Tibetan Royal Year of 2151 | Year of the Wood Dragon

བོད།

བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་སླར་གྲྭ་བཙུན་བརྒྱ་ཕྲག་ཁ་ཤས་ཕྱིར་ཕུད་བཏང་པ།

ཟླ་བ་འདིའི་ཚེས་ ༢༤ དང་། ༢༨ བཅས་ཁག་སོ་སོར་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་མི་སྣས་བོད་གསེར་རྟ་བླ་རུང་ཆོས་སྒས་ནས་གྲྭ་བཙུན་བརྒྱ་ཕྲག་ཁ་ཤས་ཤིག་བཙན་དབང་གིས་ཕྱིར་ཕུད་བཏང་པ་མ་ཟད། ཁོང་རྣམ་པའི་གྲྭ་ཤག་ཀྱང་མུ་མཐུད་གཏོར་བཤིག་གཏོང་བཞིན་ཡོད་པ་རེད། དེའང་ཟླ་ ༡༢ ཚེས་ ༢༤ ཉིན་ཕྱི་དྲོ་ཚོུད་ ༤།༠༠ ཡོལ་ཙམ་ལ་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཁུལ་ནས་ཡིན་པའི་གྲྭ་བཙུན་ ༢༠༠ ལྷག་བཙན་དབང་གིས་ཕྱིར་ཕུད་བྱས་པ་མ་ཟད། ཚེས་ ༢༨ ཉིན་སླར་ཡང་ཡུལ་ཤུལ་རྫ་སྟོད་དང་རྨ་སྟོད། དར་ལག་བཅས་ནས་ཡིན་པའིབཙུན་མ་བརྒྱ་ཕྲག་ཁ་ཤས་ཀྱང་ཕྱིར་ཕུད་བཏང་འདུག གཞི་རྩའི་ཟླ་བ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ནས་ཡིན་པའི་གྲྭ་པ་བརྒྱ་ཕྲག་ཁ་ཤས་ཕྱིར་ཕུད་བཏང་ཡོད་པ་དང་འདི་བཞིན་ཚེས་ ༢༨ ཉིན་བཙུན་པ་བརྒྱ་ཕྲག་ཞིག་མི་འདོད་བཞིན་དུ་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་པ་མ་ཟད། ཁོང་རྣམས་མི་འདོད་བཞིན་དུ་གསེར་རྟ་བླ་རུང་ཆོས་སྒར་ནས་ཁ་བྲལ་དགོས་བྱུང་ཡོད་ཅིང་། དགོན་པ་དང་ཁ་བྲལ་མ་ཐུབ་པའི་ངུ་འབོད་དང་དྲན་པ་རྒྱལ་བའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། རྒྱ་གཞུང་གིས་དགོན་པའི་གྲྭ་བཙུན་རྣམས་ཕྱིར་ཕུད་བཏང་ཟིན་རྗེས་ཁོང་རྣམ་པའི་གྲྭ་ཤག་ཀྱང་མུ་མཐུད་གཏོར་བཤིག་གཏོང་མུས་ཡིན་པ་རེད། དེ་བཞིན་སེར་རྟ་བླ་རུང་ཆོས་སྒར་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་མཁན་རྒྱ་རིགས་གྲྭ་བཙུན་དང་དགེ་བསྙེན་སོགས་མང་དག་ཞིག་ཡོད་པ་དེད་དག་ཀྱང་དགོན་པ་ནས་ཕྱིར་ཕུད་བཏང་དང་གཏོང་བཞིན་ཡོད་པ་རེད། རྩ་བའི་བོད་སེར་རྟ་བླ་རུང་ཆོས་སྒར་ནས་ད་བར་ཕྱིར་ཕུད་བཏང་ཟིན་པའི་གྲྭ་བཙུན་མང་ཆེ་བ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་ནས་ཡིན་པ་དང་། བླ་རུང་སྒར་ནས་ཕྱིར་ཕུད་བཏང་བའི་གྲྭ་བཙུན་རྣམས་ལ་༼བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་གསོའི་སྒོ་ནས་རང་ཡུལ་མངགས་པའི་ཇོ་སེར་རྣམས་ཀྱི་དམ་བཅའ་ཡི་གེ་༽ ཞེས་བོད་རྒྱ་གཉིས་ཀྱི་ཐོག་ལ་འཁོད་པའི་དམ་བཅའ་བའི་ཡི་གེ་ཞིག་སྟེང་དུ་སླར་བླ་རུང་སྒར་དུ་ཕྱིར་ལོག་གནང་རྒྱུ་མིན་ཅེས་པའི་མཚན་རྟགས་བཀོད་བཅུག་ཡོད་པ་དང་། དམ་བཅའ་བའི་ཡི་གེ་དེའི་ནང་འཁོད་དོན། གསེར་རྟ་རྫོང་ལྔ་རིག་ནང་བསྟན་སློབ་གླིང་གི་དྲིལ་བསྒྲགས་སྒྲིག་བཅོས་ལས་དོན་གྱི་བླང་བྱ་ལྟར། ང་རང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་ཁ་བྲལ་ཏེ་ཕ་ཡུལ་དུ་སླེབས་རྗེས། སྔར་ལྟར་རྒྱལ་གཅེས་ཆོས་གཅེས་དང། སྡོམ་སྲུང་། ཁྲིམས་བརྩི་བྱེད་པ་མ་ཟད། ཕྱིར་བླ་རུང་སྔ་རིག་ནང་བསྟན་སློབ་གླིང་དུ་འོང་ནས་གཏན་སྡོད་མི་བྱེད་པའི་དམ་བཅའ་བཞག་བཅུག་པ་མ་ཟད། དེ་བཞིན་ཕྱིར་ཕུད་བཏང་ཟིན་རྗེས་ཐད་ཀར་རང་ཁྱིམ་དུ་ལོག་མ་བཅུག་པར་ཟླ་ཤས་རིང་བཀག་བསྐྱིལ་བྱས་ཡོད་པ་དང་། སྐྱ་ཆས་གྱོན་བཅུག་སྟེ་ཉིན་ལྟར་རྒྱ་གཞུང་གི་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ཆབ་སྲིད་སློབ་གསོ་སྤེལ་བ་དང་གུང་ཁྲན་ཏང་ལ་བསྟོད་པའི་གླུ་གཞས་གཏོང་བཅུག་པ་སོགས་སུནགཙེར་ཚད་མེད་བཟོ་བཞིན་ཡོད་པ་རེད།

རྨ་ཆུ་ནང་དུ་བོད་པའི་དགེ་འདུན་པ་ཞིག་འཛིན་བཟུང་བྱས་འདུག

ཉེ་ཆར་ཟླ་བ་འདིའི་ཚེས་ ༡༡ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་བོད་མདོ་སྨད་རྨ་ཆུ་ནང་དུ་བོད་པའི་དགེ་འདུན་པ་འཇམ་དབྱངས་ཆོས་འཕེལ་ལགས་འཛིན་བཟུང་གིས་བཀག་ཉར་བྱས་འདུག དེའང་ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གྲྭ་འཇམ་དབྱངས་ཆོས་འཕེལ་ལགས་ཟླ་ ༡༢ ཚེས་ ༡༡ གི་མཚན་དཀྱིལ་ཙམ་དུ་རྒྱ་གཞུང་གི་ཉེན་རྟོག་མི་སྣས་འཛིན་བཟུང་གིས་རྨ་ཆུའི་བཀག་ཉར་ཁང་དུ་བཀག་བསྐྱིལ་བྱས་ཡོད་པ་ཤེས་རྟོགས་བྱུང་སྐོར་བཀོད་འདུག ལྟེ་གནས་ཁང་དེའི་ཉམས་ཞིབ་པ་པདྨ་ཆོས་སྒྲོན་ལགས་ཀྱིས་འགྲེལ་བརྗོད་གནང་དོན། གྲྭ་འཇམ་དབྱངས་ཆོས་འཕེལ་ལགས་ཀྱི་ཕ་ཡུལ་རྨ་ཆུ་རྫོང་གི་ཉེ་ཁྲིས་ཅོ་ནེ་རྫོང་ནང་གི་རྒྱལ་མོ་དགོན་པའི་གྲྭ་པ་ཡིན་པ་དང་། ཕྱི་ཚེས་ ༨ ཉིན་བོད་མི་བཀྲིས་རབ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགགས་གནང་རྗེས་རྒྱ་གཞུང་གིས་ས་ཁུལ་དེར་དམ་དྲགས་ཤུགས་བྱེད་བཞིན་པའི་ཁྲོད་བོད་མི་ཁག་ཅིག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་སྟབས། ཁོང་གནད་དོན་དེ་དང་འབྲེལ་ནས་འཛིན་བཟུང་བྱས་པར་ཚོད་དཔག་གནང་བཞིན་ཡོད་པ་གསུངས་སོང་། གཞན་ཡང་རང་ལུས་མེར་བསྲེགས་གནང་པའི་སྐབས་དེར་བརྙན་པར་ལེན་པའི་དོགས་གཞི་འོག་བོད་མི་གཞོན་སྐྱེས་གསུམ་དང་བེུད་གཅིག་བཅས་འཛིན་བཟུང་བྱས་ཡོད་ཀྱང་། ད་ལྟའི་ཆར་ཁོང་རྣམས་གློད་གྲོལ་བཏང་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། རྩ་བའི་ད་བར་རྨ་ཆུ་ནས་གནས་ཚུལ་འབྱོར་ཟིན་ནང་དུ་ཟླ་ ༡༢ ཚེས་ ༨ ཉིན་བོད་མི་བཀྲིས་རབ་བརྟན་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་རྗེས་ཉེན་རྟོག་ཁང་དུ་ཁོང་གི་སྐུ་ཕུང་ལེན་རུ་བསྐྱོད་མཁན་ཁོང་གི་ཕ་དང་བུ། དེ་བཞིན་ཁོང་གི་ཨ་ཁུ་བཅས་བོད་མི་ཁག་ཅིག་ལ་རྒྱ་གཞུང་གིས་བཀག་བསྐྱིལ་བྱས་ཡོད་པ་དང་། ཁོང་གི་བཟའ་ཟླ་དང་བུ་མོ་གཉིས་ལ་རྒྱ་གཞུང་གི་ཉེན་རྟོག་མི་སྣས་བཀག་ཉར་འོག་འདྲི་བརྩད་ཀྱང་བྱས་འདུག ནང་མི་ཉེ་འབྲེལ་རྣམས་འཛིན་བཟུང་བྱས་མཐར་ཉིན་གཅིག་གི་རྗེས་སུ་གློད་གྲོལ་བཏང་འདུག་པ་དང་། དེ་རྗེས་ཁོང་རྣམས་ལ་བཀྲིས་རབ་བརྟན་ལགས་ཀྱི་པུར་ཐལ་སྤྲོད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཆབ་སྲིད་བཙོན་ཟུར་གྲྭ་འཇིགས་མེད་མགོ་རིལ་ལགས་གཟུགས་གཞི་གནས་སྟངས་ཞན་པའི་སྨན་ཁང་དུ་བསྐྱལ་བ།

རྒྱ་གཞུང་གི་བཙོན་ཁང་ནས་བཙོན་གྲོལ་བྱུང་མ་ཐག་པའི་ཆབ་སྲིད་བཙོན་ཟུར་གྲྭ་འཇིགས་མེད་མགོ་རིལ་ལགས་ནད་གཞི་ཚབས་ཆེན་འོག་ད་ཆ་བླ་བྲང་བསང་ཆུ་རྫོང་མི་དམངས་སྨན་ཁང་ནང་བསྐྱལ་འདུག དེའང་རྒྱ་གཞུང་གི་བཙོན་ཁང་ནང་ལོ་ ༥ རིང་བཙོན་འཇུག་ཁྲིམས་ཆད་ཕོག་པའི་བོད་མདོ་སྨད་ཀན་ལྷོ་ཁུལ་བླ་བྲང་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་འཇིགས་མེད་རྒྱ་མཚོའམ་འཇིགས་མེད་མགོ་རིལ་ལགས་འདི་ལོའི་ཟླ་ ༡༠ ཚེས་ ༢༦ ཉིན་བཙོན་གྲོལ་ཐོབ་ནས་ཉི་མ་བཅུ་གྲངས་ཤིག་གི་རྗེས་སུ་གཟུགས་གཞིར་བརྟག་དཔྱད་བྱ་ཕྱིར་ལན་ཀྲུའུ་གྲོང་ཁྱེར་དུ་ཕེབས་ཡོད་པ་རེད། སྐབས་དེར་བརྟག་དཔྱད་ཁང་གིས་ཁོང་ལ་གཅིན་སྙི་དང་སྙིང་ནད། མཆིན་ནད། དེ་བཞིན་ཁྲག་ཤེད་མཐོ་བ་དང་མིག་ནད་བཅས་ཀྱི་ན་ཚ་ཁག་ཅིག་ཡོད་པ་ནད་རྟགས་མངོན་གསལ་བྱས་འདུག ཉེ་དུས་སུ་ཁོང་གི་མིག་ནས་ཁྲག་ལྷུང་ཞིང་མིག་དམར་པོ་གྱུར་བ་དང་། མགོ་བོ་ཀྱང་ན་བ་སོགས་གཟུགས་ཁམས་ཧ་ཅང་མི་བདེ་བ་བྱུང་རྐྱེན་ཁ་སང་ཚེས་ ༢༦ ཉིན་བླ་བྲང་བསང་ཆུ་རྫོང་མི་དམངས་སྨན་ཁང་དུ་སླར་ཡང་བརྟག་དཔྱད་གནང་པར་སྨན་ཁང་གིས་གྲྭ་འཇིགས་མེད་མགོ་རིལ་ལགས་ལ་ནད་གཞི་ཚབས་ཆེན་ཕོག་ཡོད་པས་སྨན་བཅོས་སླད་ངེས་པར་དུ་སྨན་ཁང་ནང་བཞུགས་དགོས་པ་བརྗོད་དོན་ལྟར་སྨན་ཁང་དུ་སྨན་བཅོས་གནང་མུས་ཡིན་འདུག འདི་ག་རླུང་འཕྲིན་ཁང་དུ་རྒྱ་གར་ལྷོ་ཕྱོགས་ནང་བཞུགས་པའི་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཀྱི་དགེ་ཕྲུག་གྲྭ་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གནང་དོན། གྲྭ་འཇིགས་མེད་མགོ་རིལ་ལགས་འཛིན་བཟུང་མ་བྱས་སྔོན་ནད་གཞི་ཚབས་ཆེན་སོགས་གང་ཡང་མེད་ཅིང་གཟུགས་གཞི་བདེ་ཐང་ཡིན་པ་དང་།  ཕྱི་ལོ་ ༢༠༡༡ ལོར་འཛིན་བཟུང་བྱས་པ་ནས་བཟུང་གཟུགས་གཞི་བདེ་མིན་གྱི་གནས་སྟངས་འོག་གོང་རིམ་ལ་ཡང་ཡང་སྨན་པ་བསྟེན་ཞུ་རྒྱུའི་འབོད་སྐུལ་ལན་མང་བྱས་ཀྱང་། ཟླ་བ་ ༤ ཙམ་གྱི་རྗེས་ལ་མ་གཏོགས་བརྟག་དཔྱད་གང་ཡང་མ་བྱས་པར་དེ་མུར་བཞག་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་གྲྭ་འཛིགས་མེད་རྒྱ་མཚོ་ལགས་རྒྱ་གཞུང་གི་བཙོན་པའི་སྨན་ཁང་ནས་བརྟག་དཔྱད་བྱས་པའི་ནང་རྟགས་སུ་གཅིན་སྙི་ནད་གཞི་ཕོག་ཡོད་པ་ངོས་འཛིན་གྱིས་བཙོན་པའི་སྨན་ཁང་ནང་ཟུར་འཇོག་བྱས་དགོས་བྱུང་འདུག་ཅེས་གསུངས་ཡོད། གྲྭ་འཇིགས་མེད་མགོ་རིལ་ལགས་འདི་ལོ་ཕྱི་ཟླ་ ༡༠ ནང་རྒྱའི་བཙོན་ཁང་ནས་ལོ་ལྔ་རིང་གི་བཙོན་འཇུག་ཁྲིམས་ཆད་དུས་ཡུན་ཚང་རྗེས་བཙོན་གྲོལ་ཐོབ་ཡོད་ཀྱང་། རྒྱ་གཞུང་གིས་སྟངས་འཛིན་འོག་ཁོང་རང་ཉིད་ནས་གཟན་ཤམ་གྱོན་རྒྱུའི་རང་དབང་མེད་པར་རང་གི་དགོན་པར་སྡོད་དགོས་པ་དང་དེ་བཞིན་རྒྱ་གཞུང་གིས་དེ་སྔ་ཁོང་གི་ཐོབ་ཐང་ལག་འཁྱེར་དང་གློག་ཀླད། ཡིག་ཆ་ཁག དངུལ་ཁུག་སོགས་བཙན་འཁྱེར་བྱས་པ་དེ་དག་ཕྱིར་སྤྲོད་བྱས་མེད་སྟབས། ད་སྐབས་ཁོང་ལ་ཐོབ་ཐང་ལག་འཁྱེར་མེད་པའི་ངལ་བ་འཕྲད་བཞིན་ཡོད་པ་དང་ལྷག་དོན་དུ་རྒྱ་གཞུང་གིས་སྟངས་འཛིན་ཤུགས་ཆེ་འོག་ལན་ཀྲུའུ་གྲོང་ཁྱེར་གྱི་སྨན་ཁང་སོགས་སུ་བཙན་སྡོད་ཐོག་བཞུགས་ཐབས་མེད་པའི་གནས་སྟངས་ཆགས་ཡོད་པ་རེད་འདུག གཞི་རྩའི་ གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཐོག་མ་ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་ཨམྲ་བཱ་ཏིར་༸གོང་ས་མཆོག་གི་སྩལ་གནང་པའི་དུས་འཁོར་དབང་ཆེན་ཞུས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག་པ་དང་། དེ་རྗེས་ཕྱི་ལོ་ ༢༠༠༨ ལོར་དགེ་འདུན་པའི་སྒེར་ལངས་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་སླར་འཛིན་བཟུང་བྱས་ཡོད་པ་རེད། དེ་བཞིན་ ༢༠༡༠ ལོར་ཁོང་རྒྱ་ནག་གི་བཀག་ཉར་འོག་བཞུགས་ཚེ་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་ཕོག་པའི་བརྙན་པར་ཞིག་འདོན་སྤེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་གིས་ཟླ་བ་ ༦ ཙམ་བཀག་ཉར་བྱས་མཐར་ཕྱི་ལོ་ ༢༠༡༡ ལོར་ཁོང་བསྐྱར་དུ་འཛིན་བཟུང་གིས་ལོ་གཉིས་ཙམ་བཀག་ཉར་འོག་བཞག་རྗེས། ༢༠༡༤ ལོར་ཁོང་ལ་ཁྲིམས་རྩོད་པའི་ཐོབ་ཐང་གང་ཡང་མེད་པའི་ཐོག་ནས་ཁྲིམས་རྭར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ ༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་དོན་ལྟར་འདི་ལོ་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་བཙོན་གྲོལ་ཐོབ་པ་ཞིག་ཡིན་པ་རེད།

རྒྱ་གཞུང་གིས་ཆབ་སྲིད་བཙོན་ཟུར་ཚེ་དགོན་རྒྱལ་ལགས་བསྐྱར་དུ་འཛིན་བཟུང་བྱས་འདུག

རྒྱ་ནག་གཞུང་གིས་དེ་སྔ་བཙོན་ཁང་དུ་ལོ་དྲུག་རིང་བཙོན་འཇུག་ཁྲིམས་ཆད་མྱངས་པའི་བོད་མི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་ཉེ་ཆར་བསྐྱར་དུ་འཛིན་བཟུང་བྱས་འདུག རང་ལོ་ ༥༣ ཡིན་པའི་བོད་མི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་ནི། བོད་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནས་ཡིན་ཞིང། ཁོང་ནི་དེ་རྒྱ་ནག་གི་ལས་བྱེད་ཞིག་དང་། རྒྱ་གཞུང་གི་སྒྲོམ་གཞི་དང་ལས་དོན་ཁག་རྒྱུས་མངའ་ཧ་ཅང་ཡོད་པའི་མི་སྣ་ཞིག་ཆགས་ཀྱི་ཡོད་པ་རེད།  ཕྱི་ལོ་ ༡༩༩༤ ལོར་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ནས་ཚེ་དགོན་རྒྱལ་ལགས་ཕྱི་སྡོད་གསང་བའི་རྩ་འཛུགས་དང་ལག་འབྲེལ་གྱིས་བོད་རང་བཙན་ཆེད་མདོ་སྨད་གཞོན་ནུའི་འཆི་ཕོད་ཚོགས་པ་གསར་འཛུགས་གནང་པར་ཁ་གཡར་ཏེ་གསང་མྱུལ་བ་དང་གསར་བརྗེ་ངོ་ལོག་པའི་ཉེས་མིང་འོག་ལོ་ངོ་ ༡༦ རིང་བཙོན་དུ་བཅུག་དགོས་པའི་ཁྲིམས་ཐག་བཅད་པ་དང་ལོ་བཞིའི་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ཡོད་པ་རེད། སླར་ཡང་ཕྱི་ལོ་ ༡༩༩༧ ལོར་རྒྱ་གཞུང་ཁྲིམས་ཡིག་བསྐྱར་བཅོས་འོག་མཚོ་སྔོན་ཞིང་ཆེན་འབྲིང་རིམ་མི་མང་ཁྲིམས་ཁང་ཀྱིས་ཁོང་ལ་བཙོན་བཅུག་ཀྱི་དུས་ཡུན་དེ་ལོ་ ༦ དང་ཆབ་སྲིད་ཀྱི་ཁེ་དབང་ལོ་ ༢ འཕྲོག་པའི་ཉེས་ཆད་བཏང་ཡོད་པ་རེད། ལོ་ངོ་དྲུག་རིང་རྒྱ་གཞུང་གི་བཙོན་ཁང་དུ་སྡུག་སྦྱོང་མནར་བཅོད་མྱངས་རྗེས་ཕྱི་ལོ་ ༡༩༩༧ ལོར་ཚེ་མགོན་རྒྱལ་ལགས་བཙོན་འཇུག་གི་དུས་ཡུན་ཚང་ནས་གློད་གྲོལ་ཐོབ་ཡོད་འདུག དེ་རིང་ཉིན་རྒྱབ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསར་འགོད་གསལ་བསྒྲགས་ཞིག་སྤེལ་བར་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་ཟླ་བ་འདིའི་ཚེས་ ༩ ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་མི་སྣས་གླུ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་ཡོངས་བསྒྲགས་གནང་སོང་། ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༨ ལོ་ནས་བོད་ནང་ཤེས་ལྡན་མི་སྣ་མང་པོ་ཞིག་གསང་སྟབས་ཀྱིས་འཛིན་བཟུང་བྱས་པ་དང་དམ་དྲག་གྱི་བྱ་སྤྱོད་སྤེལ་བ་དེ་དག་ལ་སྐྱོན་བརྗོན་གནང་པ་དང་འབྲེལ། ད་ལན་ཆབ་སྲིད་བཙོན་ཟུར་ཚེ་དགོན་རྒྱལ་ལགས་ལྟ་བུ་རྒྱུན་དུ་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་ལྟར་མིན་པར་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ནས་འཛིན་བཟུང་བྱས་པའི་གནད་དོན་ཞིག་ཆགས་ཡོད་སྟབས། ཏན་ཏན་རྒྱབ་ལྗོངས་གནད་དོན་གལ་ཆེན་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་སོང། ལྟེ་གནས་ཁང་དེའི་ངོས་ནས་ད་ལན་རྒྱ་གཞུང་གིས་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་འཛིན་བཟུང་བྱས་དོན་གང་ཡིན་ཕྱིར་བསྒྲགས་བྱེད་དགོས་པ་དང། ཁྲིམས་རྩོད་པ་བཙལ་བའི་ཁེ་དབང་སྤྲོད་དགོས། ལུས་སེམས་བདེ་ཐང་གི་འགན་ལེན་བྱེད་དགོས། དགོས་མཁོ་སྨན་གཏུགས་ཀྱི་མཐུན་རྐྱེན་སྦྱོར་དགོས་པ་དང་དེ་བཞིན་ཁོང་གང་མགྱོགས་བཙོན་གྲོལ་གཏོང་དགོས་པ་སོགས་དོན་ཚན་བཞི་ཅན་གྱི་འབོད་སྐུལ་ཞུ་སྙན་ཞིག་རྒྱ་གཞུང་སྲིད་བློན་དང།  ཆེས་མཐོའི་ཁྲིམས་དཔོན། རྒྱལ་ཁབ་བདེ་འཇགས་འགོ་གཙོ། ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་གི་རྒྱ་ནག་སྐུ་ཚབ་བཅས་ཀྱི་མིང་ཐོག་ལ་ཕུལ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། གཞི་རྩའི་རྒྱ་གཞུང་གིས་དེ་སྔ་ཕྱི་ལོ་ ༡༩༩༤ ལོར་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་འཛིན་བཟུང་གནང་སྐབས་ཁོང་དང་ལྷན་དུ་ཀླུ་མཁར་བྱམས་ལགས་དང་གནམ་ལོ་ཡག་ལགས་བཅས་འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད་པ་རེད། ཁོང་གསུམ་ལས་ཚེ་མགོན་རྒྱལ་ལགས་བོད་དུ་བཞུགས་ཡོད་པ་དང་། ཀླུ་མཁར་བྱམས་ལགས་ད་ལྟའི་ཆར་རྡ་སར་བཞུགས་ཡོད་པ་དང་གནམ་ལོ་ཡག་ལགས་ཨོ་སི་ཊོ་ལི་ཡར་བཞུགས་ཡོད་པ་རེད། རྩ་བའི་ད་ལྟའི་ཆར་བོད་ནས་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་ལ་ལྟར་ན། ཁོང་འཛིན་བཟུང་བྱས་པ་ནས་བཟུང་ད་བར་ཉིན་གྲངས་དེ་དག་གི་ནང་དུ་རྒྱ་གཞུང་གིས་ཁོང་གི་ནང་མི་ཚོར་ཐུག་འཕྲད་བྱེད་བཅུག་མེད་པ་རེད། ཁོང་གི་ཕ་མིང་ལ་ཚེ་ལོ་དང་ད་ཆ་རང་ལོ་ ༨༣ ཡིན་པ་དང་མ་མིང་ལ་ཚེ་དབང་ཟེར་ཞིང་རང་ལོ་ ༧༩ རེད་འདུག

བསྟན་པ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག

ཉེ་ཆར་ཟླ་ ༡༢ ཚེས་ ༡༦ ཉིན་རྒྱབ་ཏུ་རྔ་བ་རྫོང་གི་རྨེའུ་རུ་མའི་རུ་ཆེན་པོ་ནས་ཡིན་པའི་བློ་ཆོས་ཚང་གི་བསྟན་པ་ལགས་ཀྱིས་ཕྱག་ཏུ་བོད་ཀྱི་རྒྱལ་དར་དཀྱིལ་དུ་༸གོང་ས་མཆོག་གི་༸སྐུ་པར་ཡོད་ཞིག་བསྣམས་ཏེ་རྔ་བ་རྫོང་ཐོག་གི་དཔའ་བོའི་སྲང་ལམ་ནས་༸རྒྱལ་བ་རིན་པོ་ཆེ་ཕྱིར་ཕ་ཡུལ་དུ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་ཞི་རྒོལ་སྐད་འབོད་གནང་སྐབས་རྒྱ་གཞུང་ཉེན་རྟོག་མི་སྣ་བཅུ་གྲངས་ཤིག་གིས་འཛིན་བཟུང་བཙན་ཁྲིད་བྱས་འདུག གཞི་རྩའི་བསྟན་པ་ལགས་ཀྱིས་ཕྱག་ཏུ་བོད་ཀྱི་རྒྱལ་དར་བསྣམས་ནས་དེའི་དཀྱིལ་དུ་༸གོང་ས་མཆོག་གི་༸སྐུ་པར་ཡོད་ཞིག་བསྣམས་ཏེ་རྔ་བ་རྫོང་ཐོག་གི་དཔའ་བོའི་སྲང་ལམ་ནས་༸རྒྱལ་བ་རིན་པོ་ཆེ་ཕྱིར་ཕ་ཡུལ་དུ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་ཞི་རྒོལ་སྐད་འབོད་གནང་བཞིན་ཁྲོམ་གཞུང་ནས་གོམ་བགྲོད་གནང་ནས་སྐར་མ་ལྔ་ཙམ་མ་བགོར་པར་དེ་མ་ཐག་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་མི་སྣ་བཅུ་གྲངས་ཤིག་གིས་གཅར་རྡུང་གཏོང་ཐོག་བཙན་ཁྲིད་བྱས་འདུག ད་ལྟའི་ཆར་ས་གནས་གང་དུ་བཙོན་འཇུག་བྱེད་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད། འདི་ག་རླུང་འཕྲིན་ཁང་དུ་ཨོ་སི་ཊོ་ལི་ཡར་བཞུགས་པའི་རྨེའུ་དཀོན་རྒྱམ་ལགས་ཀྱིས་ས་གནས་ནས་འབྱོར་བའི་གནས་ཚུལ་ཁོ་སྤྲོད་གནང་དོན། ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱབ་ཙམ་ལ་བོད་མི་བསྟན་པ་ལགས་ཀྱིས་རྔ་བ་རྫོང་ཐོག་གི་དཔའ་བོའི་སྲང་ལམ་ནས་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པ་དང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་མི་སྣ་བཅུ་གྲངས་ཤིག་གིས་དེ་མ་ཐག་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་བསྟན་པ་ལགས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ཁོང་གི་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་བྱུང་མེད་པ་རེད་ཅེས་གསུངས་ཡོད། རྩ་བའི་བསྟན་པ་ལགས་ཀྱི་ཕའི་མིང་ལ་བློ་ཆོས་དང་མའི་མིང་ལ་རྒྱལ་མོ། ད་ལྟ་ཁོང་ལོ་ན་ ༡༨ སོན་ཡོད་པ་དང་། དེ་སྔོན་རྔ་བ་ཀིརྟི་དགོན་གྲྭ་པ་གནང་མྱོང་ཞིང་རྗེས་སུ་སྐྱ་སར་བབས་ནས་འབྲོག་པའི་འཚོ་བར་རོལ་བཞིན་ཡོད་འདུག རྣམ་ཀུན་ཁོང་གིས་མི་མང་འཛོམས་སར་དཔའ་ངར་ཆེན་པོས་བོད་དོན་གླེང་སློང་གནང་མཁན་ཞིག་དང་སྤྱི་དོན་གཙོ་འཛིན་གནང་མཁན་ཞིག་ཡིན་པ་རེད་འདུག རྩ་བའི་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་བོད་མི་ཚོས་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་གནང་པ་ནས་བཟུང་སྟེ་རྒྱ་གཞུང་གིས་བོད་ཐོག་ཆེས་དམ་དྲག་ཆེ་བའི་སྲིད་བྱུས་ལག་བསྟར་བྱས་སྟབས། བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་དེར་མ་བཟོད་པར་ཞི་རྒོལ་གྱི་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། ད་བར་བོད་ནང་བོད་མི་ ༡༤༥ ཙམ་གྱིས་རང་ལུས་མེར་བསྲེགས་གནང་ཟིན་ཡོད་པ་དང་།དེའི་ཁོངས་ནས་རང་ལུས་མེར་སྲེག་གི་དོན་རྐྱེན་མང་ཤོས་བྱུང་ས་གཅིག་ནི་བོད་མདོ་སྨད་རྔ་བ་ཆགས་ཀྱི་ཡོད་པ་མ་ཟད། བོད་མི་ཁྱེར་རྐྱང་གིས་རྒྱ་གཞུང་ལ་ཞི་རྒོལ་གནང་མཁན་མང་ཤོས་བྱུང་ས་ཞིག་ཀྱང་ཆགས་ཡོད།

བཀྲ་ཤིས་རབ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྐབས་པར་ལེན་གནང་པའི་དོགས་གཞིའི་འོག་བོད་མི་གཞོན་སྐྱེས་གསུམ་འཛིན་བཟུང་བྱས་པ།

དེའང་ཟླ་ ༡༢ ཚེས་ ༨ ཉིན་དགོང་དྲོ་ཚོུད་ ༦།༠༠ ཙམ་ལ་བོད་མདོ་སྨད་རྨ་ཆུ་རྫོང་ཐོག་ཏུ་བོད་མི་བཀྲིས་རབ་བརྟན་ལགས་རང་ལུས་མེར་སྲེག་གནང་སྐབས་པར་ལེན་གནང་པའི་དོགས་གཞིའི་འོག་བོད་མི་གཞོན་སྐྱེས་གསུམ་འཛིན་བཟུང་བྱས་འདུག དེ་ཡང་དེ་རིང་འདི་ག་རླུང་འཕྲིན་ཁང་ལ་ཕ་ཡུལ་རྨ་ཆུ་ནས་ཡིན་པའི་ཁྲི་སྲོང་རྡོ་རྗེ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་པར། དེ་ཉིན་རང་སྲེག་གནང་སྐབས་པར་ལེན་གནང་པ་སོགས་ཀྱི་དོགས་གཞིའི་འོག་བོད་མི་གཞོན་སྐྱེད་གསུམ་འཛིན་བཟུང་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་ས་གནས་སུ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་གསུངས་སོང་། ད་ལྟའི་ཆར་བཀྲིས་རབ་བརྟན་ལགས་ཀྱི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་ཟིན་ཡོདཔ་དང་། ཁོང་གི་པ་ལགས་དང་ལོ་ ༡༥ ཡིན་པའི་ཁོང་གི་བུ་གཉིས་མུ་མཐུད་བཀག་ཉེར་བྱེད་མུས་ཡིན་པ་ཤེས་རྟོགས་བྱུང་འདུག དེ་མིན་ཁོང་གི་ཨ་མ་ལགས་དང་བུ་མོ། གཉེན་འབྲེལ་འཛིན་བཟུང་བྱེད་པ་རྣམས་ཀྱི་གནས་སྟངས་ཇི་ཆགས་སོགས་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མི་འདུག གཞི་རྩའི་བོད་མི་བཀྲིས་རབ་བརྟན་ལགས་ནི་རྒྱ་གཞུང་གི་དབྱེ་བའི་ཀན་སུ་ཞིང་ཆེན་ཀན་ལྷོ་ཁུལ། རྨ་ཆུ་རྫོང་ཁྲོ་ཁོ་སྨད་མའི་བྲག་ཐོག་རུ་ཆེན་ནས་ཡིན་པ་དང་། སྤྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་རྨ་ཆུ་རྫོང་ཐོག་ནས་རང་ལུས་མེར་བསྲེགས་རྗེས་སྐུ་གྲོངས་པའི་ཚེ་རིང་སྐྱིད་ལགས་ཀྱི་ཕ་བསོད་ནམས་ཡེ་ཤེས་ཀྱི་ཕུ་བོའི་བུ་བཀྲིས་རབ་བརྟན་ལགས་ཡིན་པ་དང་། འདས་པོ་ཁོང་གི་ཕ་མིང་ལ་བསྟན་འཕེལ་དང་མ་མིང་ལ་སྒྲོལ་དཀར་ཡིན་པ་རེད་འདུག ཁོང་དང་ཁོང་གི་བཟའ་ཟླ་གཉིས་ལ་ཕྲུག་གུ་ལོ་ ༡༥ ཡས་མས་ཀྱི་བུ་ཞིག་དང་བུ་མོ་རྒན་པ་གཅིག་བཅས་ཕྲུག་གུ་གཉིས་ཡོད་པ་རེད་འདུག

རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་ལ་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

བོད་མདོ་སྨད་རྔ་བ་ནང་དུ་ཟླ་བ་སྔོན་མའི་ཚེས་ ༩ ཉིན་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསོད་ནམས་ལགས་ལ་ཁྲོ་ཆུ་རྫོང་ཁྲིམས་ཁང་ནས་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་ཀྱིས་འདི་གར་གནས་ཚུལ་འགྲེལ་བརྗོད་གནང་པར་གཞིགས་ན། གྲྭ་བློ་བཟང་བསོད་ནམས་ལགས་ད་ལྟ་རང་ལོ་ ༢༣ ཡིན་པ་དང། སྔ་ལོའི་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་རྔ་བ་རྫོང་མཁར་ནས་འཛིན་བཟུང་གིས་བཙན་འཇུག་བྱས་ཡོད་པ་དང་། དུས་དེ་ནས་བཟུང་ད་བར་གར་སོང་ཆ་མེད་དུ་གྱུར་བ་མ་ཟད། རྒྱ་གཞུང་གི་ཁྲིམས་ཁང་ནས་ཁོང་ལ་ཁྲིམས་ཐད་བཅད་པ་དེའང་ཟླ་བ་གཅིག་གི་རྗེས་ལ་ཤེས་རྟོགས་བྱུང་ཡོད་པ་གསུངས་སོང་། ད་དུང་ཁོང་གིས་གསུངས་པར་ གྲྭ་བློ་བཟང་བསོད་ནམས་ལགས་ཀྱིས་དྲ་ལམ་ཐོག་བོད་དོན་དང་འབྲེལ་བའི་ཡིག་པར་རིགས་སྐུར་བ་དང་ཁྱབ་བསྒྲགས་བྱེད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་རེད་ཅེས་གསུངས་སོང་། གཞི་རྩའི་གྲྭ་བློ་བཟང་བསོད་ནམས་ལགས་ནི་རྔ་པ་རྫོང་རོང་མཁར་སར་ཡུལ་ཚོའི་རུ་ཆེན་གཉིས་པའི་ཕ་སྐལ་བཟང་དངམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་ཡིན་ཞིང་། ཕ་མ་གཉིས་ལ་ཕྲུ་གུ་བཞི་ཡོད་པའི་ནང་ནས་ཁོང་ཆེ་ཤོས་དེ་ཡིན་པ་རེད་འདུག ཁོང་རང་ཉིད་ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་ཞུགས་གནང་པ་ཞིག་རེད་འདུག དེང་ཆར་ཤེས་རྟོགས་བྱུང་བར་ཁོང་མིན་ཡང་བཙོན་ཁང་དུ་ཡོད་པ་རེད་འདུག དེ་བཞིན་ཡང་ཉེ་ཆར་ཟླ་བ་འདིའི་ཚེས་ ༦ ཉིན་བོད་མདོ་སྨད་རྔ་བ་ནང་དུ་བོད་མི་སྐྱ་སེར་བཅུ་ལ་རྒྱ་གཞུང་ཁྲིམས་ཁང་གིས་ལོ་ ༥ ནས་ ༡༤ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་ཡོད་པ་ལྟར། དེའི་ཁོངས་ནས་མི་ལ་ལའི་སྐོར་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་བར་ཕྱི་ཚེས་ ༦ ཉིན་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་སྤྲོ་ཚིགས་ཚུལ་ཁྲིམས་ལགས་ནི་ད་ལྟ་རང་ལོ་ ༣༣ ཡིན་པ་དང་། རྒྱ་གཞུང་གིས་སྔ་ལོ་ཕྱི་ཟླ་ ༡༠ ཙམ་ལ་ཁོང་འཛིན་བཟུང་བྱས་པ་ནས་བཟུང་ད་བར་གནས་སྟངས་གང་ཡིན་ཤེས་རྟོགས་ཐུབ་མེད་པ་རེད། ཁོང་ནི་དེ་སྔོན་རྒྱ་གཞུང་གི་ཁྲིམས་ཁང་དུ་ཁྲིམས་ཆད་ཕོག་མྱོང་ཡོད་པ་དང་། སྔ་ལོ་༸གོང་ས་མཆོག་གི་༸གྱ་སྟོན་སྲུང་བརྩི་དང་འབྲེལ་སྤྲོ་སྐྱིད་སོགས་ཀྱི་ལས་རིམ་སྣེ་ཁྲིད་མཁན་གྱི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག དེ་བཞིན་ཚུལ་ཁྲིམས་འམ་ཚུར་ཏེ་ལགས་ནི་དེ་ཉིན་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ད་ལྟ་རང་ལོ་༣༢ ཙམ་སོན་ཡོད་པ་རེད་འདུག སྔ་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༥ ཡས་མས་སུ་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། ཁོང་ཡང་དེ་སྔོན་ ༢༠༠༨ ལོར་ངོ་རྒོལ་སྐད་འབོད་གནང་རྐྱེན་ལོ་ ༡ ཟླ་ ༦ གི་བཙོན་འཇུག་ཁྲིམས་ཆད་མྱངས་འདུག ཡང་ཚེས་ ༦ ཉིན་ལོ་ ༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཏཱ་རེ་ཟེར་བ་དེ་ནི་བེུད་ཞིག་ཡིན་པ་དང་། ཁོང་གི་མིང་དངོས་ནི་ཏཱ་རེ་སྐྱིད་ཡིན་པ་དང་། ཁོང་ལ་དུས་རྒྱུན་ཙཀྲ་ཡང་འབོད་ཀྱི་ཡོད་འདུག དེ་མིན་མཁས་བཀྲ་ཞུ་བ་ཞིག་ལའང་དེ་ཉིན་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་སྐོར་འདུག་ཀྱང་ཁ་གསལ་ཤེས་རྟོགས་བྱུང་མེད། རྩ་བའི་ཉེ་ལམ་རྔ་བ་ཁུལ་ནས་བོད་མི་མང་པོ་ཞིག་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་ལྟར་མ་འོངས་པའང་དེ་ལྟར་ཐོན་ཉེན་ཡོད་པ་རེད། ཆེས་ཡིད་སྐྱོ་བའི་གནས་ཚུལ་དེ་ལྟར་ཐོན་དོན་ནི་རྒྱ་གཞུང་གིས་བོད་མིའི་ཐོག་ཛ་དྲག་དང་དྲང་བདེན་མིན་པའི་སྲིད་བྱུས་ལག་བསྟར་བྱེད་རྐྱེན་ཡིན་པ་རེད།

རྨ་ཆུ་རྫོང་དུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་འདུག

དེ་རིང་བོད་ནང་གི་ཕྱི་དྲོ་ཕྱག་ཚོུད་ ༦ ཡས་མས་ཙམ་ཞིག་ལ་བོད་མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་འདུག ད་ལྟའི་ཆར་བརྙན་པར་ཁག་ཅིག་ཐོན་བཞིན་པ་ལས། རང་སྲེག་གནང་མཁན་དེ་སྐྱ་སེར་ཕོ་མོ་གང་ཡིན་པ་དང་ཡུལ་ཚོ་སོགས་གང་ནས་ཡིན་པ་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག ས་གནས་རྒྱ་གཞུང་གི་སྤྱི་བདེ་ཉེན་རྟོག་པས་རྒྱལ་གཅེས་པ་དེ་ཉིད་ཀྱི་སྐུ་ལུས་རླུངས་འཁོར་ནང་འཁྱེར་འགྲོ་སྟངས་ལ་གཞིགས་ན། ཁོང་འདས་གྲོངས་སུ་གྱུུར་ཡོད་ཚོད་འདུག འདི་གར་གནས་ཚུལ་འགྲེལ་བརྗོད་གནང་མཁན་གྱིས་གསུངས་པར། རང་ལུས་མེར་སྲེག་བཏང་སྐབས་ཉེ་འཁོར་མི་ཤས་ནས་ནས་རྒྱལ་གཅེས་པ་ཁོང་གིས་བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་ཞེས་པའི་འབོད་ཚིགས་གོ་ཐོས་བྱུང་ཡོད་ཚོད་འདུག

མདོ་སྨད་རེབ་གོང་རྡོ་བ་ཁུལ་གྱི་སྡེ་དཔོན་ཟུར་པ་ཞིག་ལོ་བཞི་བཙོན་འཇུག་རྗེས་གློད་གྲོལ་བཏང་པ།

བོད་མདོ་སྨད་རེབ་གོང་རྫོང་མདོ་བ་གྲོང་རྡལ་ཡོ་ལག་སྡེ་བའི་སྡེ་དཔོན་ཟུར་པ་རྒྱ་སྟག་འམ་ཡོངས་གྲགས་སུ་ཨ་ཁུ་རྒྱ་སྟག་ཞུ་བ་ཁོང་ཉེ་སྔོན་ལོ་བཞིའི་བཙོན་འཇུག་དུས་ཡུན་ཚང་ནས་གློད་གྲོལ་བཏང་འདུག རྩ་བའི་དེ་སྔོན་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ ༡༨ ཚོགས་བཞིན་པ་དང་བསྟུན། རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་བོད་མི་མང་དག་ཞིག་ནས་རང་ལུས་མེར་བསྲེགས་གནང་པའི་ཁྲོད་བོད་མདོ་སྨད་རེབ་གོང་ནང་དུ་རང་ལུས་མེར་བསྲེགས་གནང་པའི་དོན་རྐྱེན་ ༤ ཙམ་བསྟུད་མར་བྱུང་ཡོད་པ་དང། རྒྱ་གཞུང་གིས་རེབ་གོང་ས་གནས་སུ་དམ་དྲག་ཤུགས་ཆེ་བྱེད་པའི་ཁྲོད། བོད་མི་རྣམས་ལ་བཙན་དབང་གིས་རང་ལུས་མེར་བསྲེག་གནང་རྒྱུ་མིན་པའི་གྱན་ཡིག་ཐོག་མཚན་རྟགས་བཀོད་བཅུག་པ་དང། རང་ལུས་མེར་བསྲེགས་གནང་མཁན་གྱི་ཁྱིམ་ལ་གདུང་སེམས་མཉམ་བསྐྱེད་ཞུ་བར་འགྲོ་མི་ཆོག་པའི་བཙན་བཀའ་བཏང་བ་མ་ཟད། གལ་སྲིད་དེ་ལྟར་གནང་ཚེ་བོད་མི་དེ་དག་ལ་ཁྲིམས་ལྟར་ཉེས་ཆད་གཏོང་ངེས་ཡིན་པ་དང་ཆབ་སྲིད་ཀྱི་ཁེ་དབང་ཡོངས་རྫོགས་ཕྲག་རྒྱུ་ཡིན་པ་སོགས་ཆེས་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱས་ཡོད་པ་རེད། སྐབས་དེར་བོད་མི་རྒྱ་སྟག་ལགས་ནས་རང་ལུས་མེར་བསྲེག་གནང་མཁན་གྱི་ཁྱིམ་ཚང་ལ་གདུང་སེམས་མཉམ་བསྐྱེད་ཞུ་བར་ཕྱིན་རྐྱེན་ཁོང་འཛིན་བཟུང་བྱས་རྗེས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་སྐབས་དེར་རྒྱ་སྟག་ལགས་ཀྱིས་རང་ལུས་མེར་བསྲེག་གནང་མཁན་གྱི་ཁྱིམ་དུ་ཕེབས་ནས་བོད་རང་བཙན་གྱི་གཏམ་བརྗོད་སྤེལ་ཡོད་པ་དང། དེ་ནི་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱེད་པ་རེད་བརྗོད་ནས་ཁོང་ལ་ལོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ནས་ལོ་གཉིས་ཀྱི་ཆབ་སྲིད་ཁེ་དབང་ཕྲོག་རྒྱུའི་ཉེས་ཆད་བཏང་འདུག ཁ་སང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་སྟག་ལགས་གློད་གྲོལ་བཏང་བའི་རྗེས་སུ་མཚན་མོ་གསང་བའི་ཐོག་ཉེན་རྟོག་མི་སྣས་རང་ཁྱིམ་དུ་སྐྱེལ་ཡོད་པ་དང་ནང་མི་རྣམས་ལ་གནས་ཚུལ་ཕྱིར་བསྒྲགས་བྱེད་མི་ཆོག་པའི་བཙན་བཀའ་བཏང་སྟབས། ནང་མི་ཚོས་གནས་ཚུལ་དེ་ཕྱིར་བསྒྲགས་གནང་མེད་པ་རེད། དེ་སྔོན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་རྒྱ་སྟག་ལགས་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་སྤེལ་བར་ཁྲིམས་བཤེར་སྐབས་སུ་ཁོང་གི་ནང་མི་ཉེ་འབྲེལ་གཙོས་པའི་མི་བརྒྱ་ལྷག་འབྱོར་ཡོད་པ་སོགས་རྒྱ་སྟག་ལགས་ལ་ཁྲིམས་ལྟར་ཉེས་ཆད་ཕོག་ཡོད་ཚུལ་བཤད་ཀྱང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་གིས་དུས་རྟག་ཏུ་བོད་མིའི་ཐོག་རྒྱུ་མཚན་ཇི་ཡིན་གསལ་ཁ་མེད་པར་ཁྲིམས་ཐག་འདྲ་མིན་བཅད་སྲོལ་ཡོད་པ་ལྟར། རྒྱ་སྟག་ལགས་ལ་ལུགས་མཐུན་བཞིན་ཁྲིམས་རྩོད་པའི་ཐོབ་ཐང་སོགས་རག་མེད་པ་ངོས་འཛིན་གནང་གི་ཡོད་པ་མ་ཟད། གང་ཟག་འདས་གྲོངས་སུ་ཕྱིན་ནས་ནང་མིར་གདུང་སེམས་མཉམ་བསྐྱེད་ཞུ་བ་དེ་རྒྱ་ནག་གཞུང་གི་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་གང་དང་འགལ་གྱི་མེད་སྐོར་གསུངས་ཀྱི་འདུག

Latest news