕྱོགས་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་ཟུང་འབྲེལ་འགན་འཛིན་གཙོས་ཧིཾ་དུའི་བླ་ཆེན་ཁག་ཅིག་བཅས་ས་གནས་འདྲ་མིན་ནས་ཚོགས་བཅར་བ་ ༡༥༠ ལྷག་ཕེབས་འདུགབོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཚོགས་ཡོད་པ་ལྟར་ཁ་སང་ཚོགས་དུས་ཉིན་གཉིས་པའི་ཐོག་ད་ལྟའི་འཛམ་གླིང་གི་གནས་བབ་ཐོག་བོད་ཀྱི་རང་དབང་དང་། རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པ། འཕགས་བོད་འབྲེལ་མཐུད་ཚོགས་པ་དེ་ཉིད་ཚགས་ཚུད་སྲ་བརྟན་ཡོང་ཐབས་བཅས་ཀྱི་བརྗོད་གཞིའི་ཐོག་བཀའ་བསྡུར་གནང་ནས་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་གཏན་འབེབས་གནང་འདུགསྤྱི་འཐུས་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་གཏམ་བཤད་ནང་འཛམ་གླིང་ནང་བོད་པའི་གནད་དོན་དེ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱབ་སྐྱོར་གནང་སྟེ་ནུས་པ་ཤུགས་ཆེ་འཐོན་བཞིན་ཡོད་པ་དང་ལྷག་དོན་ད་ལན་ཨ་སམ་མངའ་སྡེ་ནང་ཚོགས་འདུ་ཚོགས་པ་འདིས་རྒྱ་གཞུང་ལ་ཆབ་སྲིད་ཐོག་ནས་བརྡ་ལན་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་པར་མ་ཟད། སྐབས་དེར་ཆེད་ཕེབས་གནང་བའི་རྒྱ་གར་གྱི་སྐུ་མགྲོན་རྣམ་པ་ཡོངས་ནས་ཞལ་གཅིག་གྲག་གིས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་པ་ཡོད་པ་མངོན་གསལ་གནང་བ་དང་ཆབས་ཅིག ཁོང་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་པ་དེ་གཙོ་བོ་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཞིག་ཆགས་ཀྱི་ཡོད་པར་བསྐྱར་ནན་གནང་འདུགརྩ་བའི་འཕགས་བོད་འབྲེལ་མཐུད་ཚོགས་པ་དེ་ཕྱི་ལོ་ ༡༩༩༩ ཟླ་ ༥ ཚེས་ ༥ ཉིན་རྒྱ་གར་གྱི་ RSS རྒྱལ་ཞེན་ཚོགས་པའི་སྐབས་དེའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ Indresh Kumar མཆོག་དང་ཚོགས་གཞོན་མཆོག དེ་བཞིན་གནད་ཡོད་མི་སྣ་ཁག་ཅིག་གིས་གལ་ཆེ་དོན་ཆེར་གཟིགས་ནས་གསར་འཛུགས་གནང་བ་ཞིག་ཡིན་པ་རེད། ཚོགས་པ་དེ་དབུ་བརྙེས་ཏེ་ལོ་ངོ་  ༢༡ ཕྱིན་ཡོད་པ་དང་ལོ་གསུམ་བཞིའི་ནང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཅིག་ཚོགས་ཀྱི་ཡོད་པ་རེད།

རྒྱ་གཞུང་གིས་བོད་ཀྱི་མཐའ་མཚམས་ཁག་ཏུ་འཛུགས་སྐྲུན་ཤུགས་ཆེར་གཏོག་རྒྱུར་གྲ་སྒྲིག

ཁ་སང་དྲྭ་རྒྱ་ནག་གཞུང་འབྲེལ་གྱི་ཀྲུང་གོ་བོད་ལྗོངས་དྲྭ་བ་ཞེས་པའི་སྟེང་དུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༨་དང་༩ ཉིན་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་རྒྱ་ནག་གིས་ཚོགས་འདུ་ཞིག་བསྡུ་སྐོང་གིས། རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་སུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་གཏོང་རྒྱུ་ཡིན་པར་བསྒྲགས་འདུག

བོད་མིའི་གཞིས་སྒར་ཁག་ཅིག་ཏུ་འོས་བསྡུ་གནང་ཡུལ་གྱི་ས་ཚིགས་མང་དུ་བཏང་བ།

ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་རྐྱེན་གྱིས་སླེབས་ལ་ཉེ་བའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་གྲ་སྒྲིག་དང་འབྲེལ་ནས་བོད་མིའི་གཞིས་སྒར་ཁག་ཅིག་ཏུ་འོས་བསྡུ་གནང་ཡུལ་གྱི་ས་ཚིགས་དང་ལས་བྱེད་སོགས་མང་དུ་བཏང་སྟེ་གཉན་རིམས་སྔོན་འགོག་ཐད་དམིགས་བསལ་སྟ་གོན་གནང་རྒྱུ་རེད་འདུགཏོག་དབྱིབས་གཉན་རིམས་རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་རྒྱུ་གཉིས་ཀར་ངལ་བ་ཆེས་ཆེར་འཕྲད་བཞིན་པ་དང་ལྷག་དོན་ཉེ་བའི་ཆར་གཉན་རིམས་ཁྱབ་བརྡལ་གྱི་གནས་ཚུལ་དེ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར་རིང་མིན་ཕྱི་ཟླ་ ༡ ཚེས་ ༣ ཉིན་བཙན་བྱོལ་བོད་མི་གནས་སྡོད་བྱ་ཡུལ་ས་གནས་གང་སར་དབུས་འོས་བསྡུ་ལས་ཁུངས་ཀྱིས་བཀོད་ཁྱབ་ཕེབས་དོན་ལྟར་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་གནང་གཏན་ཁེལ་ཡོད་པ་རེད།རླུང་འཕྲིན་ཁང་གིས་བཞུགས་སྒར་དྷ་རམ་ས་ལར་ལ་གཙོས་བོད་མི་འདུ་གནས་ཁག་ཅིག་ཏུ་འོས་བསྡུའི་སྟ་གོན་དང་འབྲེལ་བའི་གནས་ཚུལ་རྒྱུས་ལོན་ཞུས་དོན་ལྟར། དྷ་རྨ་ས་ལར་མཚོན་ན་ཁ་ཉིན་དྷ་ས་ས་གནས་འོས་བསྡུ་ལས་ཁང་གིས་འོས་བསྡུ་གནང་ཡུལ་གྱི་ས་གནས་སམ་ས་ཚིགས་དང་དུས་ཚོད་གང་ཡིན་སྐོར་མང་ཚོགས་ལ་གསལ་བསྒྲགས་ཤིག་སྤེལ་བར་འདི་ལོ་དྷ་རམ་ས་ལར་སྔར་རྒྱུན་བཞིན་འོས་བསྡུ་བྱ་ཡུལ་གྱི་ས་ཚིགས་ཁག་བཅིུག་གྲ་སྒྲིག་གནང་ཡོད་པ་དེ་དག་ནི་གངས་སྐྱིད་དང་ལྷ་རྒྱལ་རི། ཤུག་གསེབ་བཙུན་དགོན། དྷ་སྟེང་བོད་ཁྱིམ་སློབ་གྲྭ། སཱ་ར་མཐོ་སློབ། ཤེས་རབ་དགའ་ཚལ་སློབ་གླིང་། དྷ་ཤོད་བོད་ཁྱིམ། གོ་པར་པུར་བོད་ཁྱིམ། ཅ་མོན་ཌ། ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་། དེ་བཞིན་རྒྱུད་སྟོད་གྲྭ་ཚང་བཅས་ཡིན་པ་བཀོད་འདུག ད་ལན་གཉན་རིམས་ཁྱབ་བརྡལ་གྱི་རྐྱེན་གྱིས་འོས་བསྡུ་བྱ་ཡུལ་གྱི་ས་གནས་གསར་པ་གསུམ་གྲ་སྒྲིག་གནང་ཡོད་པ་དེ་དག་ནི་སྨན་རྩིས་ཁང་དང་ཡོངས་གླིང་སློབ་གྲྭ  བོད་ཀྱི་ཟློས་གར་ཚོགས་པ་བཅས་ཆགས་ཀྱི་འདུགབོད་མི་འདུ་སྡོད་ཀྱི་གཞིས་སྒར་ཆེ་ཤོས་མོན་གྷོ་འདོད་རྒུ་གླིང་ནང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་རིམ་ནང་ད་བར་བོད་མི་ ༥༩༤༣  གྱིས་དེབ་སྐྱེལ་གནང་ཟིན་འདུག་པ་དང་ལྷག་དོན་ད་ལན་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ཁྲོད་གཞིས་སྒར་དེའི་ནང་སྤྱིར་འོས་བསྡུ་གནང་ཡུལ་གྱི་ས་གནས་ཁག་བདུན་སྔར་བཞིན་རང་འཇགས་གནས་མུས་རེད་འདུག་པ་དང་། དེའི་ནང་གསེས་དགའ་ལྡན་བླ་སྤྱི་དང་འབྲས་སྤུངས་བླ་སྤྱི་གཉིས་ཀྱི་དགེ་འདུན་པ་རྣམས་སྡེ་ཚན་བཞི་རེར་ཆ་བགོས་ཀྱིས་ཁྱོན་འོས་བསྡུ་བྱ་ཡུལ་གྱི་ས་ཚིགས་བཅུ་བཞི་ཙམ་ཞིག་གྲ་སྒྲིག་གནང་གཏན་འཁེལ་འདུགམོན་གྷོ་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་མོན་གྷོ་ནང་དེ་སྔ་གཉན་རིམས་ཕོག་མཁན་གྱི་གྲངས་ཐོ་མང་ཤོས་ཤིག་ཆགས་ཡོད་ཀྱང་རིམ་པས་སྔོན་འགོག་གི་བྱེད་སྒོ་ཁག་ལ་དམ་དོན་གནང་བ་བརྒྱུད་ཟླ་བ་སྔོན་མ་ནས་དེ་རིང་བར་གཞིས་སྒར་དེའི་ནང་ནད་པ་གཅིག་ཀྱང་མེད་པའི་གནས་སྟངས་ཤིག་ཆགས་ཡོད་སྐོར་དང་སྦྲགས། རིང་མིན་སླེབས་ལ་ཉེ་བའི་འོས་བསྡུ་ཆེན་མོའི་གྲ་སྒྲིག་དང་འབྲེལ་ནས་ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་རྣམ་པ་གཞིས་གྲོང་ཁག་དང་དགོན་སྡེ་ཁག་སོ་སོའི་ལས་ཀྱི་སྣེ་མོ་བ་རྣམ་པ་བརྒྱུད་ནས་མང་ཚོགས་ལ་འོས་བསྡུ་བྱ་ཡུལ་གྱི་ས་གནས་དང་དུས་ཚོད། དེ་བཞིན་འོས་བསྡུའི་སྐབས་སྒེར་སོ་སོས་སྔོན་འགོག་གི་བྱེད་སྒོ་གང་གནང་དགོས་མིན་སོགས་ཀྱི་གལ་ཆེའི་ལམ་སྟོན་ཁག་གནང་ཡོད་པ་གསུངས་སོང་། རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྔོན་འགྲོའི་འོས་བསྡུ་ལས་རིམ་འདིའི་ནང་བོད་མི་དེབ་སྐྱེལ་གནང་མཁན་གྱི་ཁ་གྲངས་ ༤༠༠༠ ཙམ་བྱུང་འདུག་པ་དང་ལྷག་དོན་ལ་དྭགས་ནང་དེ་སྔ་ཏོག་དབྱིབས་གཉན་རིམས་ཕོག་མཁན་མང་པོ་བྱུང་རྐྱེན་ཐེངས་འདིར་འོས་བསྡུའི་གྲ་སྒྲིག་དང་འབྲེལ་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ཁྱབ་ཁོངས་བྱང་ཐང་ས་གནས་ཁག་བརྒྱད་པོར་སྤྱིར་བུ་ས་ཚིགས་རེ་རེ་དང་ལྷག་དོན་སླེ་རུ་རྒྱུན་དུ་གོ་སྒྲིག་ཞུ་རྒྱུའི་སྤྱིར་བུ་ས་ཚིགས་བཞིའི་ཐོག་ས་ཚིགས་གཉིས་མང་དུ་བཏང་ནས་ཁྱོན་སྤྱིར་བུ་ས་ཚིགས་བཅུ་བཞི་སྟ་གོན་གནང་རྒྱུ་རེད་འདུག རྩ་བའི་རླུང་འཕྲིན་ཁང་ནས་བོད་མི་འདུ་སྡོད་ཀྱི་ས་གནས་ཆེ་ཁག་གཞན་ཁག་ནང་འོས་བསྡུའི་ལས་རིམ་གྲ་སྒྲིག་དང་འབྲེལ་བའི་གནས་ཚུལ་རྒྱུས་ལོན་གནང་སྐབས་ས་གནས་ཁག་ཅིག་ཏུ་འོས་བསྡུ་བྱ་ཡུལ་གྱི་ས་ཚིགས་དེ་སྔ་བཞིན་རང་སོར་གནས་ངེས་ཡིན་པ་དང་ཡང་གཞིས་སྒར་ཁག་ཅིག་ཏུ་ད་ལྟའི་ཆར་འོས་བསྡུ་བྱ་ཡུལ་གྱི་ས་ཚིགས་གྲ་སྒྲིག་ཐད་མུ་མཐུད་གོ་བསྡུར་གནང་བཞིན་ཡོད་སྐོར་གསུངས་སོང་།

Latest news