Tibetan Royal Year of 2151 | Year of the Wood Dragon

བོད།

མདོ་སྨད་མཛོད་དགེ་ནས་སྐྱེས་པ་ ༩༦༧ གྱིས་ཆོམ་རྐུན་དང་རྒྱན་རྩེད་སོགས་མི་གནང་བའི་དམ་བཅའ་བཞག་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་མོད་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་གླིང་བ་ཡུལ་མཚོའི་ཤོག་ཆེན་ ༡༢ ཀྱི་ཁོངས་གཏོགས་གླིང་བ་སྟོད་སྨད་བར་གསུམ་དང་མཐའ་བ་བཅས་ཀྱི་རང་ལོ་ ༡༥ ཡན་ཆད་དང་ལོ་ ༦༠ མན་ཆད་ཀྱི་སྐྱེས་པ་མི་གྲངས་ ༩༦༧ གྱིས་ས་གནས་དེའི་རི་བོང་དགོན་བཀྲ་ཤིས་བྱང་ཆུབ་ཆོས་འཕེལ་གླིང་གི་དགོན་པའི་མདུན་ཐང་དུ་འདུ་འཛོམས་ཀྱིས་ད་ལོའི་ཕྱི་ཟླ་ ༡ ཚེས་ ༡༨ ནས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡༨ བར་ཏེ་ལོ་ངོ་ ༤ ཧྲིལ་པོ་རིང་རྐུ་མི་རྒྱག་པ་དང་རྒྱན་རྩེད་མི་གནང་བ། ལུས་ལ་མཚོན་གྲི་སྤོང་བ་བཅས་གནས་དེའི་རི་བོང་དགོན་བཀྲ་ཤིས་བྱང་ཆུབ་ཆོས་འཕེལ་གླིང་གི་དགོན་བདག་བླ་མ་རྗེ་སྐལ་བཟང་དམ་ཆོས་རྒྱ་མཚོ་མཆོག་དཔང་དུ་བཙུགས་ནས་དམ་བཅའ་བཞག་འདུག སྤྱིར་ས་གནས་དེར་ལོ་གསུམ་རེའི་མཚམས་སུ་ཡུལ་སྡེའི་མགོ་ཁྲིད་གསར་འདེམས་གནང་གྲུབ་པ་དང་བསྟུན་ལས་འགུལ་དེ་ཐེངས་རེ་སྤེལ་བཞིན་ཡོད་པ་དང་། དེ་ནི་ས་གནས་དེ་ཙམ་མིན་པར་མ་འོངས་ལོ་བཞིའི་ནང་བོད་ཁམས་ཡོངས་ཀྱི་ནང་དེ་ལྟར་དམ་བཅའ་བཞག་ཡོད་པ་རེད་འདུག དམ་བཅའ་བཞག་པའི་སྒྲིག་བཀོད་ཡིག་ཆའི་ནང་གསལ་གལ་སྲིད་སུ་ཞིག་གིས་རྐུ་གྲི་རྒྱན་གསུམ་དུས་ཚོད་ལྟར་མི་གཅད་མཁན་ལ་རྒྱ་སྒོར་ ༢༠༠༠ ཉེས་ཆད་དང་། དམ་བཅའ་བཞག་རྗེས་སྒྲིག་གཞི་དང་འགལ་ན་རྒྱ་སྒོར་ ༡༠༠༠ ཉེས་ཆད་གཏང་རྒྱུ་མ་ཟད། རྒྱན་རྩེད་ཁང་ཕྱེ་མཁན་ཡོད་ཚེ་རྒྱ་སྒོར་ ༥༠༠༠ ཉེས་ཆད།  ས་གནས་རང་གི་མིས་གྲི་ཁྱེར་བ་མཐོང་ཚེ་རྒྱ་སྒོར་ ༡༠༠༠ ཉེས་ཆད་གཏང་རྒྱུ་ཡིན་པ་དང་། དེ་བཞིན་གྲི་བརྒྱབ་པའི་དོན་རྐྱེན་བཟོ་ཚེ་རྒྱ་སྒོར་ ༣༠༠༠ བཅས་ཀྱི་ཉེས་ཆད་གཏང་རྒྱུའི་སྒྲིག་ཁྲིམས་གཏན་འབེབས་གནང་འདུག མཛོད་དགེ་གླིང་བ་ཡུལ་མི་ཚོས་འཆར་ཅན་ལྟར་རྐུ་གྲི་རྒྱན་སྤོང་པའི་དགོས་དམིགས་ནི་གླིང་བ་སྲིད་གཞུང་དང་། ཉེན་རྟོག་ལས་ཁུངས། དགོན་གྲོང་ལྔས་གྲོས་གནང་ནས་མཛོད་དགེ་བླ་མ་སྐལ་བཟང་དམ་ཆོས་རྒྱ་མཚོའི་ཞབས་བརྟན་ལ་དམིགས་ནས་གནང་བ་ཞིག་ཡིན་པ་རེད་འདུག ལྷག་ཏུ་སྤྱི་ཚོགས་བདེ་འཇགས་དང་འབྱུང་འགྱུར་ལ་ཁ་ཕྱོགས་ནས་འཚེ་མེད་ཞི་བདེ་ལ་རྒྱབ་སྐྱོར་གྱི་ཆེད་དུ་ཡིན་པ་རེད་འདུག དེ་མཚུངས་ཟླ་བ་འདིའི་ཚེས་ ༩ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མདོ་སྨད་གཙོས་དགོན་པར་གཙོས་མཚོ་བ་ཉེར་གཅིག་གི་ཁྱིམ་ཚང་ ༡༠༠༠ ལྷག་ཡོད་པ་ནས་བུ་ལོ་ན་ ༡༦ ནས་ ༦༠ མན་ཆད་བར་གྱི་སྐྱེས་ཕོ་རྒན་གཞོན་བར་གསུམ་མི་གྲངས་ ༦༠༠༠ ལ་ཉེ་བས་གཙོས་དགའ་ལྡན་ཆོས་གླིང་དགོན་པའི་འདུ་ཁང་ཆེན་མོའི་རྟེན་ཁྲིའི་མདུན་ནས་ཐ་མག་དང་དང་ཆང་རག་མི་སྤྱོད་པ་དང་ཤོ་སྦག་རྒྱན་རྩེད་རིགས་མི་གནང་བའི་དམ་བཅའ་བཞག་པའི་ལས་འགུལ་ཞིག་སྤེལ་བ་དང་ཆབས་ཅིག བོད་ཁམས་བདེ་ཞིང་འཛམ་གླིང་ཞི་བདེ་ཡོང་བའི་སྨོན་ལམ་གནང་བའི་གནས་ཚུལ་ཐོན་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ནང་བོད་ནང་གི་གནས་སྟངས་སྐོར་གླེང་སློང་གནང་བ།

ཁ་ཉིན་ཕྱི་ཚེས་ ༡༨ ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་གོ་སྒྲིག་འོག་ཡུལ་དེའི་གྲོས་ཚོགས་སུ་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་དབང་ཐང་རྒྱ་སྐྱེད་གཏོང་བཞིན་པའི་ཐབས་བྱུས་སྐོར་ལ་གྲོས་བསྡུར་གནང་ཡོད་པ་དང་། སྐབས་དེར་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Yoho ལགས་དང་། Ted Poe ལགས། དེ་བཞིན་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་གསུམ་ནས་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་མུ་མཐུད་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཁག་གཅིག་གླེང་སློང་གནང་འདུག ལས་རིམ་གཙོ་སྐྱོང་གནང་མཁན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Yoho ལགས་ནས་ལས་རིམ་གྱི་སྔོན་གླེང་དུ་རྒྱ་ནག་དེ་བར་སྐབས་ཤིག་ནས་རྒྱལ་སྤྱིའི་ཐོག་དབང་ཐང་ཅན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་ཀྱང་། རྒྱ་ནག་གི་དབང་ཐང་དེ་དག་དེ་སྔ་རྒྱལ་སྤྱིའི་རྒྱལ་ཁབ་རྣམ་པའི་དབང་ཐང་རྒྱ་སྐྱེད་ཀྱི་ཐབས་བྱུས་དང་མི་འདྲ་བར་རྒྱ་ནག་ནང་རྒྱ་གཞུང་གིས་མུ་མཐུད་རང་ཉིད་ཀྱི་འདོད་པ་གཞིར་བཟུང་ཁྲིམས་ལུགས་ལ་བཅོས་བསྒྱུར་དང་། མང་ཚོགས་ལ་དམ་དྲག་བརྒྱུད་རྒྱལ་སྤྱིའི་ཐོག་དབང་ཐང་རྒྱ་སྐྱེད་གཏོང་བཞིན་ཡོད་པ་གསུངས་འདུག ལྷག་པར་དུ་ཁོང་ནས་གྲོས་བསྡུར་གྱི་ལས་རིམ་སྐབས་བོད་དང་བོད་མི་རྣམས་ལ་མཚོན་ན་འཛམ་གླིང་འདིའི་མི་རིགས་ལས་བོད་མི་རྣམས་ནི་ཞི་འཇམ་ཆེ་ཤོས་དང་ཞི་བདེ་ལྡན་པའི་མི་རིགས་ཤིག་ཡིན་ཀྱང་། རྒྱ་ནག་གཞུང་གི་དམ་དྲག་ཚོད་འཛིན་འོག་ང་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ཡིན་ནའང་ཁུལ་དེར་འགྲོ་བསྐྱོད་ཀྱི་རང་དབང་སྤྲོད་ཀྱི་མེད་པ་མ་ཟད། ང་ཚོས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་གདན་ཞུ་ཕུལ་ཡང་རྒྱ་ནག་གཞུང་ལ་སེམས་འཚབ་དང་མི་འདོད་པའི་རྣམ་པ་ཤུགས་ཆེ་བྱུང་ཡོད་སྐོར་སོགས་འགྲེལ་བརྗོད་དང་འབྲེལ། ད་ལྟའི་ཆ་ལ་རྒྱ་ནག་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་ཐེ་བྱུས་བྱས་ནས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ལྟར་རྒྱ་གཞུང་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་གཞན་ཞིག་ངོས་འཛིན་ཐུབ་ཐབས་བྱེད་བཞིན་ཡོད་པ་གསུངས་འདུག དེ་བཞིན་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་འདས་པའི་ལོ་དུས་ནང་རྒྱ་ནག་གཞུང་ནས་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ཏུ་ལྟ་སྲུང་མི་སྣ་འགྲེམས་འཇོག་གིས་བོད་མིའི་ཆོས་ཕྱོགས་ཀྱི་ལས་དོན་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ས་གནས་བོད་མི་རྣམས་ཀྱི་འགྲོ་བསྐྱོད་དང་སྨྲ་བརྗོད་རང་དབང་ལ་ཚོད་འཛིན། ལྷག་ཏུ་མང་ཚོགས་ཚོར་རྒྱ་ནག་ལ་རྒྱལ་ཞེན་དགོས་པར་སློབ་གསོའི་ལས་དོན་རྒྱ་སྐྱེད་གཏོང་བཞིན་ཡོད་པ་སོགས་བོད་ནང་གི་གནས་སྟངས་ཁག་འགྲེལ་བརྗོད་དང་འབྲེལ། ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ནས་དང་ཐོག་བོད་དོན་ལ་རྒྱབ་སྐྱོར་དང་འབྲེལ་དེ་སྔ་ཨ་རིའི་གྲོས་ཚོགས་སུ་བཏོན་པའི་ Reciprocal access to Tibet act ཞེས་ཨ་རི་དང་རྒྱ་ནག་གཉིས་དབར་རང་དབང་འདྲ་མཉམ་ཐོག་མི་སྣ་འགྲོ་བསྐྱོད་ཆོག་པའི་གྲོས་ཆོད་དང་། སྔ་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་སུ་ཨ་རི་གཞུང་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་བོད་ཀྱི་གནད་དོན་དེ་ངེས་པར་དུ་གལ་ཆེ་དོན་ཆེར་བརྩི་དགོས་པའི་གྲོས་འཆར་བཏོན་པ་གཉིས་གང་མགྱོགས་ལག་བསྟར་ཐུབ་པ་གནང་དགོས་ཞེས་འབོད་སྐུལ་ཞུས་འདུག ད་ལྟའི་ཨ་མི་རི་ཀའི་སྲིད་གཞུང་གི་ངོས་ནས་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 འམ་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ ༢༠༠༢ ཞེས་པའི་ནང་གསལ་དོན་ཚན་ཁག་ངེས་པར་དུ་ལག་བསྟར་གནང་དགོས་པ་མ་ཟད། ལྷག་ཏུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་དགོས་པར་བསྐྱར་ནན་གནང་འདུག གཞན་ཡང་སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Poe ལགས་ནས་ཀྱང་ད་ལྟའི་རྒྱ་གཞུང་གི་ཆབ་སྲིད་འགྲོ་ལུགས་འོག་རྒྱ་ནག་གཞུང་ནས་རང་ཉིད་ཀྱི་མི་སེར་རྣམས་ལ་དམ་དྲག་དང་ཁྲིམས་མཐུན་མ་ཡིན་པའི་ཁྲིམས་ཐག་རིགས་གཅོད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གི་བསམ་སྤྱོད་དང་མི་མཐུན་པའི་བོད་པ་དང་། ཡི་ཤུ། ཁ་ཆེའི་ཆོས་དད་ཅན་རྣམས་ལ་དམིགས་བསལ་གྱི་མནར་གཅོད་དང་སྟངས་འཛིན་ཆེ་བ་བྱེད་མུས་ཡིན་པ་མངོན་གསལ་གནང་འདུག གཞི་རྩའི་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་དབང་ཐང་རྒྱ་སྐྱེད་འགྲོ་བཞིན་པའི་སྐབས་དང་བསྟུན། ད་རེས་ཙམ་མིན་པར་ཉེ་ཆར་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༣ ཉིན་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་གོ་སྒྲིག་འོག་ཡུལ་དེའི་གྲོས་ཚོགས་ནང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་རྒྱ་སྐྱེད་འགྲོ་བཞིན་པའི་ཐོག་ཉན་ཞིབ་ཀྱི་ལས་རིམ་ཞིག་ཀྱང་ཚོགས་ཡོད་པ་རེད། རྒྱལ་སྤྱིའི་རང་དབང་ཅན་གྱི་ཚོགས་སྐྱིད་དང་དཔྱད་ཞིབ་པ་ཁག་གཅིག་ནས་དེ་འབྲེལ་དཔྱད་གཏམ་མང་དག་ཞིག་སྤེལ་ཡོད་པ་རེད།

ཡོ་རོབ་གྲོས་ཚོགས་ནང་བཀྲ་ཤིས་དབང་ཕྱུག་ལགས་དང་གྲྭ་ཆོས་སྐྱིད་ལགས་རྣམ་གཉིས་གློད་བཀྲོལ་དགོས་པའི་གྲོས་ཆོས་བཞག་པ།

ཡོ་རོབ་ Belgium གྱི་རྒྱལ་ས་ Brussels ནང་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་སུ་གྲོས་ཚོགས་ཀྱི་ལས་དོན་ཁག་གཅིག་འགྲོ་བཞིན་ཡོད་པ་ལྟར་ཁ་སང་གྲོས་གྲོས་ཚོགས་ཀྱི་ལས་ཉིན་དེའི་ཁྲོད་གྲོས་ཚོགས་འཐུས་མི་རྣམས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་ཡོངས་ཐོག་གླེང་སློང་གནང་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ཏེ་ད་རྒྱ་ལྟར་རྒྱ་ནག་གཞུང་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་དང་། དེ་སྔ་ཕྱི་ལོ་ ༢༠༡༥ ལོར་འཛིན་བཟུང་བཙན་ཁྲིད་བྱས་པའི་གསེར་རྟ་ཕུར་བུ་དགོན་པའི་གྲྭ་ཆོས་སྐྱིད་ལགས། གཞན་ཡང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ Wu Gan ལགས་དང་ Xie Yang ལགས། དེ་བཞིན་ Lee Ming-che ལགས་བཅས་འཕྲལ་དུ་གློད་བཀྲོལ་དགོས་པར་གྲོས་ཆོད་བཞག་འདུག གྲོས་ཆོད་དེའི་ནང་རྒྱ་ནག་སྤྱི་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དོན་ཚན་མི་འདྲ་བ་ ༡༨ འཁོད་འདུག་པ་དང་། དེའི་ནང་བོད་དང་འབྲེལ་བའི་དོན་ཚན་ཁྲོད་ད་ལྟ་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་བཀྲིས་དབང་ཕྱུག་ལགས་ནི་ དེ་སྔ་ ༢༠༡༥ ལོར་ཨ་མི་རི་ཀའི་ New York Times གསར་ཁང་གི་བརྙན་འཕྲིན་ལས་རིམ་ནང་རྒྱ་གཞུང་གི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བཞིན་པའི་གནས་སྟངས་འགྲེལ་བརྗོད་གནང་རྐྱེན་རྒྱ་ནག་གཞུང་ནས་ཁོང་ཆབ་སྲིད་ཀྱི་ནག་ཉེས་འོག་འཛིན་བཟུང་བྱས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཉེ་དུས་སུ་རྒྱ་ནག་གཞུང་ནས་དཔང་རྟགས་ཁ་གསལ་གང་ཡང་མེད་ཐོག་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་བཤེར་བྱེད་སྟངས་ལ་ཡོ་རོབ་གྲོས་ཚོགས་ཀྱི་ངོས་ནས་བློ་འཚབ་ཆེན་པོ་གནང་ཡོད་པ་མ་ཟད། རྒྱ་གཞུང་ནས་ཁོང་འཕྲལ་དུ་གློད་བཀྲོལ་དགོས་ཞེས་མངོན་གསལ་གནང་ཡོད་པ་རེད། དེ་བཞིན་གྲོས་ཆོད་དེའི་དོན་ཚན་བདུན་པའི་ནང་ཕྱི་ལོ་ ༢༠༡༥ ལོར་ཟི་ཁྲོན་ཞིང་ཆེན་གྱི་གསེར་རྟ་རྫོང་གི་ཕུར་བུ་དགོན་པའི་གྲྭ་ཆོས་སྐྱིད་ལགས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་རྐྱེན་ས་གནས་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་ཟི་ཁྲོན་ཞིང་ཆེན་གྱི་མིན་ཡཱང་བཙོན་ཁང་དུ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་སྟངས་འགྲེལ་བརྗོད་དང་སྦྲགས། རྒྱ་གཞུང་གི་བྱེད་སྟངས་དེ་དག་ནི་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ནང་གསལ་གྲངས་ཉུང་མི་རིགས་ཀྱི་སྨྲ་བརྗོད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་ཡིན་སྟབས། རྒྱ་ནག་གཞུང་གིས་རང་ཉིད་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་ཞུ་ཐོག་གྲྭ་ཆོས་སྐྱིད་ལགས་འཕྲལ་མར་གློད་བཀྲོག་གཏོང་དགོས་པ་མ་ཟད། ཁོང་ལ་སྨན་བཅོས་ཀྱི་མཐུན་རྐྱེན་དང་ནང་མི་ཐུག་འཕྲད་ཀྱི་ཐོབ་ཐང་ཡང་སྤྲོད་དགོས་ཞེས་གསུངས་འདུག དེ་མཚུངས་རྒྱ་གཞུང་གི་བཙན་འོག་ཏུ་ཡོད་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་བ་ Wu Gan ལགས་དང་ Xie Yang ལགས། དེ་བཞིན་ Lee Ming-che ལགས་བཅས་ཀྱི་གནས་སྟངས་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གཞུང་ནས་ཁོང་རྣམ་པའི་ནག་ཉེས་ཁག་ཕྱིར་འཐེན་ཐོག་འཕྲལ་དུ་གློད་བཀྲོལ་གཏང་དགོས་པ་སོགས་གསུངས་འདུག ལྷག་པར་དུ་ཡོ་རོབ་མཐུན་ཚོགས་ནས་ཐེངས་འདིའི་གྲོས་ཆོད་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸གང་ཉིད་མཆོག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་གནང་དགོས་པར་སྐུལ་མ་ནན་པོ་ཡང་གནང་འདུག ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་ཐོག་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་དགའ་བསུའི་འཚམས་འདྲི་དང་འབྲེལ་ཡོ་རོབ་གྲོས་ཚོགས་ནས་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་རྒྱབ་སྐྱོར་དེ་ལྟ་གནང་ཐུབ་པ་ནི་གཟི་བརྗིད་ཞིག་ཡིན་པ་མ་ཟད། ལྷག་པར་དུ་རྒྱབ་ལྗོངས་ཁུངས་ལུང་ལྡན་པའི་གྲོས་ཆོད་དེས་བཀྲ་ཤིས་དབང་ཕྱུག་ལགས་དང་གྲྭ་ཆོས་སྐྱིད་ལགས་རྣམ་གཉིས་ཀྱི་གནད་དོན་ཙམ་མ་ཟད། རྒྱ་གཞུང་གི་བཙན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་ཡོངས་ཀྱི་གནས་སྟངས་ཐད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་རྒྱུར་ཕན་ཐོགས་ངེས་ཅན་ཞིག་ཡོད་པ་གསུངས་འདུག

རྒྱ་གར་དུ་གནས་མཇལ་དང་གཉེན་འཕྲད་ཆེད་ཕེབས་མཁན་ཚོ་གང་མགྱོགས་ཕྱིར་ལོག་དགོས་པའི་བཙན་བཤད།

བོད་མདོ་ཁམས་ཕྱོགས་ཀྱི་རྫོང་ཁག་ཁ་ཤས་ཀྱི་ས་གནས་རྒྱ་ནག་སྲིད་གཞུང་གིས་ཉེ་ལམ་བརྡ་ཁྱབ་བཏང་སྟེ་འདི་ལོ་བོད་ནས་བལ་ཡུལ་དང་རྒྱ་གར་ནང་གནས་སྐོར་དང་གཉེན་འཕྲད་དུ་བསྐྱོད་པའི་བོོད་མི་རྣམས་དུས་ཚོད་ནང་གང་མགྱོགས་ཕྱིར་ལོག་དགོས་པ་དང་། གལ་ཏེ་དུས་བཀག་ནང་ཕྱིར་ལོག་མ་གནང་ཚེ་དཀའ་ངལ་འཕྲད་རྒྱུ་ཡིན་པ་སོགས་ཀྱི་གནོན་ཤུགས་སྤྲད་སྟབས། དེང་སྐབས་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་དང་གནས་སྐོར་ཞུ་བཞིན་པའི་ཁམས་རྟའུ་དང་ལི་ཐང་སོགས་ནས་ཡིན་པའི་བོད་མི་རྣམས་ཛ་དྲག་ངང་ཕྱིར་ལོག་གནང་དང་གནང་མུས་རེད་འདུག དེ་དང་ཕྱོགས་མཚུངས་རྟའུ་རྫོང་ས་གནས་སྲིད་གཞུང་གིས་ཉེ་ལམ་ཕྱི་ཚེས་ ༡༢ ཙམ་ལ་གློ་བུར་དུ་བརྡ་ཁྱབ་བཏང་ཏེ་རྟའུ་ཕྱོགས་ཀྱི་བོད་མི་རྣམས་གང་མགྱོགས་ཟླ་བ་འདིའི་ཚེས་ ༡༦ ནང་ཚུད་ཕྱིར་ལོག་གནང་ཟིན་པ་དགོས་པར་གནོན་ཤུགས་སྤྲད་ཡོད་སྟབས་ཁུལ་དེའི་བོད་མི་རྣམས་གནས་མཇལ་ཞུ་མཚམས་བཞག་ནས་ཕྱིར་ལོག་མ་གནང་ཀ་མེད་ཆགས་འདུག གཞན་ཡང་ཤེས་རྟོགས་བྱུང་བར་ཁམས་ལ་བ་དང་དེ་མིན་ཁམས་ཕྱོགས་ཀྱིས་ས་གནས་གཞན་ཁག་གཅིག་ནས་ཡིན་པའི་བོད་མི་རྣམས་ལ་ཡང་གང་མགྱོགས་ཕྱིར་ལོག་དགོས་པར་གནོན་ཤུགས་སྤྲད་ཡོད་པ་རེད་འདུག དེ་བཞིན་འདི་ལོ་བོད་ནས་བལ་ཡུལ་དང་རྒྱ་གར་ནང་གནས་སྐོར་དང་གཉེན་འཕྲད་དུ་ཕེབས་པའི་བོོད་མི་རྣམས་ནས་ལོ་གཅིག་ཙམ་གོང་ནས་རྒྱ་གཞུང་གི་མཐོང་མཆན་ལམ་ཡིག་ཞུ་རྒྱུར་འགྲོ་གྲོན་རྒྱ་སྒོར་ཁྲི་མང་པོའི་འགྲོ་གྲོན་བཏང་ཡོད་པ་མ་ཟད། ཁག་གཅིག་གིས་རང་ཉིད་ཀྱི་རྒྱན་ཆ་དང་སྒོ་ཕྱུགས་སེམས་ཅན་ཡང་བཙོང་ཡོད་པ་རེད་འདུག

བོད་དེ་རང་དབང་མེད་པའི་ས་ཁུལ་ཆེས་སྡུག་ཤོས་གཉིས་པར་ཐེར་བཏོན།

Freedom House འམ་རང་དབང་ཁང་པས་ཕྱི་ལོ་ ༢༠༡༨ ལོའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའོ་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་བོད་དེ་རྒྱལ་སྤྱིའི་རྒྱལ་ཁབ་དང་ས་ཁུལ་ ༡༩༥ ཁྲོད་ནས་རང་དབང་མེད་པའི་ས་ཁུལ་ཆེས་སྡུག་ཤོས་ཨང་གཉིས་པར་ཐེར་བཏོན་གནང་འདུག དེ་ཡང་ཁ་སང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ ༡༩༥ ནང་གི་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆབ་སྲིད་ཀྱི་རང་དབང་དང་སྤྱི་དམངས་ཀྱི་ཐོབ་ཐང་བཅས་ས་བཅད་གསུམ་དུ་དབྱེ་སྟེ་ རྒྱལ་ཁབ་དེ་དག་ཁོངས་ནས་ཁྱོན་རྒྱལ་ཁབ་ ༤༩ རང་དབང་མེད་པའི་སྡེ་ཚན་ཁོངས་སུ་བཞག་པ་མ་ཟད། དེ་དག་ལས་རང་དབང་གི་གནས་བབ་ཆེས་ཞན་ཤོས་ཀླད་ཀོར་འོག་གི་ཨང་གཅིག་ཐོབ་མཁན་དེ་ Syria དང་། བོད་དེ་བརྒྱ་ཆ་བརྒྱ་ནས་ཨང་གཅིག དེ་བཞིན་ལྷོ་སུ་དཱན་ལ་ཨང་གསུམ། བྱང་ཀོ་རི་ཡ་ལ་ཨང་བཞི་བཅས་སྤྲད་ཡོད་པ་དང་། རྒྱ་ནག་དེ་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་མཁན་གཤམ་ནས་རྩིས་པའི་རྒྱལ་ཁབ་ཆེས་སྡུག་ཤོས་ཨང་དགུ་པར་བཀོད་འདུག སྙན་ཐོའི་ནང་བོད་དེ་དམིགས་བསལ་ཟུར་བཀོད་གནང་སྟེ་མང་ཚོགས་ཀྱི་གཞི་རྩའི་རང་དབང་མེད་པའི་ས་ཁུལ་ཆེས་སྡུག་ཤོས་གཉིས་པར་ཐེར་སྟོན་གནང་ཡོད་ཀྱང་དེ་འབྲེལ་གྱི་སྙན་ཐོ་ཞིབ་ཕྲ་ད་ལྟའི་ཆར་པར་འགྲེམས་ཞུས་མེད་པ་རེད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ཕྱི་ལོ་ ༢༠༡༢ ལོར་ཞི་ཅིང་ཕིང་གིས་རྒྱ་ནག་གི་སྲིད་འཛིན་བྱས་པ་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དབང་འཛིན་ལ་བརྩི་སྲུང་རྩ་བ་ནས་མ་བྱས་པར་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་དེ་སྔར་ལས་རྒྱ་སྐྱེད་ཆེད་གཏོང་གིས་རྒྱ་ནག་སྤྱི་དང་ལྷག་དོན་བོད། ཡུ་གུར་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆབ་སྲིད་རང་དབང་གཙོ་འགྱུར་སྨྲ་བརྗོད་དང་འདུ་འཛོམས། དེ་བཞིན་ཆོས་དད་ཀྱི་རང་དབང་སོགས་དགོས་ངེས་ཀྱི་ཐོབ་ཐང་ཁག་སྔར་ལས་ཆེས་སྡུག་ཏུ་གཏོང་བཞིན་ཡོད་པ་གསལ་བཏོན་གནང་འདུག རྒྱ་གཞུང་གིས་དྲ་རྒྱའི་ཉེན་སྲུང་གི་ཁྲིམས་སྒྲིག་གསར་བཟོ་དང་འབྲེལ་བའི་སྒྲིག་གཞི་གཞན་ཁག་གཅིག་གཏན་འབེབས་བརྒྱུད་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱ་དང་གླེང་སྟེགས་ཁག དེ་བཞིན་ཐད་གཏོང་བརྒྱུད་ལམ་ཁག་གི་ནང་དོན་ལ་དམ་དྲག་བྱས་པ་མ་ཟད། གཞི་རིམ་མང་ཚོགས་ཀྱི་རང་དབང་ཐོག་མུ་མཐུད་དྲག་གནོན་གྱིས་འཛིན་བཟུང་བཙན་ཁྲིད་བྱས་པ་དང་དྲ་ཐོག་ཟིན་བྲིས་སྤེལ་མཁན་དང་ཞི་རྒོལ་བ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཁྲིམས་རྩོད་པ་དང་ཆོས་ཕྱོགས་ཀྱི་མི་སྣ་རྣམས་ལ་ཉེས་མེད་ཉེས་འཛུགས་འོག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ལྷག་དོན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiabo ལགས་རྒྱ་གཞུང་གི་བཙོན་ཁང་ནས་སྨན་བཅོས་ཀྱི་ཐོབ་ཐང་འོག་གློད་བཀྲོལ་ཐོབ་ནས་ཟླ་བ་གཅིག་མ་སོང་གོང་ལ་འདས་གྲོངས་སུ་གྱུར་ཡོད་སྐོར་སོགས་ཀྱང་འགྲེལ་བརྗོད་གནང་འདུག

མདོ་སྨད་གཙོས་མཚོ་བ་ཉེར་གཅིག་གི་མང་ཚོགས་ཚོས་ཆང་རག་དང་རྒྱན་རྩེད་སྤོང་བའི་ལས་འགུལ་སྤེལ་འདུག

དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༩ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མདོ་སྨད་གཙོས་དགོན་པར་གཙོས་མཚོ་བ་ཉེར་གཅིག་གི་ཁྱིམ་ཚང་ ༡༠༠༠ ལྷག་ཡོད་པ་ནས་བུ་ལོ་ན་ ༡༦ ནས་ ༦༠ མན་ ཆད་བར་གྱི་སྐྱེས་ཕོ་རྒན་གཞོན་བར་གསུམ་མི་གྲངས་ ༦༠༠༠ ལ་ཉེ་བས་གཙོས་དགའ་ལྡན་ཆོས་གླིང་དགོན་པའི་འདུ་ཁང་ཆེན་མོའི་རྟེན་ཁྲིའི་མདུན་ནས་ཐ་མག་དང་དང་ཆང་རག་མི་སྤྱོད་པ་དང་ཤོ་སྦག་རྒྱན་རྩེད་རིགས་མི་གནང་བའི་དམ་བཅའ་བཞག་པའི་ལས་འགུལ་ཞིག་སྤེལ་འདུག་པ་དང་། དེ་བཞིན་བོད་ཁམས་བདེ་ཞིང་འཛམ་གླིང་ཞི་བདེ་ཡོང་བའི་སྨོན་ལམ་ཡང་གནང་འདུག ཆང་རག་དང་རྒྱན་རྩེད་སྤོང་བའི་ལས་འགུལ་དེ་ནི་སྔ་ལོ་ ༢༠༡༧ ལོར་གཙོས་དགའ་ལྡན་ཆོས་གླིང་དགོན་གྱི་སེ་ཚང་བློ་བཟང་དཔལ་ལྡན་མཆོག་དགུང་གྲངས་ ༨༠ ཕེབས་པའི་གྱ་སྟོན་སྐབས་མང་ཚོགས་རྣམས་ལ་རྒྱུན་དུ་གླིང་གཏོང་སྤྲོ་སྐྱིད་གཏོང་བ་དང་རྟེན་འབྲེལ་བྱེད་སྒོ་ཁག་གི་སྐབས་སུ་ཆང་རག་ཚོད་མེད་འཐུང་བ་དང་ཤོ་སྦག་རྒྱན་རྩེད་སོགས་བག་མེད་ཀྱི་བྱ་སྤྱོད་ལ་རོལ་བ་དེ་དག་གིས་སྤྱི་ཚོགས་དང་ཁྱིམ་ཚང་སྒེར་བཅས་ལ་གནོད་སྐྱོན་ཇི་ལྟར་ཡོང་གི་ཡོད་པ་ངོ་སྤྲོད་དང་འབྲེལ་སླད་ཕྱིན་ཚང་མས་དེ་དག་སྤོང་ཐབས་གནང་ན་དགེ་མཚན་ཡོད་པར་བཀའ་སློབ་གནང་པ་ལྟར་ད་ལན་ཁོང་གི་ཐུགས་དགོངས་སྒྲུབ་པ་དང་སྐུ་ཚེ་བརྟན་ཕྱིར་སྤང་བླང་གི་བྱེད་སྒོ་དེ་སྤེལ་བ་ཞིག་ཡིན་པ་རེད་འདུག། དེ་དང་ཕྱོགས་མཚུངས་དེ་སྔོན་ཕྱི་ལོ་ ༢༠༡༤ ལོར་ཡང་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་མཛོད་དགེ་སྟོད་སྨད་དང་རྔོག་རྒྱལ་མོ་དགོན།  ཀླུ་ཤོད་སོགས་སུ་སྔོན་ཆད་ཐ་མག་འཐེན་པ་དང་ཆང་རག་འཐུང་བཞིན་པའི་སྐྱེ་པ་རྒན་གཞོན་ཚང་མས་ཕྱིན་ཆད་ཐ་མག་དང་ཆང་རག་ལོངས་སུ་མི་སྤྱོད་པའི་ལས་འགུལ་ཆེན་པོ་ཞིག་སྤེལ་ཡོད་པ་རེད།

ལྷ་ཐོག་ལུང་པའི་ཡུལ་མིའི་ས་ཆ་བཙན་འཕྲོག་དང་གཏེར་ཁ་སྔོག་འདོན་བྱེད་བཞིན་འདུག

བོད་ནང་ཁམས་ལྷ་ཐོག་གཡུ་ལུང་ཟངས་གཏེར་རི་བོའི་མདུན་ནས་རྒྱ་ནག་གཞུང་གི་གཏེར་འདོན་ཚན་པས་ལོ་ངོ་བཅུ་ཙམ་སྔོན་ནས་ཟངས་དང་གསེར་ཞ་ཉེ་སོགས་ཀྱི་གཏེར་ཁ་རྒྱ་ཆེ་སྔོག་འདོན་བྱས་དང་བྱེད་བཞིན་ཡོད་པ་མ་ཟད་སླར་སྔ་ལོ་ཕྱི་ལོ་ ༢༠༡༧ ལོ་འགོ་ནས་བཟུང་གཡུ་ལུང་རི་བོའི་རྒྱབ་ཕྱོགས་སུའང་གཏེར་ཁ་ཡོད་པ་ཤེས་རྟོགས་བྱུང་ནས་གཡུ་ལུང་གི་ལ་རྒྱབ་ལ་ཆགས་པའི་(རྡོག་ནོར་མའི་)འབྲོག་པ་རྣམས་ཀྱི་ས་ཆ་ཕལ་ཆེ་བ་ ༢༠༡༧ ལོ་འགོ་ནས་རྒྱ་གཞུང་གིས་བཙན་འཕྲོག་བྱས་ཏེ་ལྕགས་ར་སྐོར་བ་མ་ཚད་ཡུལ་མི་ཚོས་ས་འདིར་དབྱར་རྩྭ་དགུན་འབུ་བརྐོ་མི་ཆོག་པ་དང་རྟ་ནོར་སྒོ་ཟོག་སོགས་འབྲོག་པའི་འཚོ་བ་དོར་ནས་གཞུང་ལམ་རྒྱུད་དུ་ཁང་པ་རྒྱག་དགོས་པར་བཙན་བཀའ་བཏང་འདུག ཡུལ་མི་དེ་དག་ལ་གུན་གསབ་ཕྲན་བུ་ཞིག་ལས་སྤྲད་མེད་པར་བརྟེན་ས་གནས་ཡུལ་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག ཁམས་ལྷ་ཐོག་ལུང་པའི་གཡུ་ལུང་ཟངས་གཏེར་ནི། ཨེ་ཤ་ཡ་ཁྱོན་གྱི་གཏེར་ཁ་ཨང་གཉིས་པ་དང་རྒྱ་ནག་རྒྱལ་ཡོངས་ཀྱི་གཏེར་ཁ་ཨང་དང་པོ་དེ་ཡིན་པ་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་ཁག་གི་ཐོག་ལ་དེ་ལྟར་བཀོད་ཡོད་པ་དང་། ལྷག་དོན་དེར་ཡོད་པ་ནི་ཟངས་གཏེར་ཡིན་ཅིང་ད་དུང་གསེར་དང་། གཡུ། ཞ་ཉེ། རྡོ་སོལ། ལྕགས་སོགས་ཕུན་སུམ་ཚོགས་པའི་གཏེར་ཁ་ཡོད་པ་རེད་འདུག ལྷ་ཐོག་བོད་མི་འབྲོག་པ་ཚོར་དེ་སྔ་འཚོ་བའི་ཡོང་ཁུངས་གཙོ་བོ་ལོ་ལྟར་དབྱར་རྩ་དགུན་འབུ་བརྐོ་ནས་ལོ་རེར་མི་ཚང་རེར་དབྱར་རྩ་དགུན་འབུ་བརྐོ་བའི་ཡོང་འབབ་རྒྱ་མིའི་སྒོར་མོ་ཁྲི་ ༥༠ ནས་བརྒྱད་ཅུ་ཙམ་རག་གི་ཡོད་པ་རེད། ད་ཆ་འབྲོག་པ་ཚོར་དབྱར་རྩ་དགུན་འབུ་བརྐོ་བའི་ཡོང་འབབ་མེད་པ་ཆགས་པའི་ཁར་མི་རབས་ནས་མི་རབས་བར་བརྒྱུད་པའི་འབྲོག་པའི་འཚོ་རྟེན་ཡང་མེད་པ་ཆགས་ཡོད་པ་རེད། དེར་བརྟེན་ས་གནས་འབྲོག་པ་ཚོ་འབྲོག་པའི་འཚོ་བ་དོར་ཏེ་གྲོང་སྡེ་ཅན་དུ་འགྱུར་རྗེས་དེ་སྔ་ཁོ་ཚོར་རང་འཚོ་ཐུབ་པའི་ཤེས་ཡོན་དང་ཚོང་ལས་ལག་རྩལ་སོགས་ཀྱི་ཆ་རྐྱེན་མེད་སྟབས་འབྱུང་འགྱུར་ལོ་གཉིས་གསུམ་རྗེས་ཁོ་ཚོའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ངེས་ཡིན་པ་རེད་འདུག ལྷག་པར་དུ་གཏེར་སྔོག་བྱེད་མཁན་དང་འབྲེལ་བའི་ཐོག་ནས་རྒྱ་མི་དུ་མ་ཞིག་ལུང་པ་དེར་ཡོང་ནས་ཏག་སེ་རྩེ་ས་དང་མཱ་ཅང་ཤོ་སྦག་རྒྱག་ས་སོགས་རྒྱན་རྩེད་ཁང་མང་པོ་གསར་དུ་བརྒྱབ་ནས་ཡུལ་དེའི་ན་གཞོན་རྣམས་རྒྱན་རྩེད་ཁང་ལ་བསླུ་བྲིད་བྱས་ཏེ་ཁོ་ཚོའི་ལག་ཏུ་ཡོད་པའི་སྒོར་མོ་ས་ཡ་དང་བྱེ་བ་མང་པོ་རྒྱ་ཡུལ་དུ་འཁྱེར་འགྲོ་བ་དང་། ད་དུང་གཏེར་ཁ་སྔོག་མཁན་དང་མཉམ་དུ་རྒྱ་མོ་གཞང་འཚོང་མ་མང་པོ་ཡོང་ནས་ནད་ངན་ཁྱབ་བརྡལ་གཏོང་བ་སོགས་སྣོད་བཅུད་གཉིས་ཀར་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པ་རེད་འདུག ས་གནས་ཡུལ་མི་ཚོས་དེ་སྔོན་རྒྱ་ནག་གིས་གཏེར་ཁ་སྔོག་འདོན་བྱས་པ་ལ་བརྟེན་ཁོར་ཡུག་ལ་གཏོར་སྐྱོན་དང་ལྷག་དོན་མི་ཕྱུགས་ལ་ནད་ཡམས་བྱུང་ཡོད་པ་སོགས་ཞུས་ནས་གཞུང་ལ་ཞུ་གཏུག་ལན་མང་བྱས་ཀྱང་མང་ཚོགས་ཀྱི་རེ་འདུན་ལ་དོན་འབྲས་གང་ཡང་སོན་མེད་པ་རེད་འདུག ཚོད་དཔག་བྱས་ན་གཏེར་ཁ་སྔོག་འདོན་བྱ་ཡུལ་ལྷ་ཐོག་གཡུ་ལུང་ཟངས་གཏེར་རི་བོའི་རྒྱབ་མདུན་གཉིས་ཁོ་ནར་ས་གནས་བོད་རིགས་འབྲོག་པ་ཁྱིམ་ཚང་ ༤༠༠ ནས་ ༥༠༠ བར་ཡོད་པ་དང་ཆ་སྙོམས་མི་གྲངས་ ༥༠༠༠ ཙམ་ཡོད་པ་རེད་འདུག ཁམས་ལྷ་ཐོག་ལུང་པའི་ཆགས་བབ་དང་དབང་བསྒྱུར་ས་ཁོངས་ཐོག་ནས་བཤད་ན་དེ་ནི་སྡེ་དགེའི་ནུབ་ཕྱོགས་དང་ཆབ་མདོའི་ཤར་ཕྱོགས། ནང་ཆེན་གྱི་ལྷོ་ནུབ་ཕྱོགས་ཤིག་ལ་ཆགས་ཡོད་ཅིང་ལོ་རྒྱུས་ཐོག་བོད་ཀྱི་རྒྱལ་ཐོག་ ༣༣ པ་བཙན་པོོ་སྲོང་བཙན་སྒམ་པོོའི་སྐབ་ནས་ ༡༩༥༩ བར་ལྷ་ཐོག་རྒྱལ་པོ་དང་རྒྱལ་བརྒྱུད་རིམ་པས་དབང་བསྒྱུར་བྱས་ཏེ་ཡུལ་དེ་ཁྲིམས་འགོ་རང་བཙན་གྱི་ཚུལ་དུ་གནས་ཡོད་པ་དང་།  ས་ཁོངས་ཀྱི་ཆ་ནས་བཤད་ན་ཕྱི་ལོ་ ༡༩༥༩ བོད་ལ་དུས་འགྱུར་མ་བྱུང་སྔོན་དགའ་ལྡན་ཕོ་བྲང་གི་དབང་བསྒྱུར་ས་ཁོངས་སུ་ཚུད་ཡོད་ཅིང་དེང་སང་རྒྱ་ནག་གི་སྲིད་འཛིན་ས་ཁོངས་ཀྱི་དབང་དུ་བྱེད་ན་ཆབ་མདོ་རྫོང་གི་ས་ཁོངས་སུ་ཚུད་ཡོད་པ་རེད་འདུག

བཙོན་པ་ཐུག་འཕྲད་སྐབས་རྒྱ་སྐད་ཁོ་ན་རྒྱག་དགོས་པ་འདི་ནི་འཆམ་མཐུན་གྱི་འགལ་ཟླར་གསུངས་འདུག

ཨ་རིར་རྟེན་གཞི་བྱས་པའི་Dui Hua ཐེབས་རྩ་ཁང་ནས་རྒྱ་གཞུང་གིས་བཙོན་པ་ཐུག་འཕྲད་སྐབས བཙན་དབང་གིས་རྒྱ་སྐད་ཁོ་ན་རྒྱག་བཅུག་གི་ཡོད་པ་དེས་རྒྱ་ནག་ཧན་མི་རིགས་ཀྱི་རིག་གཞུང་ལ་ཞེན་ཁོག་ཆེ་རུ་བཏང་བ་དང་དུས་མཉམ་གྲངས་ཉུང་མི་རིགས་གཞན་གྱི་ལར་ཞེན་སྐྱོ་རུ་གཏོང་ཐབས་ཤིག་ཏུ་འགྲེལ་བརྗོད་གནང་པ་མ་ཟད། དེ་ནི་རྒྱ་ནག་གི་འཆམ་མཐུན་སྤྱི་ཚོགས་ཀྱི་ལྟ་གྲུབ་དང་ཡོངས་སུ་འགལ་གྱི་ཡོད་པ་གསུངས་འདུག དེ་ཡང་ཐེབས་རྩ་ཁང་དེ་ནས་ཁ་སང་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད་རྒྱ་ནག་གཞུང་ནས་བཙོན་པ་དང་བཙོན་ཁང་གི་འགྲོ་ལུགས་སྐོར་གླེང་སློད་དང་སྦྲགས། སྤྱིར་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་བཙོན་པ་རྣམས་བཙོན་ཁང་ནང་དུ་ལུས་པའི་རིང་ལ་སྤྱི་སྐད་བྱེ་བྲག་པ་ཞིག་རྒྱག་དགོས་པའི་ཁྲིམས་ལུགས་ཤིག་མེད་ནའང་། རྒྱ་ནག་གི་བཙོན་ཁང་མང་པོའི་ནང་བཙོན་པ་ཐུག་འཕྲད་སྐབས་རྒྱ་སྐད་ཁོ་ན་མ་གཏོགས་ས་གནས་ཀྱི་ཡུལ་སྐད་དང་གྲངས་ཉུང་མི་རིགས་བྱེ་བྲག་གི་སྐད་ཡིག་བེད་སྤྱོད་བྱ་མི་ཆོག་པའི་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་གསུངས་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་བོད་པའི་བཙོན་པ་ཚོར་ཡང་དེ་མཚུངས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད་ཀན་སུ་ཞིང་ཆེན་ནང་གནས་ཚུལ་དེ་ལྟར་བྱུང་བའི་དཔང་རྟགས་ཀྱང་ཡོད་པའི་འགྲེལ་བརྗོད་གནང་སོང་།

བཀྲིས་དབང་ཕྱུག་ལགས་ལ་ཐག་གཅོད་ཀྱིས་དཔྱད་ཁྲ་གང་ཡང་བཏང་མི་འདུག

དེ་རིང་ཕྱི་ལོ་༢༠༡༨།༠༡།༠༤ ཉིན་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་བོད་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ནག་ཉེས་དང་འབྲེལ་གཏུགས་བཤེར་བྱས་འདུག་ཀྱང་། ཁྲིམས་ཁང་ནས་ཐོག་གཅོད་ཁ་གསལ་གང་ཡང་བྱས་མི་འདུག བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ། Liang Xiaojunn ལགས་དང་། ཨ་རིའི་NewYork Times གསར་ཁང་གི་གསར་འགོད་པ་ Chris Buckly ལགས་གཉིས་ཀྱི་ Twitter བརྒྱུད་ལམ་སྟེང་དེ་དོན་གནས་ཚུལ་སྤེལ་བར་གཞིགས་ན། གཏུགས་བཤེར་ལས་རིམ་དེ་སྔ་དྲོ་བོད་ནང་གི་ཚོུད་ ༩།༣༠ ནས་ཉིན་རྒྱབ་ ༡།༣༠ བར་ཚོུད་ཆུ་ཚོད་ ༤ རིང་འགོར་ཡོད་པ་དང། དཔང་རྟགས་ཀྱི་ཚུལ་དུ་ A Tibetans Journey to Justice ཞེས་དེ་སྔ་ཨ་རིའི་ NewYork Times གསར་ཁང་གི་བཀྲིས་དབང་ཕྱུག་ལགས་ལ་བཅར་འདྲི་ཞུས་པའི་བརྙན་ཐུང་དེ་བསྟན་འདུག དེ་རིང་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་གཏུགས་ཆེད་པེ་ཅིང་དུ་ཡོད་པའི་ཨ་རི་དང་ཁེ་ན་ཌ། ཨིན་ཡུལ་དང་འཇར་མ་ནི། དེ་བཞིན་ཡུ་རོབ་མཐུན་ཚོགས་བཅས་ཕྱིའི་རྒྱལ་གཞུང་ཚབ་ ༥ ཙམ་གྱི་གཞུང་འབྲེལ་མི་སྣ་ཆེད་མངགས་ཡུལ་ཤུལ་དུ་ཕེབས་འདུག་ཀྱང། ཁྲིམས་ཁང་ནང་དུ་བཞུགས་རྒྱུའིཆོག་མཆན་སྤྲད་མི་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་གཞུང་འབྲེལ་བརྒྱུད་ལམ་ཐོག་བཀྲིས་དབང་ཕྱུག་ལགས་ནི་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་དུ་བོད་མིས་གཙོས་གྲངས་ཉུང་མི་རིགས་ཡོངས་ལ་རང་གི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་སྤྲད་པ་དེ་ལོངས་སུ་སྤྱོད་མཁན་ཞིག་ཡིན་སྟབས་ད་རེས་ཀྱི་ཁྲིམས་བཤེར་དེ་ནས་གཏུགས་དེ་ནས་རྒྱ་ནག་གཞུང་དེ་ཁྲིམས་ཀྱི་དབང་འགྱུར་དང། རྒྱལ་སྤྱིའི་ཁྲིམས་གཉིས་ལ་བརྩི་སྲུང་གང་འདྲ་ཞུ་ཡི་ཡོད་མེད་གསལ་པོ་ཆགས་རྒྱུ་ཡིན་པ་གསུངས་འདུག གཞན་ཡང་དེ་རིང་དེ་རིང་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་གཏུགས་དང་འབྲེལ་ནས་རྒྱལ་སྤྱིའི་སྤེན་རྩོམ་པ་པོ་ཚོགས་པ་དང། རྒྱལ་སྤྱི་བོད་དོན་ལས་འགུལ་ཁང། ITN འམ་རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ཁང། རྒྱལ་ཚོགས་ཀྱི་ UNPO ཚོགས་པ་བཅས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་འདོན་སྤེལ་གནང་ཡོད་པ་རེད། ད་ལྟའི་གནས་སྐབས་སུ་བོད་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་སྐོར་ལ་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་དཀའ་བར་འགྱུར་ཡོད་སྟབས། རིམ་པས་འདོན་སྤེལ་ཞུ་རྒྱུ་ཡིན།

Latest news