Tibetan Royal Year of 2151 | Year of the Wood Dragon

བོད།

འཕན་པོ་ལྷུན་གྲུབ་རྫོང་གི་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་རྔམ་སྟོན་གྱི་ཁྲོམ་སྐོར་གནང་འདུག

བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁོངས་འཕན་པོ་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་བརྡལ་དུ་ས་གནས་བོད་མིའི་ས་ཞིང་མང་པོ་ཞིག་རྒྱ་ནག་གཞུང་གིས་འཆར་འགོད་བྱས་པའི་འཛུགས་བསྐྲུན་ལས་གཞིའི་ཆེད་བཙན་ཕྲོག་བྱས་པ་མ་ཟད། དེ་དག་ལ་གུན་གསབ་ཀྱང་ཕྲན་བུ་ལས་མ་སྤྲད་པས་ས་གནས་ཞིང་པའི་འཚོ་རྟེན་མེད་པར་གྱུར་བའི་དཀའ་ངལ་འོག་ཞིང་པ་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཟླ་འདིའི་ཚེས་ ༡༣ དང་ ༡༤ བཅས་ཉིན་གཉིས་རིང་བེུད་བརྒྱ་ལ་ཉེ་བ་ཞིག་གིས་ལག་ཏུ་རྒྱ་གཞུང་གི་རྒྱལ་དར་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་དང་མའོ་ཙེ་ཏུང་། ཏིང་ཞའོ་ཕིང་། ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་འགོ་འཁྲིད་ལྔའི་འདྲ་པར་ཡོད་པའི་པར་སྒྲོམ་ཆེན་པོ་ཞིག་འཁྱེར་ཏེ་འཕན་པོ་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་བརྡལ་གྱི་ཁྲོམ་ལམ་དུ་ཞི་བའི་རྔམ་སྟོན་གྱི་ཁྲོམ་སྐོར་གནང་འདུག རྒྱ་གར་ནང་གནས་སྡོད་འཕན་པོ་བ་བཟང་པོ་ལགས་ཀྱིས་ཤེས་རྟོགས་བྱུང་བའི་གནས་ཚུལ་འགྲེལ་བརྗོད་གནང་དོན་ལ། ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་ཚང་མ་བུད་མེད་ཤ་སྟག་ཡིན་པ་དང་། བུས་ཞི་རྒོལ་བྱས་པ་ཡིན་ན་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་མ་ཉེས་ཁ་གཡོག་བྱས་ཏེ་ཉེས་རྡུང་གཏོང་རྒྱུར་དོགས་ཏེ་བུད་མེད་ཚོས་ཞི་རྒོལ་བྱས་པ་རེད་འདུག ཞི་རྒོལ་གནང་དོན་གཙོ་བོ་ནི། ས་གནས་མི་མང་གི་ཞིང་ཁ་མང་པོ་ཞིག་བཙན་ཕྲོག་བྱས་པ་མ་ཟད། དེ་དག་གི་གུན་གསབ་ཀྱང་ཕྲན་བུ་ལས་མ་སྤྲད་པར་བརྟེན་མང་ཚོགས་རྣམས་འུ་ཐུག་ཏེ་ཁྲིམས་མཐུན་ཞི་བའི་ངོ་རྒོལ་གནང་པ་ཞིག་ཡིན་པར་འགྲེལ་རྗོད་གནང་སོང་། ད་ལྟའི་འཆར་རྒྱ་ནག་གཞུང་གི་ངོས་ནས་ཞི་རྒོལ་གནང་མཁན་མང་ཚོགས་འཛིན་བཟུང་བྱས་པ་དང་ཉེས་རྡུང་བཏང་བ་སོགས་བྱུང་ཡོད་མེད་དང་ཁོ་ཚོའི་དགོས་འདུན་ལ་ཐག་གཅོད་གང་ཞིག་བྱུང་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད། ཡང་དེ་སྔོན་ཁུལ་དེའི་མང་ཚོགས་ཀྱི་ས་ཞིང་མང་པོ་ཞིག་རྒྱ་གཞུང་གིས་བཙན་ཕྲོག་བྱས་ཡོད་པའི་སྐོར་བཙན་བྱོལ་ནང་ཡོད་པའི་འཕན་པོ་བ་སྤེན་པ་ལགས་ཀྱིས་འགྲེལ་བརྗོད་གནང་པར་དེ་སྔོན་ཕྱི་ལོ་ ༢༠༠༧ དང་ ༢༠༠༨ ཡས་མས་ནང་དུ་ཡང་རྒྱ་གཞུང་གིས་འཕན་པོ་དགའ་ལྡན་ཆོས་འཁོར་གྱི་ཡུལ་མིའི་ས་ཞིང་མང་པོ་ཞིག་བཙན་དབང་གིས་གཞུང་བཞེས་བཏང་ཡོོད་པ་སོགས་ཀྱི་གནས་ཚུལ་འགྲེལ་བརྗོད་གནང་སོང་། སྔ་ལོ་ ༢༠༡ ༥ལོའི་ལོ་གསར་གོང་དུ་རྒྱ་གཞུང་གིས་འཕན་པོ་དགའ་ལྡན་ཆོས་འཁོར་ཉེ་འཁྲིས་ཀྱི་རྒྱུད་རོང་དང་རྒྱལ་རོང་གཉིས་ཀྱི་ཡུལ་མིའི་ས་ཞིང་མང་པོ་ཞིག་ཀྱང་བཙན་དབང་གིས་གཞུང་བཞེས་བཏང་ཡོད་སྐོར་དང་། གཞུང་བཞེས་བཏང་ཟིན་པའི་ཞིང་ཁའི་གུན་གསབ་ཀྱང་ཕྲན་བུ་ལས་སྤྲད་མེད་ཀྱང་མང་ཚོགས་ནས་གོང་རིམ་ལ་ཞུ་གཏུག་བྱ་ཡུལ་མེད་པར་གྱུར་བའི་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད། ད་ལྟའི་འཆར་ས་ཆ་དེ་དག་ཐོག་ཁང་པ་བརྒྱབ་ཏེ་འབྲོག་ས་བཙན་ཕྲོག་བྱས་པའི་བྱང་ཁུལ་འབྲོག་པ་ཁག་ཅིག་བཙན་དབང་གིས་གནས་སྤོ་བྱེད་བཅུག་ཡོད་ཅིང་། འབྲོག་པ་དེ་དག་ཀྱང་ཞིང་པའི་འཚོ་བར་ཉམས་མྱོང་དང་གོམས་འདྲིས་མེད་པ་འདི་བཞིན་འཚོ་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་འགྲེལ་བརྗོད་གནང་ཡོད།

རྒྱ་གཞུང་གིས་དགེ་བཙུན་རྣམས་ཀྱི་བདེ་འཇགས་ལ་བློ་འཚབ་ཡོད་ཚེ་དགོན་པ་མང་དུ་ཐོངས་དགོས་ཅེས་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་དགོན་པ་དང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་ཤག་གཏོར་བཤིག་གཏང་རྒྱུའི་ལས་འཆར་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་དང་འབྲེལ།  རྒྱ་གཞུང་གིས་དོན་དངོས་ཐོག་དགེ་བཙུན་རྣམས་ཀྱི་བདེ་འཇགའ་ལ་བློ་འཚབ་ཡོད་ན། དགོན་པ་མང་དུ་ཐོངས་དགོས་པ་གསུངས་འདུག རྩ་བའི་བོད་གསེར་རྟ་བླ་རུང་དགོན་སྒར་དགོན་པ་དེ་ཐོག་མར་རྙིང་མའི་བླ་ཆེན་འདུ་འཇོམས་རིན་པོ་མཆོག་གིས་ཕྱག་གཏབ་པ་ཞིག་དང། བོད་ནང་དུས་འགྱུར་རྗེས་སྙན་སྒྲགས་ཆེ་བའི་རྙིང་མའི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་བསྐྱར་གསོ་གནང་པ་ཞིག་རེད་འདུག དགོན་པ་དེ་རིམ་པས་བོད་བརྒྱུད་ནང་བསྟན་རིག་པའི་སློབ་གཉེར་ཁང་གཙོ་གྲས་ཤིག་ཏུ་གྱུར་ཏེ། བོད་ཀྱི་མདོ་དབུས་ཁམས་གསུམ་དང་རྒྱ་ནག་བཅས་ནས་གྲྭ་བཙུན་སྟོང་ཕྲག་མང་པོ་དགོན་པ་དེར་སློབ་གཉེར་གནང་ཆེད་ཕེབས་ཡུལ་གནད་ཆེ་ཞིག་ཡིན་པ་རེད་འདུག དེ་མཚུངས་སུ་དགོན་པ་དེ་བོད་ཀྱི་ནང་བསྟན་མཁས་གྲུབ་གཉིས་ཀྱི་འབྱུང་ཁུངས་ཞིག་ཀྱང་ཆགས་ཡོད་པ་རེད། དེ་ཡང་ཉིན་ཤས་གོང་རྒྱ་གཞུང་ནས་ཀྲུང་དབྱང་སྐབས་ ༦ པའི་བོད་ཁུལ་ལས་སྒྲུབ་གྲོས་མོལ་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལྟར། གསེར་རྟ་རྫོང་བླ་རུང་དགོན་པ་དང་ལྔ་རིག་ནང་བསྟན་སློབ་གླིང་དག་སྒྲིག་བཅོས་སྐྱོང་གི་བྱ་བས་ལས་འགན་ཞེས་པའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༣༠ སྔོན་ལ་བླ་རུང་སྒར་སྤྱིའི་མི་འབོར་ ༥༠༠༠ དགོས་པའི་ཚོད་འཛིན་ཐུབ་དགོས་རྒྱུ།  གྲྭ་བཙུན་གྱི་ཁང་པ་དང་། སྒྲིལ་འགལ་གྲྭ་ཁང་གསར་པ་སོགས་ཁྱོན་ཁང་པ་ ༡༥༠༠ འདི་ལོའི་ཟླ་ ༡༠ ཚེས་ ༣༠ ཉིན་གྱི་སྔོན་དུ་གཏོར་བཤིག་ཟིན་དགོས་སྐོར་དང་། དགོན་པའི་འཛིན་སྐྱོང་གི་ལས་གཞི་རྣམས་རྒྱ་ནག་གཞུང་གི་བཀོད་པའི་བཅའ་འདོད་རུ་ཁག་གི་སྟངས་འཛིན་བྱེད་དགོས་པ་སོགས་འཁོད་ཡོད་པ་རེད་འདུག རྒྱ་གཞུང་གིས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་ནས་གྲྭ་བཙུན་གྱི་བདེ་འཇགས་དང་མེ་སྐྱོན་གྱི་ཉེན་ཁང་སོགས་ལ་གཞིགས་ཏེ་ཐག་གཅོད་དེ་ལྟར་བྱས་ཡོད་པ་བརྗོད་བཞིན་ཡོད་པ་རེད། གནད་དོན་དེ་དང་འབྲེལ་ཁ་སང་ Human Rights Watch འམ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་དོན་དངོས་ཐོག་གྲྭ་བཙུན་རྣམས་ཀྱི་བདེ་འཇགས་ལ་སེམས་ཁུར་དང། ཆོས་དད་རང་དབང་ལ་བརྩིས་བཀུར་ཞུ་བཞིན་ཡོད་ཚེ་ བོད་མི་དང་ནང་པའི་དད་ལྡན་པ་རྣམས་ལ་དགོན་པ་གང་མང་བརྒྱག་བཅུག་དགོས་པ་གསུངས་འདུག ལྟ་ཞིབ་ཚོགས་པའི་རྒྱ་ནག་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས་རྒྱ་ནག་གཞུང་གིས་དགོན་པ་དང་ཆོས་སྡེ་ཆེ་ཆུང་གང་ཡིན་དང་གྲྭ་བཙུན་མང་ཉུང་གི་གྲངས་འབོར་སོགས་ལ་ཚོད་འཛིན་ནམ་ཡང་བྱེད་རྒྱུ་མེད་སྐོར་དང་། ལྷག་དོན་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བརྩི་བཀུར་དང་མཐོང་ཆེན་སྤྲོད་ནས་དེ་དག་གི་དད་མོས་ལ་ཐག་གཅོད་བྱ་མི་རུང་བ་མ་ཟད། ཅི་ཏེ་རྒྱ་གཞུང་ནས་བླ་རུང་སྒར་དགོན་པར་གྲྭ་བཙུན་མང་དྲག་པ་མཐོང་ཚེ་དེར་དགོན་པ་གང་མང་བརྒྱག་རྒྱུའི་ཆོག་མཆན་སྤྲོད་དགོས་པ་སོགས་གསུངས་འདུག

ཐེའུ་རང་ལགས་ཀྱིས་བོད་ཀྱི་ཁོར་ཡུག་རྩ་བཏོར་འགྲོ་བཞིན་པར་སེམས་ཚོར་གྱི་རྩོམ་ཡིག་ཞིག་སྤེལ་འདུག

བོད་ནང་དུ་བཅའ་བཞུགས་བོད་པའི་ན་གཞོན་རྩོམ་པ་པོ་གྲགས་ཅན་དང་ཆབ་སྲིད་བཙོན་ཟུར་ཐེའུ་རང་ལགས་ཀྱིས་བོད་ཀྱི་ཁོར་ཡུག་རྩ་བཏོར་འགྲོ་བཞིན་པར་སེམས་ཚོར་གྱི་རྩོམ་ཡིག་ཞིག་སྤེལ་འདུག དེའང་བོད་ཀྱི་རྩོམ་པོ་གྲགས་ཅན་ཐེའུ་རང་ངམ་བཀྲིས་རབ་བརྟན་ལགས་ཀྱིས་རྒྱ་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་ཐོག་སྤེལ་བཞིན་པའི་ཚབས་ཆེའི་ལས་གཞི་དང། ད་ལྟའི་བོད་ནང་གི་ཁོར་ཡུག་གནས་སྟངས་སོགས་ཐེར་བཏོན་གྱིས་མི་དེ་དག་ཞེས་ཟུར་ཟའི་སྙན་རྩོམ་ཞིག་ཕྱག་བྲིས་གནང་འདུག ཁོང་གི་ཟླ་བ་སྔོན་མའི་ཚེས་ ༢༢ ཉིན་སྙན་རྩོམ་དེ་ཕྱག་བྲིས་གནང་འདུག་ཀྱང་། ཉེ་ཆར་གཞི་ནས་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་ཕྱི་འགྱར་བྱུང་ཡོད་པ་རེད། ཁོང་གིས་བརྩམས་པའི་ཟུར་ཟའི་སྙན་རྩོམ་དེར་ཁྱོན་ཡིག་ཕྲེང་ ༡༥ འདུག་པ་དང། ཡིག་ཕྲེང་གི་དུམ་མཚམས་དང་པོ་དང་གཉིས་པའི་ནང་། ཐོག་མར་མི་དེ་དག་བོད་ལ་མགྲོན་དུ་སླེབས་ཡོད་ཀྱང། ཕྱིས་སུ་བོད་ཀྱི་ས་ཁུལ་དུ་གཞི་རྟེན་ཆགས་ཏེ་བོད་མཐོ་སྒང་གི་རང་འབྱུང་ཁོར་ཡུག་གི་དྭངས་གཙང་ཆུ་བོ་རྣམས་སྦགས་བཙོག་བཟོས་པ་དང། ནགས་ཚལ་དང་རྩ་ཐང་རྣམས་རྩ་མེད་དུ་གཏོང་བཞིན་ཡོད་པ་མ་ཟད། ཞིང་ཁ་སོགས་སུ་རྫས་ལུས་མི་གཙང་བ་རིགས་བརྒྱབ་པ་སོགས་ཀྱིས་བོད་ཀྱི་རང་འབྱུང་ཁོར་ཡུག་དང་རི་དྭགས་རྣམས་ལ་དོག་ཕོགས་ཆེན་པོ་འགྲོ་བཞིན་ཡོད་པའི་གནང་ཚུལ་ཁག་ཐེར་བཏོན་གནང་འདུག ད་དུང་ཁོང་གིས་མི་དག་ནས་བོད་ཀྱི་ས་ཆ་རྣམས་བཙན་དབང་གིས་བགོས་ཤ་བརྒྱབ་པ་དང། ར་བ་སྐོར་བ། རྟ་ལུག་ནོར་གསུམ་ཇི་ཉུང་དུ་བཏང་བ། དྲག་གནོན་དང་བཙན་དབང་གིས་བོད་ཀྱི་ས་ཁུལ་དུ་ཡོད་པའི་གསེར་དང་གཏེར་ཁ་རྣམས་ཕྱི་ལ་འོར་འདྲེན་བྱེད་བཞིན་ཡོད་གསལ་བཏོན་གནང་བ་དང་འབྲེལ། ལྷག་དོན་ལས་གཞི་དེ་དག་ཐོག་ཞི་རྒོལ་བྱེད་མཁན་བོད་མི་ཚོར་ཁྲིམས་དང་སྲིད་བྱུས། འཆམ་མཐུན་བཅས་བྱེད་དགོས་པར་ཁ་གཡར་ཏེ་དོན་དངོས་ཐོག་ཁོང་རྣམས་ལ་དོ་དམ་དང། བཙོན་འཇུག་སོགས་བྱས་ཡོད་སྐོར་འགྲེལ་བརྗོད་ཀྱང་གནང་འདུག ཐེའུ་རང་ལགས་ནི། བོད་ནང་གཞོན་སྐྱེས་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་མ་ཟད། ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། ༢༠༠༩ ལོར་ཁོང་གིས་ཁྲག་ཡིག་ཞེས་པའི་དཔེ་དེབ་བྲིས་རྩོམ་གྱིས་འགྲེམས་སྤེལ་བྱས་པའི་རྗེས་སུ། ༢༠༡༠ ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཁོང་འཛིན་བཟུང་བྱས་ནས་ལོ་གཅིག་ལྷག་རིང་ཁྲིམས་བཤེར་གང་ཡང་མ་བྱས་བར་བཀག་བསྐྱིལ་བྱས་ཡོད་པ་རེད། དེ་རྗེས་སླར་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༦ ཚེས་ ༢ ཉིན་རྔ་པ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་རྒྱལ་ཁབ་ཁ་བྲལ་རིང་ལུགས་པའི་ཉེས་འཛུགས་འོག་ལོ་ ༤ རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ནས་སྔ་ལོ་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་བཙོན་གྲོལ་བཏང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བོད་ནང་གི་གནས་ཚུལ་གཞན་ཞིག་ཐོན་པར་གཞིགས་ན། དེ་སྔོན་རྒྱ་ནག་གཞུང་གིས་གསང་བ་ཕྱིར་བསྒྲགས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་པའི་བོད་མདོ་སྨད་རྔ་པ་རྨེའུ་རུ་མ་རུ་ཆེན་གསུམ་པའི་ཚེ་རིང་འཚོ་ལགས་ཁ་སང་ཟླ་ ༦ ཚེས་ ༩ ཉིན་གློད་བཀྲོལ་བཏང་འདུག

མཚོ་ལྷོ་རྟ་ནག་མ་ཡུལ་ཚོའི་བོད་མིའི་མགྲོན་ཁང་དང་ཟ་ཁང་སོགས་བཙན་དབང་གིས་གཏོར་བཤིག་བཏང་འདུག

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་རྟ་ནག་མ་ཡུལ་ཚོའི་ས་གནས་བོད་མི་ཚོས་མཚོ་སྔོན་པོར་ཡུལ་སྐོར་ཡོང་མཁན་ཚོར་དམིགས་ནས་སོ་སོའི་ས་ཐོག་ཏུ་ཟ་ཁང་དང་མགྲོན་ཁང་སོགས་གཉེར་ནས་འཚོ་ཐབས་བྱེད་བཞིན་ཡོད་ཀྱང་། ས་གནས་རྒྱ་གཞུང་གིས་ཆོག་མཆན་མེད་པར་གང་བྱུང་ཟ་ཁང་དང་མགྲོན་ཁང་སོགས་གཉེར་མི་ཆོག་ཅེས་བཙན་བཀའ་བཏང་བ་མ་ཟད། ལྷག་དོན་ཉེ་ཆར་ཟླ   ་འདིའི་ཕྱི་ཚེས་ ༡ ཙམ་ནས་བཟུང་དྲག་ཆས་དམག་མི་ཆེད་བཏང་གིས་དྲག་ཤུགས་སྤྱོད་ནས་ས་གནས་བོད་མིའི་ཟ་ཁང་དང་མགྲོན་ཁང་། ཚོང་ཁང་རྣམས་བཙན་དབང་གིས་གཏོར་བཤིག་བཏང་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ལ་ས་གནས་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་པར་ས་གནས་རྒྱ་གཞུང་གིས་བོད་མིའི་ཟ་ཁང་དང་མགྲོན་ཁང་སོགས་གཏོར་བཤིག་གཏོང་དོན་གཙོ་བོ་ནི། མཚོ་སྔོན་པོ་ནི་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོང་སའི་ལྟེ་གནས་གལ་ཆེ་ཞིག་ཡིན་པ་དང་། མཚོ་སྔོན་པོ་མཚོ་ཉིན་ལྔ་གཅིག་ལྔ་དང་ཕྱི་གླིང་གཉིས་ནི་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོང་སའི་ས་གནས་གནད་ཆེ་ཞིག་ཡིན་སྟབས། ས་གནས་དེ་གཉིས་མཉམ་རུབ་ཐོག་ནས་མཚོ་སྔོན་པོའི་གཡས་གཡོན་དུ་ཡོད་པའི་བོད་པའི་ཟ་ཁང་དང་མགྲོན་ཁང་། ཚོང་ཁང་སོགས་མེད་པར་བཟོ་བཅུག་ཡོད་པ་རེད་འདུག་ཅེས་གསུངས་སོང་། ད་དུང་ཁོང་གིས་ལྔ་གཅིག་ལྔ་དང་ཕྱི་གླིང་གཉིས་ཀྱི་མགྲོན་ཁང་དང་ཟ་ཁང་སོགས་རིན་གོང་ཧ་ཅང་ཆེན་པོ་ལེན་གྱི་ཡོད་པར་བརྟེན། ས་གནས་དེར་ཡོད་བོད་མི་ཚོས་རིན་གོང་དམའ་བོའམ་འོས་འཚམས་ལེན་པར་བརྟེན་ཡུལ་སྐོར་བ་ཕལ་མོ་ཆེ་ས་གནས་བོད་མིས་གཉེར་བའི་ཟ་ཁང་དང་མགྲོན་ཁང་། ཚོང་ཁང་བཅས་ལ་འགྲོ་གྱི་ཡོད་སྟབས། ས་གནས་རྒྱ་གཞུང་གིས་བོད་མིའི་ཟ་ཁང་དང་མགྲོན་ཁང་སོགས་ལ་ཆེད་དམིགས་ཀྱིས་གཏོར་བཤིག་བཏང་ཡོད་སྐོར་གསུངས་ཀྱི་འདུག གཞི་རྩའི་ས་གནས་དེར་བོད་རིགས་མང་ཚོགས་ཀྱིས་གཉེར་བའི་ཟ་ཁང་ནང་བོད་པའི་འབྲོག་ཟས་ཤ་དང་། མར། རྩམ་པ་སོགས་འབྲོག་ཟས་དུ་མ་ཡོད་པ་དང་། མགྲོན་ཁང་དུའང་མགྲོན་ཁང་གཞན་ལས་རིན་གོང་ཁེ་བ་ཡོད་འདུག ལྷག་དོན་དུ་ཁུལ་དེའི་འབྲོག་པ་ཚོས་དབྱར་དུས་སུ་སྤྲོ་སྐྱིད་གླིང་ཞེས་འབྲོག་པའི་སྒར་བཙུགས་པ་དང་་དེ་དང་མཉམ་དུ་རྟ་བཞོན་ནས་པར་ལེན་པ་དང་ཡང་ན་སེམས་ཅན་ལུག་དང་གཡག་སོགས་བཞོན་བཅུག་ནས་པར་ལེན་པ་བཅས་ལ་བརྟེན་ནས་སོ་སོའི་ཡོང་སྒོ་གསོག་གི་ཡོད་པ་རེད་འདུག་ རྩ་བའི་འདི་ལོའི་ཟླ་ ༦ ཚེས་ ༡ ནས་བཟུང་རྒྱ་གཞུང་གིས་གནས་དེར་དམག་མི་ཧ་ཅང་མང་པོ་མངགས་ནས་བོད་པའི་མགྲོན་ཁང་དང་ཟ་ཁང་སོགས་ཚང་མ་བཙན་དབང་གིས་གཏོར་བཤིག་བཏང་ཡོད་སྟབས། ཟ་ཁང་དང་མགྲོན་ཁང་། ཚོང་ཁང་སོགས་ཀྱི་བདག་པོ་བོད་མིས་གོང་རིམ་ལ་ཞུ་གཏུགས་ཐེངས་མང་བྱས་ཀྱང་། དེར་ཕན་འབྲས་གང་ཡང་མ་སོན་པར་དེ་ལས་ལྡོག་སྟེ་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་སོགས་ཀྱི་བདག་པོ་ཁ་ཤས་ཀྱང་འཛིན་བཟུང་བྱས་འདུག ད་ལྟའི་ཆར་རྟ་ནག་མ་ཡུལ་ཚོའི་བོད་མི་རྣམས་ཀྱི་འཚོ་རྟེན་མེད་པ་དང་། ཡུལ་མི་ཚོ་སྡོད་ཁང་མེད་པར་རས་གུར་ཕུག་ནས་བསྡད་མཁན་ས་གནས་བོད་མི་ ༣༠༠ ཙམ་ཡོད་པ་རེད།

གཙང་དགོན་པའི་གྲྭ་ཚུལ་བཟང་རྒྱ་མཚོ་ལགས་གློད་བཀྲོལ་ཐོབ་འདུག

དེའང་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྣེ་འཁྲིད་པ་གཙོས་གྲས་ཡིན་པར་ངོས་འཛིན་གྱིས་ལོ་ ༩ རིང་བཙོན་འཇུག་ཁྲིམས་ཆད་ཕོག་པའི་གཙང་དགོན་པའི་གྲྭ་ཚུལ་བཟང་རྒྱ་མཚོ་ལགས་གློད་བཀྲོལ་ཐོབ་འདུག     གཞི་རྩའི་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༩ ཉིན་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་སྐབས་བོད་མདོ་སྨད་ཨ་མདོ་གཙང་དགོན་པར་བོད་མི་སྐྱ་སེར་མང་པོས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་འཕྱར་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཞེས་ཞི་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་གནང་མཁན་བོད་མི་མང་དག་ཞིག་འཛིན་བཟུང་བྱས་པ་ལྟར། གཙང་དགོན་པའི་གྲྭ་ཚུལ་བཟང་རྒྱ་མཚོ་ལགས་ཀྱང་སྐབས་དེར་འཛིན་བཟུང་བྱས་པས་ཟླ་བ་བཞི་ལྔ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། དེ་རྗེས་ ༢༠༠༨ ཟླ་ ༤ ཚེས་ ༩ ཉིན་འབའ་རྫོང་ནས་གཙང་དགོན་པའི་གྲྭ་ཚུལ་བཟང་རྒྱ་མཚོ་ལགས་ཞི་རྒོལ་གྱི་ལས་འགུལ་དེའི་སྣེ་འཁྲིད་པ་གཙོ་གྲས་ཡིན་པའི་ཉེས་མིང་འོག་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་འཛིན་བཟུང་བྱས་སྟབས། མཚོ་སྔོན་ཞིང་ཆེན་དུ་ལོ་ ༩ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། རྒྱ་གཞུང་གིས་ལོ་གཅིག་ཆག་ཡང་བཏང་ནས་འདི་ལོའི་ཟླ་ ༣ པའི་གསང་སྟབས་ཀྱིས་བཙོན་གྲོལ་བཏང་ཡོད་པ་རེད་འདུག སྐབས་དེར་ཁོང་གི་ནང་མི་ཉེ་འབྲེལ་གཙོས་པའི་ས་གནས་བོད་མི་རྣམས་ནས་ཁོང་ལ་ཕེབས་བསུ་སྣེ་ལེན་དང་མཇལ་དར་བསྒྲོན་མི་ཆོག་པ་དང་། དེ་བས་ཀྱང་ཁོང་བཙོན་ཐོབ་ནས་ཕྱིར་ནང་དུ་འབྱོར་སྐོར་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱ་མི་ཆོག་པའི་བཙན་བཀའ་བཏང་འདུག རྒྱ་གཞུང་གིས་ཆེས་དམ་དྲག་འོག་ཁོང་གི་གནས་སྟངས་ཇི་ཡོད་དང་བཙོན་གྲོལ་ནམ་ཐོབ་མིན་གྱི་ཟླ་ཚེས་སོགས་ཞིབ་ཕྲའི་གནས་ཚུལ་ད་བར་བརྒྱུད་ལམ་ཁག་ཏུ་གསལ་ཐོན་བྱུང་མེད་པ་རེད། དེ་བཞིན་ཁོང་གི་ནང་མི་ཚོར་ཕྱི་ཕྱོགས་ནས་འབྲེལ་ལམ་བྱེད་དཀའ་བའི་གནས་སྟངས་འོག་གནས་བཞིན་ཡོད་འདུག རྩ་བའི་ཚུལ་བཟང་རྒྱ་མཚོ་ལགས་དེ་སྔོན་ ༢༠༠༤ ལོར་བཙན་བྱོལ་དུ་འབྱོར་ནས་༸གོང་ས་མཆོག་གི་ལྷ་མཇལ་ཞུ་རྒྱུ་བྱུང་ཡོད་པ་དང་། དེ་རྗེས་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པར་ལོ་ཤས་རང་སློབ་གཉེར་གནང་པ་དང་། ༢༠༠༧ ལོར་ཕྱིར་ཕ་ཡུལ་དུ་ཕེབས་ནས་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ས་ཡ་དྲུག་གི་བདེན་འཐབ་སླད་ཞི་རྒོལ་ཤུགས་ཆེ་གནང་པས་མི་ལི་ ༩ ལྷག་རིང་བཙོན་འཇུག་བྱས་ཡོད་པ་རེད།

བོད་མདོ་སྨད་རྔ་པ་ནས་དགེ་འདུན་པ་ཞིག་གིས་སླར་རྒྱ་གཞུང་ལ་ཞི་རྒོལ་རྔམ་སྟོན་གནང་འདུག

དེ་རིང་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༤ ཙམ་ལ་རྔ་བ་ཀིརྟི་དགོན་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་ཀྱིས་རྔ་བ་རྫོང་ཐོག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཁའ་དབྱིངས་སུ་འཕྱར་ནས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ ༸སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཅེས་ཞི་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་གནང་མ་ཐག་ས་གནས་ཀྱི་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་འཛིན་བཟུང་བྱས་འདུག ད་ལྟའི་ཆར་ཁོང་ས་གནས་གང་དུ་བཙོན་འཇུག་བྱེད་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡིན་ཤེས་རྟོགས་ཐུབ་མེད། རྩ་བའི་གྲྭ་བློ་བཟང་ཚེ་རིང་ལགས་ནི་རང་ལོ་ ༢༠ སོན་ཡོད་པ་དང་ཕ་སྔོ་རེས་དང་མ་གཡུ་ཁོ་གཉིས་ཀྱི་བུ་ཡིན་ཞིང་། ད་ལྟ་ཕར་ཕྱིན་ལོ་རིམ་གསུམ་པར་སློབ་གཉེར་གནང་མུས་ཡིན་འདུག རྩ་བའི་འདས་པའི་འདས་པའི་ལོ་ཤས་ནང་བོད་མདོ་སྨད་རྔ་པ་དང་མདོ་ཁམས་ལི་ཐང་། དེ་བཞིན་དཀར་མཛེས་བཅས་བོད་ཀྱི་ས་ཁུལ་འདྲ་མིན་ནང་བོད་རྣམས་ཁེར་རྐྱང་གིས་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུར་པར་བསྣམས་ཏེ་ ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དང་བོད་ལ་རང་དབང་དགོས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ནས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད། ལྷག་དོན་ས་གནས་ཀྱི་ཆ་ནས་བོད་མི་ཁེར་རྐྱང་གིས་ཞི་རྒོལ་མང་ཤོས་གནང་མཁན་བྱུང་ས་བོད་མདོ་སྨད་ཨ་མདོ་རྔ་པ་ཆགས་ཀྱི་ཡོད་པ་དང་། ཁུལ་དེར་ཞི་རྒོལ་གནང་མཁན་བོད་མི་ཁྱོན་ ༡༤ ཙམ་བྱུང་ཡོད་པ་རེད། རྔ་པ་ཁུལ་དུ་ཟླ་བ་སྔ་མའི་ནང་ཞི་བའི་ངོ་རྒོལ་གནང་མཁན་དགེ་འདུན་པ་ཐུབ་བསྟན་ལགས་ཆགས་ཀྱི་ཡོད་པ་དང་། ཁོང་ནས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢ ཉིན་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བསྣམས་ཏེ་རྔ་པ་ཁུལ་གྱི་དཔའ་བོའི་གསང་ལམ་ནས་རྔ་པ་རྫོང་ཐོག་བར་གོམ་བགྲོད་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པར་བརྟེན་རྒྱ་གཞུང་ཉེན་རྟོག་མི་སྣས་དེ་མ་ཐག་ཁོང་འཛིན་བཟུང་བྱས་ཡོད་པ་རེད།

རྒྱ་གཞུང་ནས་གསེར་རྟ་བླ་རུང་སྒར་ནང་མི་འབོར་ཚོད་འཛིན་གྱི་བཀའ་རྒྱ་བཏང་འདུག

རྒྱ་ནག་གཞུང་ནས་བོད་གསེར་རྟ་བླ་རུང་དགོན་པ་དང་ལྔ་རིག་ནང་བསྟན་སློབ་གླིང་སྤྱིའི་མི་འབོར་ ༥༠༠༠ ལ་ཚོད་འཛིན་དང་སྡོད་ཁང་༡༥༠༠ གཏོང་རྒྱུའི་གསལ་བསྒྲགས་ཤིག་སྤེལ་འདུག   དེ་ཡང་ཉིན་ཤས་གོང་རྒྱ་གཞུང་ནས་ཀྲུང་དབྱང་སྐབས་ ༦པའི་བོད་ཁུལ་ལས་སྒྲུབ་གྲོས་མོལ་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་གཉིས་ཀྱི་དགོངས་དོན་གསེར་རྟ་རྫོང་བླ་རུང་དགོན་ལྔ་ནང་བསྟན་སློབ་གླིང་དག་སྒྲིག་བཅོས་སྐྱོང་གི་བྱ་བས་ལས་འགན་ཞེས་པའི་གསལ་བསྒྲགས་ཤིག་སྤེལ་ནས་། དེའང་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༣༠ སྔོན་ལ་བླ་རུང་སྒར་སྤྱིའི་མི་འབོར་ ༥༠༠༠ དགོས་པའི་ཚོད་འཛིན་བྱས་འདུག གསལ་བསྒྲགས་དེའི་ནང་གསལ་བར། འདི་ལོ་ ༢༠༡༦ ནང་བླ་རུང་སྒར་སྤྱི་ནས་མི་གྲངས་ ༢༢༠༠ ཕྱིར་འགྲོ་དགོས་པ་དང་། དེའི་ནང་ནས་དགེ་བསྙེན་ ༡༠༠༠ ལྷག་ལོགས་སུ་དགར་རྒྱུ་དང་། གྲྭ་བཙུན་ ༡༢༠༠ ཕྱིར་འཕུད་དགོས་ཤིང། དེའི་ནང་དུ་མ་མཐའ་ཡང་ཞིང་ཆེན་གཞན་པའི་གྲྭ་བཙུན་ ༦༠༠ དགོས་ཀྱི་ཡོད་པ་བརྗོད་འདུག ལྷག་པར་དུ་འདི་ལོ་ཕྱི་ཟླ་ ༡༠ ཚེས་ ༣༠ སྔོན་ལ་གྲྭ་བཙུན་ ༡༢༠༠ ཕྱིར་འཕུད་ཀྱི་ལས་གཞི་ལེགས་འགྲུབ་དགོས་པ་བཤད་འདུག་པ་མ་ཟད། ལོ་རྗེས་མའི་ ༩ ཚེས་ ༣༠ ཉིན་མི་གྲངས་ ༥༠༠༠ ལ་ཚོད་འཛིན་མ་ཐུབ་པ་ཤེས་ཚེ། དངོས་ཡོད་མི་གྲངས་ཀྱི་མིང་ཐོ་དང་བསྟུན་ནས་ ༢༠༡༧ ལོར་ཕྱིར་འཕུད་མི་གྲངས་ཇེ་མང་དུ་གཏོང་རྒྱུའི་ཉེན་བརྡ་ཡང་བཏང་འདུག ད་དུང་རྒྱ་གཞུང་གི་གསལ་བསྒྲགས་དེའི་ཐོག་ནས་ལས་འགན་གཙོ་བོ་གཞན་ཞིག་ནི་ ༢༠༡༣ ལོ་ནས་ད་བར་ཕྱིར་འཕུད་བྱས་པའི་གྲྭ་བཙུན་གྱི་ཁང་པ་དང་། སྒྲིལ་འགལ་གྲྭ་ཁང་གསར་པ་སོགས་ཁྱོན་ཁང་པ་ ༡༥༠༠ འདི་ལོའི་ཟླ་ ༡༠ ཚེས་ ༣༠ ཉིན་གྱི་སྔོན་དུ་གཏོར་བཤིག་ཟིན་དགོས་སྐོར་དང་། དགེ་བསྙེན་ཚོའི་གླིང་ལོགས་སུ་བཀར་ཏེ་སྒར་དང་དགེ་བསྙེན་རྣམས་བསྲེ་མཚམས་ནས་རྨིད་ ༣༠ བར་གྱི་འཛུགས་སྐྲུན་རྣམས་བཤིག་ནས་བར་ཐག་ཕྱེ་རྒྱུ་ཡིན་སྐོར་བརྗོད་འདུག རྩ་བའི་རྒྱ་གཞུང་གིས་སྔ་ལོ་ ༢༠༡༥ དེ་སྔོན་ ༢༠༡༣ དང་ ༢༠༡༢ དེ་བཞིན་ ༢༠༠༠ ཐམ་པ་བཅས་ལོ་སོ་སོར་གསེར་རྟ་བླ་རུང་གྱི་གྲྭ་བཙུན་རྣམས་ཀྱི་ཤག་གཏོར་བཤིག་བཏང་ནས་དགེ་བཙུན་མང་དག་ཅིག་བཙན་འཁྲིད་བྱས་པ་དང་། ལྷག་དོན་ ༢༠༡༣ ལོར་དབུས་གཙང་ཕྱོགས་ནས་སློབ་གཉེར་ཆེད་ཕེབས་མཁན་གྲྭ་བཙུན་དུ་མར་བཙན་འཁྲིད་ཀྱིས་རང་ཡུལ་དུ་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་པ་རེད།

རྒྱ་གཞུང་གིས་ཨ་མཆོག་ཡུལ་ཚོའི་བོད་མི་དྲུག་གློད་བཀྲོལ་བཏང་འདུག

དེའང་ཕྱི་ཟླ་ ༥ ཚེས་ ༣༡ ཉིན་ནས་འགོ་འཛུགས་ཀྱིས་ཉིན་གྲངས་ཁ་ཤས་རིང་ཀན་ལྷོ་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་ཚོས་རྒྱ་གཞུང་གཏེར་འདོན་ཚན་པས་ཁུལ་དེའི་བླ་རི་ནས་གཏེར་ཁ་སྔོག་འདོན་ལ་འགོག་རྒོལ་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བའི་ཁྲོད་ནས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་སྣེ་ཁྲིད་པ་རྣམས་གཙོས་བོད་མི་དྲུག་ལ་རྒྱ་གཞུང་ཉེན་རྟོག་པས་རྡུང་རྡེག་ཚབས་ཆེ་བཏང་རྗེས་བོད་མི་གཉིས་ཞིང་ཆེན་སྨན་ཁང་དུ་དུ་སྐྱེལ་དགོས་བྱུང་བ་མ་ཟད། ལ་ལ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་རྗེས་ས་གནས་བོད་མི་ཚོས་གཏེར་འདོན་མཚམས་འཇོག་དང་འཛིན་བཟུང་བྱས་པའི་བོད་མི་དེ་དག་གློད་བཀྲོལ་དགོས་པའི་དགོས་འདུན་འོག་མང་ཚོགས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཞི་རྒོལ་གནང་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འཛིན་བཟུང་བྱས་པའི་ཡུལ་མི་དྲུག་ཁ་ཉིན་ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཚོུད་ ༡༠།༠༠ རྗེས་སུ་ཨ་མཆོག་ཝ་སྣ་སྡེ་བའི་མནའ་བཅད་དང་ཉི་མ་ལུང་གི་དོན་གྲུབ་དང་རྟ་མགྲིན་སྐྱབས། ཨ་མགོན་སྡེ་བའི་ནང་ནས་ཚེ་དབང་སྐྱབས།གཞནམགོན་རྒན་སོགས་གློད་བཀྲོལ་བཏང་ཡོད་པ་རེད། གཞན་ཡང་གནས་ཚུལ་ཡོང་ཁུངས་ནས་ཤེས་རྟོགས་བྱུང་བ་ལྟར་ན། གོང་གསལ་འཛིན་བཟུང་བྱས་པའི་མི་སྣ་དེ་དག་མཚན་མོ་ཚོུད་ ༡༠།༠༠ རྗེས་ནས་མི་རེ་རེ་བཞིན་བཙོན་གྲོལ་བཏང་སྟེ་ཕ་ཡུལ་དུ་མངགས་པ་དང་། རང་ཁྱིམ་དུ་འབྱོར་ཁར་སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་སྡེ་བའི་ནང་བཅའ་སྡོད་རྒྱ་གཞུང་ལས་བྱེད་རུ་ཁག་གི་མི་གཅིག་དང་ཁྱིམ་བདག་མི་གཅིག་རེ་བྱས་ཏེ་རྩིས་ལེན་བྱས་ཡོད་པ་རེད་འདུག ད་དུང་སྒོ་འགྲམ་དུ་འབྱོར་ཁར་བསང་གཏོར་བ་དང་ཁ་བཏགས་འཐེན་པ། ཤོག་སྦག་སྤར་བ་ཀི་འདེབས་པ་སོགས་མི་ཆོག་པའི་བཙན་བཀག་བཏང་འདུག རྩ་བའི་མང་ཚོགས་ཀྱིས་ཞི་རྒོལ་གནང་སྐབས་འགྲེམས་འཇོག་བྱས་པའི་ཉེན་རྟོག་དམག་མིའི་རླངས་འཁོར་རྣམས་ཀྱང་ཕྱི་ཚེས་ ༥ ནས་བཟུང་ཕྱིར་འཐེན་བྱས་ཡོད་པ་རེད་འདུག

རྒྱ་གཞུང་ནས་ཨ་མཆོག་ནང་གི་ལས་འགུལ་དེ་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཏུ་བཤད་འདུག

རྒྱ་གཞུང་ནས་ཨ་མཆོག་མང་ཚོགས་ཀྱི་ཞུ་འབོད་ལ་གསན་འཇོག་བྱ་རྒྱུ་ལས་ལྡོག་སྟེ། བོད་མིའི་ཞི་བའི་ལས་འགུལ་དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཏུ་བཤད་འདུག      དེ་ཡང་ཟླ་བ་སྔོན་མའི་ཚེས་༣༡ ནས་མདོ་སྨད་བསང་ཆུ་རྫོང་ཁོངས་ཨ་མཆོག་ཡུལ་ཚོའི་མང་ཚོགས་ནས་རྒྱ་གཞུང་གིས་ཁུལ་དེའི་བླ་རིར་གཏེར་ཁ་འདོན་གྱི་ལས་གཞི་མཚམས་འཇོག་དགོས་པའི་ཞི་འབོད་ལས་འགུལ་མུ་མཐུད་སྤེལ་ཏེ་དེ་རིང་ཉིན་བདུན་པ་དེ་ཡིན་པ་རེད། རྒྱུད་རིམ་དེའི་ཁྲོད་ས་གནས་མང་ཚོགས་ནས་ཨ་མཆོག་ཡུལ་ཚོའི་བླ་རིའི་གཏེར་ཁ་སྲུང་སྐྱོབ་དགོས་སྐོར་དང་འབྲེལ། ས་གནས་སྲིད་གཞུང་ལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་བརྩི་སྲུང་ཞུས་ནས་ཁོར་ཡུག་སྲུང་སྐྱོབ་དགོས་པའི་འབོད་སྐུལ་སྙན་ཞུ་ཕུལ་ཡོད་ནའང། རྒྱ་གཞུང་གི་ལས་བྱེད་པས་མང་ཚོགས་ཀྱི་མངོན་འདོད་ལ་ཉན་འཇོག་རྩ་བ་མ་བྱས་པར། ཁ་ཉིན་ཚེས་༤སྟེ་ལས་འགུལ་གྱི་ཉིན་ལྔ་པའི་སྟེང་དྲག་ཆས་དམག་མི་དང་ཉེན་རྟོག་པས་མང་ཚོགས་ལ་གཅར་བརྡུང་དྲག་པོ་བཏང་ནས་བོད་མི་བཅུ་ཙམ་སྨན་ཁང་དུ་ཁྲིད་ནས་གནས་སྟངས་ཇི་ཡིན་ཤེས་རྟོགས་དཀའ་བར་གྱུར་ཡོད་པ་རེད། དེ་རིང་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པ་ལས་ཤེས་རྟོགས་བྱུང་བར། ཨ་མཆོག་གྲོང་བརྡལ་མི་མང་སྲིད་གཞུང་ནས་ཚེས་༣ཉིན་འཁོད་པའི་བརྡ་ཁྱབ་གཅིག་གི་ནང་བཏང་ཡོད་པ་དེའི་ནང་། རྒྱ་གཞུང་གི་བརྗོད་ཡག་ལ་ཉེ་ཆར་ཡུལ་མི་ཁག་ཅིག་གིས་གནས་ཚུལ་ངོ་མ་མ་ཤེས་དབང་། བླ་རི་དང་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས་ཁྲིམས་འགལ་ཐོག་ནས་མི་བརྒྱ་ཕྲག་འདུ་བསྐོང་བྱེད་ནས་ཁུལ་དེའི་སྣ་ག་ཏི་ཞེས་པའི་གཏེར་ལས་ཁང་གི་རྒྱུན་གཏན་ལས་ཀ་བྱེད་མ་བཅུག་པར་འགོག་རྐྱེན་བཟོས་པ་དང་། ད་དུང་ཕྱི་ཕྱོགས་ལ་ཡོད་པའི་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གྱི་ཚོགས་པ་དང་མཉམ་སྦྲེལ་གྱིས་དཔུང་སྒྲིག་ནས་ངོ་རྒོལ་གྱི་བྱ་སྤྱོད་ཁག་ཅིག་སྤེལ་ཡོད་སྟབས། དེ་ལ་ཉེན་རྟོག་ལས་ཁུངས་ནས་ལས་འགུལ་སྣེ་ཁྲིད་བྱེད་པོ་ཁ་ཤས་འཛིན་བཟུང་བྱས་པ་ཡིན། ད་དུང་མི་ཁ་ཤས་དགོན་པའི་ཉེ་འདབས་སུ་འདུ་འཛོམས་བྱེད་ནས་བསྡད་པ་དེ་ཡང་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཏུ་བཤད་པ་དང་ཆབས་ཅིག སྲིད་གཞུང་གི་འབོད་སྐུལ་ཞུ་ཡག་ལ་མི་དམངས་ནས་མི་ཁ་ཤས་ཀྱི་མགོ་སྐོར་འོག་མ་ཚུད་པ་དང་ཁྲིམས་འགལ་གྱི་ལས་འགུལ་མཉམ་ཞུགས་བྱེད་རྒྱུ་མེད་པ་བཤད་ཡོད་པ་རེད་འདུག གནས་ཚུལ་ཡོང་ཁུངས་བརྒྱུད་ཁག་ལ་དམ་དྲག་ཧ་ཅང་ཆེ་བས་ཁ་ཉིན་ཚེས་༤ཉིན་ས་གནས་མང་ཚོགས་ཆིག་སྟོང་ལྷག་ཕྱི་ལ་དོན་ནས་སྲིད་གཞུང་ལ་འབོད་སྐུལ་ཞུ་བའི་ལས་འགུལ་ཁྲོད། བོད་མི་བཅུ་སྐོར་ཞིག་ལ་གཅར་བརྡུང་དྲག་པོ་བཏང་ཡོད་པ་དང་། ཁོང་རྣམས་སྨན་ཁང་དུ་བསྐྱེལ་ཡོད་པའི་གནས་ཚུལ་ཙམ་དེ་རིང་ཁོང་རྣམ་པའི་སྐོར་དང་ས་གནས་ཀྱི་གནས་ཚུལ་ཇི་ཆགས་ཞིབ་ཕྲ་ཤེས་རྟོགས་དཀའ་བར་གྱུར་འདུག

Latest news