Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱ་རིགས་ཁྲིམས་རྩོད་པ་ Liang Xiaojun ལགས་ནས་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་གནང་བཞིན་འདུག

དེའང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ Liang Xiaojun ལགས་ནས་ད་ལྟ་རྒྱ་ནག་གཞུང་གི་བཙོན་ཁང་ནང་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་གནང་བཞིན་ཡོད་པ་དང་། Liang ལགས་ཀྱིས་ཉེ་ཆར་རང་ཉིད་ཀྱི་འཕྲུལ་བྱ་འམ་Twitter བརྒྱུད་བཀྲིས་དབང་ཕྱུག་ལགས་ད་སྐབས་ཡུ་ཤུའི་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ཡོད་པ་མངོན་གསལ་གནང་འདུག རྩ་བའི་ཉེ་སྔོན་རྒྱ་ནག་གཞུང་གིས་ཡུ་ཤུ་ཁུལ་གྱི་དགོན་སྡེ་ཁག་གི་ནང་དུ་བོད་ཡིག་སློབ་གཉེར་འཛིན་གྲྭ་ཁག་མཚམས་འཇོག་བྱེད་པ་དང་འབྲེལ། དུས་རྒྱུན་ཚོང་ལས་གཉེར་མཁན་བོད་མི་བཀྲིས་དབང་ཕྱུག་ལགས་ནས་རང་ཉིད་ཀྱི་ཚ་མོ་གཙོས་པའི་བོད་ས་ཁྱོན་ཡོངས་ཀྱི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་གཉེར་གྱི་གོ་སྐབས་མེད་པ་གཟིགས་ཏེ། ཁོང་གིས་བོད་ཀྱི་སྐད་ཡིག་བདག་དབང་རྩོད་ལེན་སླད་ས་གནས་སྲིད་གཞུང་དང། རྗེས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིན་ནས། ཁྲིམས་ཁང་དང། དབུས་བརྙན་འཕྲིན་ལས་ཁང་བཅས་ལ་ཞུ་གཏུགས་ལན་མང་བྱས་ནས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཡོང་བར་འབད་བརྩོན་ལྷོད་མེད་ཞུས་ཀྱང་དོན་འབྲས་གང་ཡང་སོན་མེད་པ་རེད། རྗེས་སུ་ཁོང་གིས་སྔ་ལོའི་ཕྱི་ཟླ་ ༡༡ ནང་’’བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་བོད་མིའི་དཀའ་སྤྱད་འགོག་རྒོལ་’’ཞེས་པའི་རྩོམ་ཡིག་སྤེལ་བ་དེ་ཨ་རིའི་ནེའུ་ཡོག་གསར་ཁང་གི་ས་གནས་གསར་འགོད་པ་ Edward Wong ལགས་ཀྱིས་སྤེལ་ཡོད་པ་རེད། དེ་རྗེས་བཀྲིས་དབང་ཕྱུག་ལགས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ས་གནས་ཉེན་རྟོག་པས་ཁྲིམས་མཐུན་ལྟར་སྔོན་ཚོད་ནས་བརྡ་ལན་གང་ཡང་མེད་པར་བཙན་ཁྲིད་ཀྱིས་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། ཁོང་གི་ནང་མིར་ཁོང་འཛིན་བཟུང་བྱེད་སྐོར་ཟླ་ཤས་རྗེས་ནས་བརྡ་ལན་སྤྲད་འདུག སྐབས་དེར་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་བྱེད་པའི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་སྐོར་གྱི་ཡི་གེ་ཞིག་ནང་མིར་སྤྲད་ཡོད་པ་རེད། གལ་ཏེ་དེ་ལྟར་བྱེད་ཚེ་ཁོང་ལ་མི་ལོ་ ༡༥ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ངེས་ཡིན་པ་དང་། དུས་དེར་གཏུག་བཤེར་གྱི་ཟླ་ཚེས་གཏན་འཁེལ་མེད་པ་དང་འདི་བཞིན་ཁོང་གི་ནང་མི་ཚོར་ཁྲིམས་རྩོད་པ་མ་རག་པའི་དཀའ་ངལ་འཕྲད་བཞིན་སོགས་འཁོད་ཡོད། ཨིན་ཡུལ་ནང་དུ་རྟེན་གཞི་བྱས་པའི་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ད་ཆ་རྒྱ་རིགས་ཁྲིམས་རྩོད་པ་ Liang Xiaojun ལགས་ཀྱིས་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་གནང་བཞིན་ཡོད་སྐོར་སྤྱི་བསྒྲགས་གནང་པ་དང་འབྲེལ། ཚོགས་པ་དེས་བཀྲིས་དབང་ཕྱུག་ལགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་ཀྱང་དབུ་འཛུགས་གནང་འདུག དེ་བཞིན་ཚོགས་པ་དེས་ཉེ་སྔོན་བཀྲིས་དབང་ཕྱུགས་ལགས་ལ་དོན་མེད་བཙོན་འཇུག་བྱེད་པའི་གནད་དོན་ཐད། ཡུལ་གྲུ་གང་སར་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་ཕྱི་སྲིད་བློན་ཆེན་སོགས་ལ་རྒྱ་གཞུང་ནས་བཀྲིས་དབང་ཕྱུག་ལགས་འཕྲལ་དུ་གློད་བཀྲོལ་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་དང་། ད་ལྟའི་ཆར་བཀྲིས་དབང་ཕྱུག་ལགས་ཡུ་ཤུའི་བཀག་ཉར་ཁང་དུ་བཙོན་འཇུག་བྱས་པ་ཤེས་རྟོགས་བྱུང་བ་དང་སྦྲགས། འཛམ་གླིང་ཁྱོན་ཡོངས་ནས་བཀྲིས་དབང་ཕྱུག་ལགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཕྱག་བྲིས་གང་མང་གནང་སྐྱོང་ཡོང་བའི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག

ནིའུ་ཡོག་གྲོང་ཁྱེར་དུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ ༣ དབུ་འཛུགས།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་རང་བཙན་ལྟ་གྲུབ་འཛིན་མཁན་མི་སྣ་ ༡༠༠ ལྷག་མཉམ་ཞུགས་ཀྱིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་རང་བཙན་གྱི་ལངས་ཕྱོགས་དེའི་ཐོག་ནས་གོམས་པ་མདུན་བསྐྱོད་གནང་རྒྱུ་གཙོས་པའི་དོན་གནད་ཁག་ཅིག་གི་ཐོག་ཚོགས་ཆེན་འཚོག་བཞིན་འདུག དེ་ཡང་ནིའུ་ཡོག་ཏུ་ཡོད་པའི་བོད་མི་རང་བཙན་དོན་གཉེར་བ་ཁག་ཅིག་གིས་གོ་སྒྲིག་འོག ཁུལ་དེར་རྟེན་གཞི་བྱས་པའི་Jackson Height ས་གནས་ཀྱི་ཉེ་འགྲམ་དུ་ཡོད་པའི་ཚོགས་ཁང་ཞིག་ཏུ་ཚོགས་གནང་འདུག་པ་དང་། རང་བཙན་འཐབ་རྩོད་པ་འཇམ་དབྱངས་ནོར་བུ་ལགས། རྒྱ་གར་ནས་བོད་མི་མང་སྤྱི་འཐུས་ལས་ཐོག་བསྟན་པ་ཡར་འཕེལ་ལགས་དང་ཨ་ཚོགས་ཀླུ་མཁར་བྱམས་ལགས། ཨ་རི་དང་སུད་སི། དེ་བཞིན་ཨོ་སི་ཊོ་ལི་ཡ་བཅས་ནས་བོད་རང་བཙན་དགོས་པའི་ལྟ་གྲུབ་འཛིན་མཁན་གྱི་མི་སྣ་བརྒྱ་སྐོར་ལྷག་འདུ་འཛོམས་གནང་འདུག ཚོགས་ཆེན་གྱི་ཉིན་དང་པོའི་ཐོག་ཚོགས་ཞུགས་བ་ཡོངས་ནས་བོད་རང་བཙན་འཐབ་རྩོད་བྱེད་པར་རྒྱ་གཞུང་གིས་དྲག་གནོན་འོག་ལ་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་ཕྱིའི་རྒྱལ་ཁབ་ཁག་དང་ཟུར་སྦྲེལ་གྱིས་ནུས་པ་མཉམ་སྤུངས་ཇི་ལྟར་གནང་དགོས་མིན་ཐད་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་རེད། ཚོགས་ཆེན་དེའི་དགོས་དམིགས་གཙོ་བོ་ནི། རང་བཙན་གྱི་འཐབ་རྩོད་དང་བོད་ཀྱི་རྩ་དོན་རྒྱུན་གནས་ཐུབ་ཐབས་སླད་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་པའི་མི་རབས་གསར་པའི་ཁྲོད་ལ་རང་བཙན་གི་གོ་རྟོགས་སྤེལ་རྒྱུ་དང་བོད་དོན་ལས་འགུལ་གྱི་ནུས་ ཤུགས་ཆེ་རུ་གཏོང་རྒྱུ། རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་རང་བཙན་གྱི་ལངས་ཕྱོགས་དེའི་ཐོག་ནས་གོམས་པ་མདུན་བསྐྱོད་གནང་རྒྱུ་སོགས་པ་ཆེད་དམིགས་གནང་པ་ཞིག་ཆགས་ཀྱི་འདུག ཉིན་གསུམ་གྱི་ཚོགས་ཆེན་དེའི་ཐོག་ཚོགས་བཅར་བ་རྣམས་ནས་བོད་རང་བཙན་གྱི་འཐབ་རྩོད་དེ་གོང་འཕེལ་གཏོང་ཐབས་དང་འབྲེལ་རང་བཙན་འཐབ་རྩོད་པར་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་ཕྱོགས་གཙོས་བོད་དོན་ལས་འགུལ་སྔར་ལྷག་ནུས་པ་ལྡན་པ་སྤེལ་རྒྱུ་བཅས་ཀྱི་ཐད་གྲོས་བསྡུར་གནང་གི་ཡོད་པ་རེད། རྩ་བའི་རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་ཆེན་ཐེངས་དང་པོ་དེ་རྡ་རམ་ས་ལར་སྐོང་ཚོགས་གནང་པ་དང་། ཐེངས་གཉིས་པ་དེ་སྔ་ལོ་ ༢༠༡༦ ཕྱི་ཟླ་ ༥ ཚེས་ ༢༣ དང་ ༢༤ བར་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས། ད་ལན་གྱི་ཚོགས་ཆེན་ཐེངས་གསུམ་པ་དེ་ནིའུ་ཡོག་ཏུ་ཚོགས་ཡོད་པ་རེད། ཚོགས་ཆེན་གྱི་མཛད་སྒོའི་ཐོག་རང་བཙན་འཐབ་རྩོད་པ་རྒན་གྲས་ལྷ་བཟང་ཚེ་རིང་ལགས་དང་འཇམ་དབྱངས་ནོར་བུ་ལགས། དེ་བཞིན་US Tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བསོད་ནམས་དབང་འདུས་ལགས་དང་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་རྒན་གྲས་ཟླ་བ་རྒྱལ་པོ་ལགས་བཅས་ཁོང་རྣམ་པ་བཞིས་མི་ཚེ་ཧྲིལ་པོར་བོད་རང་བཙན་སླད་དུ་སྐུ་ལས་བསྐྱོན་པའི་ལྷག་བསམ་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས་གནང་འདུག

དགེ་འདུན་པ་ཞིག་བོད་བལ་གཉིས་ཀྱི་ས་མཚམས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ ༩ ཕྱིན་འདུག

དེ་སྔ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་ཞུགས་གནང་མྱོང་ཡོད་པའི་དགེ་འདུན་པ་བློ་བཟང་ཆོས་རྒྱན་ལགས་ཕྱི་ལོ་ ༢༠༠༧ ལོར་བོད་ལ་ཕྱིར་ལོག་གནངཡང་བོད་བལ་གཉིས་ཀྱི་ས་མཚམས་འགྲམ་དུ་འབྱོར་རྗེས་ཁོང་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ ༩ ཕྱིན་ཟིན་འདུག གཞི་རྩའི་དགེ་འདུན་པ་བློ་བཟང་ཆོས་རྒྱན་ལགས་ནི་བོད་མདོ་སྨད་རེབ་གོང་སྒོ་དམར་སྡེ་བ་ནས་ཡིན་པ་དང་། ཁོང་ཕྱི་ལོ་ ༢༠༠༠ ལོར་བཙན་བྱོལ་དུ་འབྱོར་ནས་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ལོ་ཤས་རིང་སློབ་གཉེར་གནང་རྗེས། དགོན་པའི་ཉེ་འགྲམ་དུ་ཁང་པ་ཞིག་གླ་ནས་ཐང་བྲིས་ཀྱི་ལས་དོན་གཉེར་མྱོང་འདུག  དེ་བཞིན་ཁོང་བཞུགས་སྒར་དྷ་རམ་ས་ལར་དུས་ཡུན་ཐུང་ངུ་ཞིག་གི་རིང་ལ་བཞུགས་མྱོང་ཡོད་པ་རེད་འདུག དེ་རྗེས་ཕྱི་ལོ་ ༢༠༠༧ ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢༠ ཡས་མས་སུ་གྲྭ་བློ་བཟང་ཆོས་རྒྱན་ལགས་བོད་དུ་ལོག་རྒྱུ་གནང་སྟེ། བོད་བལ་གཉིས་ཀྱི་ས་མཚམས་འགྲམ་དུ་འབྱོར་སྐབས་ཁོང་ནས་རང་གི་ནང་མིར་ཁ་པར་བཏང་ནས་ཁོང་ས་ཚིགས་དེར་འབྱོར་ཡོད་ཅེས་གསུངས་ཡོད་ཀྱང་། དུས་དེ་ནས་བཟུང་སྟེ་ཁོང་རང་གི་ཕ་ཡུལ་དུ་འབྱོར་མེད་པ་མ་ཟད། ད་བར་གར་ཡོད་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ནས་ད་ཆ་ལོ་ངོ་ ༩ འགྲོ་བཞིན་ཡོད་པ་རེད་འདུག ཁོང་གི་ནང་མི་སྤུན་མཆེད་རྣམས་ཀྱིས་རེབ་གོང་སྒོ་མར་སྡེ་བའི་ས་གནས་སྲིད་གཞུང་ལ་གྲྭ་བློ་བཟང་ཆོས་རྒྱན་ལགས་ཀྱི་གནས་ཚུལ་སྐོར་ཐེངས་མང་རྩད་གཅོད་ཀྱིས་ས་གནས་སྲིད་གཞུང་ལ་འབྲེལ་ལམ་བྱས་འདུག འོན་ཀྱང་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་སྟབས། ཁོང་གི་ནང་མི་ཉེ་འབྲེལ་རྣམས་ནས་ལྷ་ས་དང་གཞིས་ཀ་རྩེ་སོགས་སུ་ཕྱིན་ཏེ་ངོ་ཤེས་ཉེ་འབྲེལ་སོགས་ཀྱི་བརྒྱུད་ནས་རྩད་གཅོད་གནང་ཡང་ཁོང་ཤི་གསོན་གང་བྱུང་གི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད་འདུག ད་ཆ་ལོ་ན་ ༨༠ ཡིན་པའི་ཁོང་གི་ཨ་མ་ལགས་ཀྱིས་ཉིན་མཚན་གཉིས་སུ་ཁོང་གི་སྐོར་ལ་སེམས་ཁུར་ཆེན་པོ་གནང་བཞིན་ཡོད་པའི་ཁྲོད། ཕྱི་ཕྱོགས་སུ་ཡོད་པའི་ཁོང་གི་ངོ་ཤེས་པ་དང་གྲོགས་པོ་སོགས་ལ་ཁོང་གར་ཡོད་རྩད་གཅོད་གནང་ཐབས་དགོས་པའི་རེ་སྐུལ་ཡང་གནང་ཡོད་པ་རེད་འདུག  དགེ་འདུན་པ་བློ་བཟང་ཆོས་རྒྱན་ལགས་ཀྱི་སྐྱ་མིང་ལ་དགེ་འདུན་ཉི་མ་དང་ཆོས་མིང་ལ་བློ་བཟང་ཆོས་རྒྱན་ཞུ་གྱི་འདུག

པདྨ་ཚེ་བརྟན་ལགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་མ་ཟད་ཁོང་ལ་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་དགོས་པ་གསུངས་འདུག

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཟླ་བ་འདིའི་ཚེས་༢༥ཉིན་བོད་གནའ་མཁར་ཟི་ལིང་གྲོང་ཁྱེར་གྱི་གནམ་ཐང་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོག་བོད་ཕྱི་ནང་གཉིས་ཀྱི་བོད་མི་དང་རྒྱལ་སྤྱིའི་མང་ཚོགས་ནས་སེམས་འཚབ་ཆེན་པོ་གནང་བསྟན་བཞིན་པའི་ཁྲོད། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་སུད་སི་ནང་གི་བོད་ཀྱི་གློག་བརྙན་ཚོགས་པས་པདྨ་ཚེ་བརྟན་ལགས་འཕྲལ་དུ་གློད་བཀྲོལ་གཏང་དགོས་པ་གསུངས་འདུག ཚོགས་པ་དེ་གཉིས་པོས་ཁ་སང་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱ་གཞུང་གིས་ཉེན་རྟོག་པས་རྒྱལ་སྤྱིའི་ཆེ་མཐོང་ལྡན་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་འཛིན་བཟུང་བཀག་ཉར་བྱེད་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཡོད་ཅེས་གསུངས་པ་དང་ཆབས་ཅིག ཁྲིམས་འགལ་གྱི་བྱ་སྤྱོད་དེའི་ཐད་སྲིད་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོས་ཞིབ་འཇུག་གནང་དགོས་པ་གསུངས་འདུག ལྷག་པར་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་བརྗོད་པར། ཐེངས་འདིའི་དོན་རྐྱེན་འདི་ནས་རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་གནའ་གནོན་དང་མི་རིགས་དབྱེ་འབྱེད་བྱེད་ཀྱི་ཡོད་པ་རྟགས་མཚན་གསལ་པོ་ཆགས་ཡོད་པ་ཡང་གསུངས་སྟེ་པདྨ་ཚེ་བརྟན་ལགས་འཕྲལ་དུ་གློད་བཀྲོལ་གཏང་དགོས་པ་མ་ཟད། ཁོང་ལ་སྨན་བཅོས་ཀྱི་མཐུན་རྐྱེན་ཆ་ཚང་ཞིག་སྦྱོར་དགོས་པ་གསུངས་འདུག གཞི་རྩའི་ཁ་སང་བརྒྱུད་ལམ་ཁག་ཏུ་པདྨ་པ་ཚེ་བརྟན་ལགས་འཛིན་བཟུང་བཀག་ཉར་བྱེད་དགོས་དོན་དང་རྗེས་སུ་གནས་ཚུལ་ཇི་བྱུང་སོགས་ཀྱི་སྐོར་ལ་འགྲེལ་བཤད་འགའ་ཞིག་བྱུང་ཡོད་ནའང། དོན་དངོས་སྐབས་དེར་ཟི་ལིང་གནམ་ཐང་དུ་པདྨ་ཚེ་བརྟན་ལགས་བསུ་བར་ཕེབས་མཁན་ཀི་ཀི་ཞུ་མཁན་ཞིག་གིས་རྒྱ་ནག་ནང་གི་ Sina Entertainmentབརྒྱུད་ལམ་ལ་གསུངས་པར། པདྨ་ཚེ་བརྟན་ལགས་ཀྱི་ཅ་དངོས་ཤིག་གནམ་ཐང་དུ་ལྷག་ཡོད་པ་དེ་ལེན་ཆེད་བསྐྱོད་པའི་བརྒྱུད་རིམ་ནང་། ཁོང་དང་གནམ་ཐང་གི་ཉེན་རྟོག་པའི་དབར་ལ་འཐབ་རྫིང་རིགས་གང་ཡང་བྱུང་མེད་ཅིང། སྐབས་དེར་ཉེན་རྟོག་པས་གློ་བུར་དུ་ལག་ལྕགས་དམ་པོ་རྒྱབ་པར་བརྟེན་པདྨ་ཚེ་བརྟན་ལགས་ཀྱི་ལག་པར་ཏོག་ཙམ་རྨས་སྐྱོན་བྱུང་འདུག ད་དུང་སྐབས་དེར་ཉེན་རྟོག་པས་ཁོང་ལ་ཉིན་ལྔ་རིང་བཀག་ཉར་བྱ་རྒྱུ་བཤད་རྗེས་ལུས་ཀྱི་ཁྲག་རླུང་འཕར་བའི་གནས་ཚུལ་བྱུང་ཡོད་པ་འགྲེལ་བརྗོད་གནང་འདུག གང་ལྟར་ད་ཆ་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་བཀག་ཉར་འོག་བཞག་ཡོད་པའི་དུས་མཚམས་འདིར་རྒྱལ་སྤྱི་ཁྱོན་ཡོངས་ནས་ཁོང་ལ་ཐུགས་སྣང་གནང་བཞིན་ཡོད་པ་དེ་ནི་གསར་འགྱུར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་ཤེས་རྟོགས་ཐུབ་པ་མ་ཟད། ལྷག་པར་དུ་ཁ་སང་ FDGC འམ་རྒྱ་ནག་གློག་བརྙན་འཁྲབ་ཁྲིད་མཐུན་ཚོགས་ནས་པདྨ་ཚེ་བརྟན་ལགས་ཀྱི་གནད་དོན་ཐོག་ལ་ཐུགས་འཚབ་ཆེན་པོ་དང་བཅས་ཡོངས་ཁྱབ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་སྲིད་གཞུང་ནས་ཐེངས་འདིའི་གནས་ཚུལ་ལྷག་པའི་ཐད་གསལ་བཤད་བྱེད་དགོས་པ་དང་ཁོང་ཚོས་པདྨ་ཚེ་བརྟན་ལགས་ལ་དོ་སྣང་ཆེན་པོས་ལྟ་བཞིན་ཡོད་པ་སོགས་གསུངས་ཡོད་པ་རེད།

བཙུན་མ་ཡེ་ཤེས་ལྷག་སྒྲོན་ལགས་འདས་གྲོངས་སུ་གྱུར་བར་ངོས་འཛིན་གྱིས་འདས་ཆོས་གནང་འདུག

ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་སྐབས་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བའི་རྐྱེན་གྱིས་རྒྱ་གཞུང་ཉེན་རྟོག་པས་བཙུན་མ་ཡེ་ཤེས་ལྷ་སྒྲོན་ལགས་འཛིན་བཟུང་བྱས་རྗེས་དུས་ད་བར་གར་སོང་ཆ་མེད་དུ་གྱུར་སྟབས། ཁོང་གི་ནང་མི་ཚོས་ཁོང་འདས་གྲོངས་སུ་གྱུར་བར་ངོས་འཛིན་གྱིས་འདས་ཆོས་ཀྱང་གནང་བསྒྲུབས་འདུག དེ་ཡང་བཙན་བྱོལ་ནང་དུ་ཡོད་པའི་བཙུན་མ་ཡེ་ཤེས་ལྷག་སྒྲོན་ལགས་ཀྱི་སྤུན་མཆེད་སྐུ་ཞབས་པདྨ་དབང་རྒྱལ་ལགས་ཀྱིས་གསུངས་པར་ ཡེ་ཤེས་ལྷག་སྒྲོན་ལགས་ནས་ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༥ ཚེས་ ༢༨ ཉིན་གྱི་སྔ་དྲོར་ཁོང་གི་དགོན་པ་གཅིག་པའི་བཙུན་མ་སངས་རྒྱས་ལྷ་མོ་དང་ཚེ་དབང་མཁའ་འགྲོ་གཉིས་ཀྱི་ལྷན་དུ་དཀར་མཛེས་རྫོང་ཐོག་ཏུ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཞི་རྒོལ་གནང་པ་དང་། བོད་དོན་དང་འབྲེལ་བའི་ཡིག་ཆ་འགྲེམ་སྤེལ་གནང་མ་ཐག་རྒྱ་གཞུང་ཉེན་རྟོག་པས་ཁོང་གསུམ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད་འདུག དེ་རྗེས་ཁོང་གསུམ་ལ་དྲག་པོའི་འདྲི་རྩད་བྱས་མཐར་བཙུན་མ་གཞན་གཉིས་ལ་ལོ་གཉིས་རེ་བཙོན་འཇུག་ཁྲིམས་ཐག་བཅད་ནས་ལོ་ཤས་སྔོན་བཙོན་གྲོལ་བཏང་ཡོད་ཀྱང། ཡེ་ཤེས་ལྷ་སྒྲོན་ལགས་ཀྱི་སྐོར་ལ་ཞི་ཕྲའི་གནས་ཚུལ་གང་ཡིན་ཤེས་རྟོག་གང་ཡང་མེད་པར་གར་སོང་ཆ་མེད་དུ་གྱུར་འདུག་པ་དང་། ཡེ་ཤེས་ལྷག་སྒྲོན་ལགས་ཀྱི་ནང་མི་རྣམས་ནས་དུས་ཡུན་རིང་པོའི་ནང་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་ཁོང་བཙུན་ཁང་གང་དུ་ཡོད་མེད་སོགས་ཀྱི་གནས་སྟངས་ཤེས་ཕྱིར་འབད་བརྩོན་གནང་ཡང་། ཡེ་ཤེས་ལྷག་སྒྲོན་ལགས་དང་གཞན་བཙུན་མ་གཉིས་བཅས་ཁོང་གསུམ་སྨན་བཅོས་སླད་སྨན་ཁང་དུ་སྐྱེལ་ཡོད་པའི་གནས་ཚུལ་ཙམ་ལས་ཞིབ་ཕྲའི་གནས་སྟངས་ཇི་ཆགས་སོགས་ཤེས་རྟོག་ཐབ་མེད་པས་ཁོང་གི་ནང་མི་ཚོས་ཁོང་འདས་གྲོངས་སུ་གྱུར་བར་ངོས་འཛིན་གྱིས་འདས་ཆོས་ཀྱང་གནང་བསྒྲུབས་འདུག  ཡེ་ཤེས་ལྷག་སྒྲོན་ལགས་ཀྱི་ནང་མི་རྣམས་ནས་ད་ཆ་ཁོང་ཤི་གསོན་གྱི་གནས་སྟངས་གང་ཡིན་རུང་ཁོང་གིས་གང་གནང་པ་དེ་དག་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གནང་པའི་རླབས་ཆེན་གྱི་བྱེད་རྗེས་ཤིག་ལ་ངོས་འཛིན་གྱིས་བློ་ཕམ་དེ་ཙམ་གནང་གི་མེད་སྐོར་གསུངས་སོང་། རྩ་བའི་ཡེ་ཤེས་ལྷ་སྒྲོན་ལགས་ནི་བོད་ཁམས་དཀར་མཛེས་རྫོང་མདའ་མདོ་ཡུལ་ཚོའི་གཙོ་ཆུ་སྡེ་བ་ནས་ཡིན་པ་དང། ཕ་དངོས་གྲུབ་བསོད་གནམ་དང་མ་གཡུ་མཚོ་སྒྲོལ་མ་གཉིས་ཀྱི་བུ་མོ་ཡིན་ཞིང། ཁོང་གི་ཨ་ཁུ་ལགས་ཀྱི་མཚན་ལ་དངོས་གྲུབ་ ཕུན་ཚོགས་ཡིན་འདུག་པ་དང་།  ཁོང་དཀར་མཛེས་རྫོང་ནང་ཡོད་པའི་བྲགས་དཀར་བཙུན་དགོན་དུ་སློབ་གཉེར་གནང་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་གི་ཕ་དངོས་གྲུབ་བསོད་ནམས་ལགས་དེ་སྔོན་ཕྱི་ལོ་ ༢༠༠༠ ལོར་ལྷ་ས་ནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་ཀྱིས་ཆབ་སྲིད་ཀྱི་ཉེས་མིང་འོག་ལྷ་སའི་གྲྭ་བཞི་བཙོན་ཁང་ནང་དུ་ལོ་གསུམ་རིང་དུས་བཀག་བཙོན་འཇུག་བྱས་མྱོང་ཡོད་པ་རེད་འདུག དེ་བཞིན་ཁོང་གི་ཨ་ཁུ་དངོས་གྲུབ་ཕུན་ཚོགས་ལགས་ཀྱང་ཕྱི་ལོ་ ༢༠༠༨ ལོར་དཀར་མཛེས་རྫོང་ཐོག་ཏུ་ངོ་རྒོལ་སྣེ་འཁྲིད་གནང་མཁན་གྱི་ཉེས་འཛུགས་འོག་ལོ་ ༨ རིང་བཙོན་འཇུག་གི་དུས་བཀག་ཚང་ནས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་བཙོན་གྲོལ་བཏང་འདུག ཡང་དེའི་བར་ན་བོད་ཁམས་སྡེ་དགེ་རྫོང་ཁོངས་ནས་ཡིན་པའི་བོད་མི་གཡུ་འབྲུག་ཉི་མ་ལགས་ལ་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་དྲག་པོ་བཏང་སྟེ་དམར་བསད་བཏང་བའི་གནས་ཚུལ་ཞིག་ཐོན་འདུག དེ་ཡང་བཞུགས་སྒར་དུ་བཅའ་བཞུགས་སྐུ་ཞབས་བློ་བཟང་ཐུབ་བསྟན་ལགས་ཀྱིས་གསུངས་པར་ཟླ་འདིའི་ཕྱི་ཚེས་ ༢༠ འམ་ས་ག་ཟླ་བ་ཕྱི་མའི་ཚེས་ ༡༥ ཡས་མས་ཙམ་ཞིག་ལ་སྡེ་དགེ་རྫོང་རྫ་ཁོག་ཡུལ་ཚོ། ཟམ་ཁ་སྡེ་བའི་གཡུ་འབྲུག་ཉི་མ་ལགས་དབྱར་རྩ་དགུན་འབུ་བརྐོ་རུ་ཕྱིན་ཏེ་ར་ཁོག་ཡུལ་ཚོའི་ཕྱོགས་སུ་སླེབས་སྐབས། རྫོང་གི་ཉེན་རྟོག་པས་ཁོང་ལ་མེ་མདའ་ཡོད་ཚུལ་བརྗོད་ནས་ར་གོག་ཡུལ་ཚོའི་ནང་བཙན་འཁྲིད་ཀྱིས་གཅར་རྡུང་དྲག་པོ་བཏང་སྟབས། སྡེ་དགེ་རྫོང་ཐོག་ཏུ་འཁྲིད་པའི་ལམ་བར་ན་འདས་གྲོངས་སུ་ཕྱིན་ཡོད་ཚུལ་བརྗོད་དེ། ས་གནས་རྒྱ་གཞུང་ཉེན་རྟོག་པས་ཁོང་ལ་གཅར་རྡུང་བཏང་སྟེ་དམར་བསད་བཏང་ཡོད་པ་རེད་འདུག  རྩ་བའི་གཡུ་འབྲུག་ཉི་མ་ལགས་ཀྱི་ཕ་མིང་ལ་གཡང་དགའ་དང་མ་མིང་ལ་མགོ་གྲོད་ཟེར་གྱི་འདུག་པ་དང། ཁོང་ད་ལྟ་རང་ལོ་ ༤༠ ཙམ་རེད་འདུག གཞན་ཡང་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ནང་རྔ་བ་ནང་གི་ངོ་རྒོལ་སྐད་འབོད་ནང་མཉམ་ཞུགས་བྱེད་པའི་ཉེས་མིང་འོག་ཕྱི་ལོ་ ༢༠༡༡ ལོར་འཛིན་བཟུང་བྱས་པའི་བོད་མདོ་སྨད་རྔ་བ་ནས་ཀིརྟི་དགོན་པའི་ཚེ་རིང་ལགས་ཉེ་ཆར་ཟླ་བ་འདིའི་ཚེས་ ༢༤ ཉིན་ལོ་ལྔའི་བཙོན་འཇུག་དུས་ཡུན་ཚང་སྟེ་བཙོན་གྲོལ་བཏང་ཡོད་པ་རེད།  

རྒྱ་གཞུང་གི་ཉེན་རྟོག་པས་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་གཅར་རྡུང་བཏང་ནས་སྨན་ཁང་དུ་སྐྱེལ་འདུག

མདོ་སྨད་མཚོ་ལྷོ་ཁུལ་ནས་ཡིན་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ལ་རྒྱ་གཞུང་གི་ཉེན་རྟོག་མི་སྣས་གཅར་རྡུང་བཏང་སྟེ་ཁོང་སྨན་ཁང་དུ་སྐྱེལ་འདུག དེ་རིང་ཕྱི་ནང་གི་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པར། ཟླ་བ་འདིའི་ཕྱི་ཚེས་༢༥ཉིན་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་མཁའ་ལམ་བརྒྱུད་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་བོད་གནའ་མཁར་ཟི་ལིང་གྲོང་ཁྱེར་དུ་བསྐྱོད་པའི་ཁྲོད། ཟི་ལིང་གནམ་ཐང་ནས་ཁོང་གི་ཅ་དངོས་གནམ་གྲུ་ནང་ལྷག་ཡོད་པ་ཤེས་ནས་ཕྱིར་ལེན་དུ་འགྲོ་སྐབས་ཉེན་རྟོག་པས་ཁོང་ལ་གནམ་ཐང་གི་སྒྲིག་གཞིར་གཏོར་བཤིག་བཏང་བའི་ཉེས་མིང་འོག་དེ་མ་ཐག་འཛིན་བཟུང་བྱས་པ་དང་། རྗེས་སུ་ཟི་ལིང་གི་བཀག་ཉར་ཁང་ཞིག་ཏུ་ཁོང་ལ་དྲི་རྩད་སྐབས་གཅར་རྡུང་བཏང་རྐྱེན་གཟུགས་གཞི་ཛ་དྲག་ཏུ་གྱུར་ནས་ཚེས་༢༧ཉིན་ཁུལ་དེའི་སྨན་ཁང་དུ་སྐྱེལ་འདུག དེ་རིང་ཚེས་༢༩ཉིན་ FDGC འམ་རྒྱ་ནག་གི་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ནས་ཚོགས་པ་དེ་གའི་ཚོགས་མི་ཡིན་པ་པདྨ་ཚེ་བརྟན་ལགས་འཛིན་བཟུང་བྱས་པའི་གནད་དོན་ཐོག་ཐུགས་འཚབ་དང་སྦྲགས། ཉེན་རྟོག་པས་ཁོང་ལ་དྲག་ཐབས་བེད་སྤྱོད་བྱས་ཏེ་གནམ་ཐང་ནས་བཙན་ཁྲིད་བྱ་དགོས་དོན་དུས་ཡུན་ངེས་ཅན་ནང་ལན་ཁ་གསལ་ཤོད་དགོས་པ་གསུངས་འདུག་པ་མ་ཟད། མཐུན་ཚོགས་དེ་ནས་པདྨ་ཚེ་བརྟན་ལགས་ཀྱི་གཟུགས་གཞི་གནས་སྟངས་དེ་ཙམ་ཡག་པོ་མེད་པ་འགྲེལ་བརྗོད་དང་འབྲེལ་ཁོང་གི་གནད་དོན་ཐོག་འོས་འགན་ཡོད་པ་ལྟར་དོ་སྣང་ཆེན་པོ་བྱེད་ནས་ལྟ་བཞིན་ཡོད་ཅེས་གསུངས་འདུག པསྨ་ཚེ་བརྟན་ལགས་དང་འདྲིས་ཆེ་བའི་གློག་བརྙན་བཟོ་སྐྲུན་པ་ཟོན་ཐར་རྒྱལ་ལགས་ནས་ཀྱང་དེ་རིང་twitter དྲྭ་ཚིགས་ཐོག་མང་ཚོགས་ནས་པདྨ་ཚེ་བརྟན་ལགས་ཀྱི་གནད་དོན་ཐོག་ལ་སེམས་འཚབ་གནང་བཞིན་པར་ཐུགས་རྗ་ཆེ་གསུངས་པ་དང་ཆབས་ཅིག པདྨ་ཚེ་བརྟན་ལགས་ཁྲག་ཤེད་ཏོག་ཙམ་འཕར་ཡོད་པ་ལས་གཞན་གནས་སྟངས་ཛ་དྲག་ཆེན་པོ་མེད་པ་འགྲེལ་བརྗོད་གནང་འདུག རྩ་བའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ནི་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་དུ་འཁྲུངས་ཤིང་། ཁོང་གིས་རྩོམ་རིག་རབ་འབྱམས་པའི་སློབ་སྦྱོང་ཐོན་རྗེས་རིམ་གྱིས་རྒྱ་ནག་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཐོན་པ་དང་། དེ་རྗེས་མཚོ་ལྷོ་ཁུལ་སྲིད་གཞུང་དུ་ཕྱག་ལས་གནང་འདུག ༢༠༠༢ནས་༢༠༠༤བར་ལ་པེ་ཅིང་གློག་བརྙན་སློབ་གླིང་དུ་གློག་བརྙན་བཟོ་སྒྲིག་གི་སློབ་གཉེར་གནང་རྗེས། རིམ་པས་རྒྱ་ནག་གི་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཚོགས་མི་དང། རྒྱ་ནག་གློག་བརྙན་མཁན་མཐུན་ཚོགས་དང་གློག་བརྙན་རྩོམ་རིག་རིག་པའི་མཐུན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཞུགས་འདུག པདྨ་ཚེ་བརྟན་ལགས་ནས་༢༠༠༣ནས་འགོ་བཙུགས་ཀྱིས་གློག་བརྙན་ཐོག་མར་ <ལྷིང་འཇགས་ཀྱི་མི་ཎི་རྡོ་འབུམ་>དང་། དེ་རྗེས་<རྩྭ་ཐང་>དང་། <ཁྱིན་རྒན།> དེ་བཞིན་<འཚོལ་>དང་<ཐར་ལོ་>སོགས་དུས་ཐུང་གློག་བརྙན་ཁག་ཅིག་བཟོས་ཡོད་པ་རེད། ཁོང་གིས་གློག་བརྙན་དེ་དག་ལས་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པའི་གློག་བརྙན་ལ་རྒྱ་ནག་ནང་གི་བྱ་དགའ་མང་དག་ཅིག་ཡོད་པ་མ་ཟད། ཀོ་རི་ཡའི་ནང་ཚོགས་པའི་ཡ་ཞི་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་གཉིས་པ་དང་། ༢༠༠༥ལོར་ཁེ་ན་ཌའི་གྲོང་ཁྱེར་ཝེན་ཀོ་ཝར་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་༢༤པའི་སྟེང་སྟག་འབྲུག་ཞེས་པའི་དམིགས་བསལ་ཆེ་བསྟོད་བྱ་དགའ་སོགས་ཐོབ་ཡོད་པ་རེད། པདྨ་ཚེ་བརྟན་ལགས་ཀྱིས་༢༠༠༤ལོར་བཟོ་སྐྲུན་གནང་པའི་རྩྭ་ཐང་ཞེས་པའི་གློག་བརྙན་དེ་ནི་ད་དབར་ཧྥ་རན་སི་དང་ཉི་ཧོང་། དེ་བཞིན་ཨུ་རུ་སུ་དང་ཀོ་རི་ཡ། ཧོ་ལེནཊ་རྒྱལ་ཁབ་སོགས་སུ་ཚོགས་པའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་མང་དག་གི་འགྲེམས་སྟོན་ཐོག་ཚུད་ཡོད་པ་རེད། པདྨ་ཚེ་བརྟན་ལགས་ནི་ད་ལྟར་རང་ལོ་ ༤༧ ལ་སོན་པའི་བོད་པའི་ཕུལ་བྱུང་གློག་བརྙན་བསྒྱུར་སྒྲིག་དང་འཁྲབ་ཁྲིད་མཁན་ཞིག་ཙམ་མ་ཟད། ཁོང་ནི་དེང་རབས་བོད་ཀྱི་གཞོན་སྐྱེས་ཤེས་ལྡན་ཞིག་སྟེ། ༡༩༩༡ལོ་ནས་བཟུང་རྩོམ་རིག་བརྩམས་ཆོས་ཀྱི་ལས་སུ་ཞུགས་ནས་བོད་ཡིག་དང་རྒྱ་ཡིག་གི་ལམ་ནས་བརྩམས་སྒྲུང་རིང་ཐུང་མང་དག་ཅིག་བྲིས་འདུག་པས་དེ་དག་ནང་ནས་ཁག་ཅིག་དབྱིན་སྐད་དང་ཧྥ་རན་སིའི་སྐད། དེ་བཞིན་འཇར་མན་སོགས་སུ་བསྒྱུར་ཡོད་པ་མ་ཟད། བརྩམས་ཆོས་ཁག་ཅིག་ལ་བོད་ཀྱི་སྦྲང་ཆར་རྩོམ་རིག་གི་བྱ་དགའ་དང། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་པའི་རིག་རྩལ་གསར་རྩོམ་གྱི་བྱ་དགའ་སོགས་ཕུལ་བྱུང་བྱ་དགའ་ཡང་ཐོབ་མྱོང་ཡོད་པ་རེད་འདུག  

འཕན་པོ་ལྷུན་གྲུབ་རྫོང་གི་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་རྔམ་སྟོན་གྱི་ཁྲོམ་སྐོར་གནང་འདུག

བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁོངས་འཕན་པོ་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་བརྡལ་དུ་ས་གནས་བོད་མིའི་ས་ཞིང་མང་པོ་ཞིག་རྒྱ་ནག་གཞུང་གིས་འཆར་འགོད་བྱས་པའི་འཛུགས་བསྐྲུན་ལས་གཞིའི་ཆེད་བཙན་ཕྲོག་བྱས་པ་མ་ཟད། དེ་དག་ལ་གུན་གསབ་ཀྱང་ཕྲན་བུ་ལས་མ་སྤྲད་པས་ས་གནས་ཞིང་པའི་འཚོ་རྟེན་མེད་པར་གྱུར་བའི་དཀའ་ངལ་འོག་ཞིང་པ་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཟླ་འདིའི་ཚེས་ ༡༣ དང་ ༡༤ བཅས་ཉིན་གཉིས་རིང་བེུད་བརྒྱ་ལ་ཉེ་བ་ཞིག་གིས་ལག་ཏུ་རྒྱ་གཞུང་གི་རྒྱལ་དར་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་དང་མའོ་ཙེ་ཏུང་། ཏིང་ཞའོ་ཕིང་། ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་འགོ་འཁྲིད་ལྔའི་འདྲ་པར་ཡོད་པའི་པར་སྒྲོམ་ཆེན་པོ་ཞིག་འཁྱེར་ཏེ་འཕན་པོ་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་བརྡལ་གྱི་ཁྲོམ་ལམ་དུ་ཞི་བའི་རྔམ་སྟོན་གྱི་ཁྲོམ་སྐོར་གནང་འདུག རྒྱ་གར་ནང་གནས་སྡོད་འཕན་པོ་བ་བཟང་པོ་ལགས་ཀྱིས་ཤེས་རྟོགས་བྱུང་བའི་གནས་ཚུལ་འགྲེལ་བརྗོད་གནང་དོན་ལ། ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་ཚང་མ་བུད་མེད་ཤ་སྟག་ཡིན་པ་དང་། བུས་ཞི་རྒོལ་བྱས་པ་ཡིན་ན་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་མ་ཉེས་ཁ་གཡོག་བྱས་ཏེ་ཉེས་རྡུང་གཏོང་རྒྱུར་དོགས་ཏེ་བུད་མེད་ཚོས་ཞི་རྒོལ་བྱས་པ་རེད་འདུག ཞི་རྒོལ་གནང་དོན་གཙོ་བོ་ནི། ས་གནས་མི་མང་གི་ཞིང་ཁ་མང་པོ་ཞིག་བཙན་ཕྲོག་བྱས་པ་མ་ཟད། དེ་དག་གི་གུན་གསབ་ཀྱང་ཕྲན་བུ་ལས་མ་སྤྲད་པར་བརྟེན་མང་ཚོགས་རྣམས་འུ་ཐུག་ཏེ་ཁྲིམས་མཐུན་ཞི་བའི་ངོ་རྒོལ་གནང་པ་ཞིག་ཡིན་པར་འགྲེལ་རྗོད་གནང་སོང་། ད་ལྟའི་འཆར་རྒྱ་ནག་གཞུང་གི་ངོས་ནས་ཞི་རྒོལ་གནང་མཁན་མང་ཚོགས་འཛིན་བཟུང་བྱས་པ་དང་ཉེས་རྡུང་བཏང་བ་སོགས་བྱུང་ཡོད་མེད་དང་ཁོ་ཚོའི་དགོས་འདུན་ལ་ཐག་གཅོད་གང་ཞིག་བྱུང་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད། ཡང་དེ་སྔོན་ཁུལ་དེའི་མང་ཚོགས་ཀྱི་ས་ཞིང་མང་པོ་ཞིག་རྒྱ་གཞུང་གིས་བཙན་ཕྲོག་བྱས་ཡོད་པའི་སྐོར་བཙན་བྱོལ་ནང་ཡོད་པའི་འཕན་པོ་བ་སྤེན་པ་ལགས་ཀྱིས་འགྲེལ་བརྗོད་གནང་པར་དེ་སྔོན་ཕྱི་ལོ་ ༢༠༠༧ དང་ ༢༠༠༨ ཡས་མས་ནང་དུ་ཡང་རྒྱ་གཞུང་གིས་འཕན་པོ་དགའ་ལྡན་ཆོས་འཁོར་གྱི་ཡུལ་མིའི་ས་ཞིང་མང་པོ་ཞིག་བཙན་དབང་གིས་གཞུང་བཞེས་བཏང་ཡོོད་པ་སོགས་ཀྱི་གནས་ཚུལ་འགྲེལ་བརྗོད་གནང་སོང་། སྔ་ལོ་ ༢༠༡ ༥ལོའི་ལོ་གསར་གོང་དུ་རྒྱ་གཞུང་གིས་འཕན་པོ་དགའ་ལྡན་ཆོས་འཁོར་ཉེ་འཁྲིས་ཀྱི་རྒྱུད་རོང་དང་རྒྱལ་རོང་གཉིས་ཀྱི་ཡུལ་མིའི་ས་ཞིང་མང་པོ་ཞིག་ཀྱང་བཙན་དབང་གིས་གཞུང་བཞེས་བཏང་ཡོད་སྐོར་དང་། གཞུང་བཞེས་བཏང་ཟིན་པའི་ཞིང་ཁའི་གུན་གསབ་ཀྱང་ཕྲན་བུ་ལས་སྤྲད་མེད་ཀྱང་མང་ཚོགས་ནས་གོང་རིམ་ལ་ཞུ་གཏུག་བྱ་ཡུལ་མེད་པར་གྱུར་བའི་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད། ད་ལྟའི་འཆར་ས་ཆ་དེ་དག་ཐོག་ཁང་པ་བརྒྱབ་ཏེ་འབྲོག་ས་བཙན་ཕྲོག་བྱས་པའི་བྱང་ཁུལ་འབྲོག་པ་ཁག་ཅིག་བཙན་དབང་གིས་གནས་སྤོ་བྱེད་བཅུག་ཡོད་ཅིང་། འབྲོག་པ་དེ་དག་ཀྱང་ཞིང་པའི་འཚོ་བར་ཉམས་མྱོང་དང་གོམས་འདྲིས་མེད་པ་འདི་བཞིན་འཚོ་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་འགྲེལ་བརྗོད་གནང་ཡོད།

རྒྱ་གཞུང་གིས་དགེ་བཙུན་རྣམས་ཀྱི་བདེ་འཇགས་ལ་བློ་འཚབ་ཡོད་ཚེ་དགོན་པ་མང་དུ་ཐོངས་དགོས་ཅེས་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་དགོན་པ་དང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་ཤག་གཏོར་བཤིག་གཏང་རྒྱུའི་ལས་འཆར་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་དང་འབྲེལ།  རྒྱ་གཞུང་གིས་དོན་དངོས་ཐོག་དགེ་བཙུན་རྣམས་ཀྱི་བདེ་འཇགའ་ལ་བློ་འཚབ་ཡོད་ན། དགོན་པ་མང་དུ་ཐོངས་དགོས་པ་གསུངས་འདུག རྩ་བའི་བོད་གསེར་རྟ་བླ་རུང་དགོན་སྒར་དགོན་པ་དེ་ཐོག་མར་རྙིང་མའི་བླ་ཆེན་འདུ་འཇོམས་རིན་པོ་མཆོག་གིས་ཕྱག་གཏབ་པ་ཞིག་དང། བོད་ནང་དུས་འགྱུར་རྗེས་སྙན་སྒྲགས་ཆེ་བའི་རྙིང་མའི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་བསྐྱར་གསོ་གནང་པ་ཞིག་རེད་འདུག དགོན་པ་དེ་རིམ་པས་བོད་བརྒྱུད་ནང་བསྟན་རིག་པའི་སློབ་གཉེར་ཁང་གཙོ་གྲས་ཤིག་ཏུ་གྱུར་ཏེ། བོད་ཀྱི་མདོ་དབུས་ཁམས་གསུམ་དང་རྒྱ་ནག་བཅས་ནས་གྲྭ་བཙུན་སྟོང་ཕྲག་མང་པོ་དགོན་པ་དེར་སློབ་གཉེར་གནང་ཆེད་ཕེབས་ཡུལ་གནད་ཆེ་ཞིག་ཡིན་པ་རེད་འདུག དེ་མཚུངས་སུ་དགོན་པ་དེ་བོད་ཀྱི་ནང་བསྟན་མཁས་གྲུབ་གཉིས་ཀྱི་འབྱུང་ཁུངས་ཞིག་ཀྱང་ཆགས་ཡོད་པ་རེད། དེ་ཡང་ཉིན་ཤས་གོང་རྒྱ་གཞུང་ནས་ཀྲུང་དབྱང་སྐབས་ ༦ པའི་བོད་ཁུལ་ལས་སྒྲུབ་གྲོས་མོལ་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལྟར། གསེར་རྟ་རྫོང་བླ་རུང་དགོན་པ་དང་ལྔ་རིག་ནང་བསྟན་སློབ་གླིང་དག་སྒྲིག་བཅོས་སྐྱོང་གི་བྱ་བས་ལས་འགན་ཞེས་པའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༣༠ སྔོན་ལ་བླ་རུང་སྒར་སྤྱིའི་མི་འབོར་ ༥༠༠༠ དགོས་པའི་ཚོད་འཛིན་ཐུབ་དགོས་རྒྱུ།  གྲྭ་བཙུན་གྱི་ཁང་པ་དང་། སྒྲིལ་འགལ་གྲྭ་ཁང་གསར་པ་སོགས་ཁྱོན་ཁང་པ་ ༡༥༠༠ འདི་ལོའི་ཟླ་ ༡༠ ཚེས་ ༣༠ ཉིན་གྱི་སྔོན་དུ་གཏོར་བཤིག་ཟིན་དགོས་སྐོར་དང་། དགོན་པའི་འཛིན་སྐྱོང་གི་ལས་གཞི་རྣམས་རྒྱ་ནག་གཞུང་གི་བཀོད་པའི་བཅའ་འདོད་རུ་ཁག་གི་སྟངས་འཛིན་བྱེད་དགོས་པ་སོགས་འཁོད་ཡོད་པ་རེད་འདུག རྒྱ་གཞུང་གིས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་ནས་གྲྭ་བཙུན་གྱི་བདེ་འཇགས་དང་མེ་སྐྱོན་གྱི་ཉེན་ཁང་སོགས་ལ་གཞིགས་ཏེ་ཐག་གཅོད་དེ་ལྟར་བྱས་ཡོད་པ་བརྗོད་བཞིན་ཡོད་པ་རེད། གནད་དོན་དེ་དང་འབྲེལ་ཁ་སང་ Human Rights Watch འམ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་དོན་དངོས་ཐོག་གྲྭ་བཙུན་རྣམས་ཀྱི་བདེ་འཇགས་ལ་སེམས་ཁུར་དང། ཆོས་དད་རང་དབང་ལ་བརྩིས་བཀུར་ཞུ་བཞིན་ཡོད་ཚེ་ བོད་མི་དང་ནང་པའི་དད་ལྡན་པ་རྣམས་ལ་དགོན་པ་གང་མང་བརྒྱག་བཅུག་དགོས་པ་གསུངས་འདུག ལྟ་ཞིབ་ཚོགས་པའི་རྒྱ་ནག་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས་རྒྱ་ནག་གཞུང་གིས་དགོན་པ་དང་ཆོས་སྡེ་ཆེ་ཆུང་གང་ཡིན་དང་གྲྭ་བཙུན་མང་ཉུང་གི་གྲངས་འབོར་སོགས་ལ་ཚོད་འཛིན་ནམ་ཡང་བྱེད་རྒྱུ་མེད་སྐོར་དང་། ལྷག་དོན་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བརྩི་བཀུར་དང་མཐོང་ཆེན་སྤྲོད་ནས་དེ་དག་གི་དད་མོས་ལ་ཐག་གཅོད་བྱ་མི་རུང་བ་མ་ཟད། ཅི་ཏེ་རྒྱ་གཞུང་ནས་བླ་རུང་སྒར་དགོན་པར་གྲྭ་བཙུན་མང་དྲག་པ་མཐོང་ཚེ་དེར་དགོན་པ་གང་མང་བརྒྱག་རྒྱུའི་ཆོག་མཆན་སྤྲོད་དགོས་པ་སོགས་གསུངས་འདུག

ཐེའུ་རང་ལགས་ཀྱིས་བོད་ཀྱི་ཁོར་ཡུག་རྩ་བཏོར་འགྲོ་བཞིན་པར་སེམས་ཚོར་གྱི་རྩོམ་ཡིག་ཞིག་སྤེལ་འདུག

བོད་ནང་དུ་བཅའ་བཞུགས་བོད་པའི་ན་གཞོན་རྩོམ་པ་པོ་གྲགས་ཅན་དང་ཆབ་སྲིད་བཙོན་ཟུར་ཐེའུ་རང་ལགས་ཀྱིས་བོད་ཀྱི་ཁོར་ཡུག་རྩ་བཏོར་འགྲོ་བཞིན་པར་སེམས་ཚོར་གྱི་རྩོམ་ཡིག་ཞིག་སྤེལ་འདུག དེའང་བོད་ཀྱི་རྩོམ་པོ་གྲགས་ཅན་ཐེའུ་རང་ངམ་བཀྲིས་རབ་བརྟན་ལགས་ཀྱིས་རྒྱ་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་ཐོག་སྤེལ་བཞིན་པའི་ཚབས་ཆེའི་ལས་གཞི་དང། ད་ལྟའི་བོད་ནང་གི་ཁོར་ཡུག་གནས་སྟངས་སོགས་ཐེར་བཏོན་གྱིས་མི་དེ་དག་ཞེས་ཟུར་ཟའི་སྙན་རྩོམ་ཞིག་ཕྱག་བྲིས་གནང་འདུག ཁོང་གི་ཟླ་བ་སྔོན་མའི་ཚེས་ ༢༢ ཉིན་སྙན་རྩོམ་དེ་ཕྱག་བྲིས་གནང་འདུག་ཀྱང་། ཉེ་ཆར་གཞི་ནས་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་ཕྱི་འགྱར་བྱུང་ཡོད་པ་རེད། ཁོང་གིས་བརྩམས་པའི་ཟུར་ཟའི་སྙན་རྩོམ་དེར་ཁྱོན་ཡིག་ཕྲེང་ ༡༥ འདུག་པ་དང། ཡིག་ཕྲེང་གི་དུམ་མཚམས་དང་པོ་དང་གཉིས་པའི་ནང་། ཐོག་མར་མི་དེ་དག་བོད་ལ་མགྲོན་དུ་སླེབས་ཡོད་ཀྱང། ཕྱིས་སུ་བོད་ཀྱི་ས་ཁུལ་དུ་གཞི་རྟེན་ཆགས་ཏེ་བོད་མཐོ་སྒང་གི་རང་འབྱུང་ཁོར་ཡུག་གི་དྭངས་གཙང་ཆུ་བོ་རྣམས་སྦགས་བཙོག་བཟོས་པ་དང། ནགས་ཚལ་དང་རྩ་ཐང་རྣམས་རྩ་མེད་དུ་གཏོང་བཞིན་ཡོད་པ་མ་ཟད། ཞིང་ཁ་སོགས་སུ་རྫས་ལུས་མི་གཙང་བ་རིགས་བརྒྱབ་པ་སོགས་ཀྱིས་བོད་ཀྱི་རང་འབྱུང་ཁོར་ཡུག་དང་རི་དྭགས་རྣམས་ལ་དོག་ཕོགས་ཆེན་པོ་འགྲོ་བཞིན་ཡོད་པའི་གནང་ཚུལ་ཁག་ཐེར་བཏོན་གནང་འདུག ད་དུང་ཁོང་གིས་མི་དག་ནས་བོད་ཀྱི་ས་ཆ་རྣམས་བཙན་དབང་གིས་བགོས་ཤ་བརྒྱབ་པ་དང། ར་བ་སྐོར་བ། རྟ་ལུག་ནོར་གསུམ་ཇི་ཉུང་དུ་བཏང་བ། དྲག་གནོན་དང་བཙན་དབང་གིས་བོད་ཀྱི་ས་ཁུལ་དུ་ཡོད་པའི་གསེར་དང་གཏེར་ཁ་རྣམས་ཕྱི་ལ་འོར་འདྲེན་བྱེད་བཞིན་ཡོད་གསལ་བཏོན་གནང་བ་དང་འབྲེལ། ལྷག་དོན་ལས་གཞི་དེ་དག་ཐོག་ཞི་རྒོལ་བྱེད་མཁན་བོད་མི་ཚོར་ཁྲིམས་དང་སྲིད་བྱུས། འཆམ་མཐུན་བཅས་བྱེད་དགོས་པར་ཁ་གཡར་ཏེ་དོན་དངོས་ཐོག་ཁོང་རྣམས་ལ་དོ་དམ་དང། བཙོན་འཇུག་སོགས་བྱས་ཡོད་སྐོར་འགྲེལ་བརྗོད་ཀྱང་གནང་འདུག ཐེའུ་རང་ལགས་ནི། བོད་ནང་གཞོན་སྐྱེས་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་མ་ཟད། ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། ༢༠༠༩ ལོར་ཁོང་གིས་ཁྲག་ཡིག་ཞེས་པའི་དཔེ་དེབ་བྲིས་རྩོམ་གྱིས་འགྲེམས་སྤེལ་བྱས་པའི་རྗེས་སུ། ༢༠༡༠ ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཁོང་འཛིན་བཟུང་བྱས་ནས་ལོ་གཅིག་ལྷག་རིང་ཁྲིམས་བཤེར་གང་ཡང་མ་བྱས་བར་བཀག་བསྐྱིལ་བྱས་ཡོད་པ་རེད། དེ་རྗེས་སླར་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༦ ཚེས་ ༢ ཉིན་རྔ་པ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་རྒྱལ་ཁབ་ཁ་བྲལ་རིང་ལུགས་པའི་ཉེས་འཛུགས་འོག་ལོ་ ༤ རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ནས་སྔ་ལོ་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་བཙོན་གྲོལ་བཏང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བོད་ནང་གི་གནས་ཚུལ་གཞན་ཞིག་ཐོན་པར་གཞིགས་ན། དེ་སྔོན་རྒྱ་ནག་གཞུང་གིས་གསང་བ་ཕྱིར་བསྒྲགས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་པའི་བོད་མདོ་སྨད་རྔ་པ་རྨེའུ་རུ་མ་རུ་ཆེན་གསུམ་པའི་ཚེ་རིང་འཚོ་ལགས་ཁ་སང་ཟླ་ ༦ ཚེས་ ༩ ཉིན་གློད་བཀྲོལ་བཏང་འདུག

Latest news