Tibetan Royal Year of 2151 | Year of the Wood Dragon

བོད།

རྔ་བ་ཀིརྟིའི་དགོན་པའི་གྲྭ་བློ་བཟང་ལགས་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

སྔ་ལོའི་བོད་མདོ་སྨད་རྔ་བ་རྫོང་ཐོག་ཏུ་ཞི་བའི་རྔམ་སྟོན་གནང་སྟེ་འཛིན་བཟུང་བཀག་ཉར་བྱས་པའི་ཀིརྟི་དགོན་པའི་གྲྭ་བློ་བཟང་ལགས་ལ་ལོ་གསུམ་རིང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་གཅད་འདུག དེའང་ཡུ་རོབ་རྒྱལ་ཁབ་སུད་སིར་བཞུགས་པའི་བསོད་ནམས་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་དོན། སྔ་ལོའི་ཕྱི་ཟླ་ ༩ པའི་རྔ་བ་རྫོང་ཐོག་ཏུ་ཞི་རྒོལ་གནང་རྐྱེན་རྒྱ་གཞུང་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ལགས། དུས་དེ་ནས་བཟུང་ད་བར་ཟླ་བ་ ༡༠ ལྷག་ཙམ་བཙོན་འཇུག་བྱས་རྗེས། དེ་རིང་ཁོང་ལ་ལོ་གསུམ་རིང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག་པ་དང་། དེ་རིང་ཁྲིམས་ཐག་བཅད་སར་ཁོང་གི་ནང་མི་ཉེ་འབྲེལ་སུ་གང་ཡང་བཏང་མེད་སྐོར་སོགས་གསུངས་སོང་། གཞི་རྩའི་རང་ལོ་ ༢༣ སོན་པའི་གྲྭ་བློ་བཟང་ལགས་ནི། རྒྱ་གཞུང་གིས་སྔ་ལོ་སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༩ པའི་ནང་རྔ་བ་རྫོང་ཐོག་ཏུ་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དང་༸པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཁའ་མཁའ་དབྱིངས་སུ་འཕྱར་ནས་༸གོང་ས་མཆོག་༸སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་བཙོན་ནས་གློད་འགྲོལ་གཏོང་དགོས་ཞེས་གོམ་བགྲོད་དང་ཞི་རྒོལ་སྐད་འབོད་གནང་སྟབས། དེ་མ་ཐག་རྒྱ་གཞུང་ཉེན་རྟོག་པ་སླེབས་ཏེ་ཁོང་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ད་བར་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་གྱུར་ཡོད་པ་རེད། འོན་ཀྱང་དེ་རིང་ཟླ་ ༧ ཚེས་ ༡༩ ཉིན་རྔ་བ་རྫོང་ཐོག་ནས་སྤྱི་ལེ་ ༣༠༠ མཚམས་སུ་ཡོད་པའི་མོ་ཞན་ས་གནས་ཁྲིམས་ཁང་དུ་ཁོང་ལ་ལོ་གསུམ་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་ཤེས་རྟོགས་ཐུབ་འདུག རྩ་བའི་གྲྭ་བློ་བཟང་ལགས་ནི་རང་ལོ་ ༢༣ སོན་ཡོད་པ་དང་། ཕ་ཡུལ་ཕྱུགས་ལས་འགབབ་མ་ནས་ཡིན་ཞིང་།  ཁོང་དགོན་པའི་ནང་དུ་ཕར་ཕྱིན་ལོ་རིམ་དང་པོར་སློབ་གཉེར་གནང་མུས་ཡིན་འདུག  

མཁན་པོ་ཀར་ཚེ་ལགས་བཙོན་གྲོལ་ཐོབ་ཀྱང་མུ་མཐུད་རྒྱ་གཞུང་གིས་དམ་དྲག་འོག་གནས་འདུག

ཉེ་ཆར་ཁམས་ནང་ཆེན་ཇ་པ་དགོན་གྱི་མཁན་པོ་ཀརྨ་ཚེ་དབང་ངམ་ཀར་ཚེ་ལགས་རྒྱ་གཞུང་གི་བཙོན་ཁང་ནས་ལོ་གཉིས་དང་ཕྱེད་ཀའི་བཙོན་འཇུག་བྱས་རྗེས་གློད་འགྲོལ་བཏང་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་ཉེས་མིང་གཡོགས་པའི་འོག་ལོ་གཉིས་དང་ཕྱེད་ཀའི་ཁྲིམས་ཐག་བཅད་པའི་མཁན་པོ་ཀར་ཚེ་ལགས་ཟླ་བ་སྔོན་མའི་ཚེས་ ༤ ཉིན་ཁྲིན་ཏུའུ་བཙོན་ཁང་ཞིག་ནས་གློད་འགྲོལ་བཏང་སྟེ་ཡུལ་ཤུལ་ཁུལ་ཐོག་གི་ཉེ་འབྲེལ་ཞིག་གི་ནང་བཅུག་ཡོད་པ་ཤེས་པ་ཙམ་ལས། ད་ཆ་ཁོང་གི་གཟུགས་གཞིའི་གནས་སྟངས་ཇི་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད། འོན་ཀྱང་མཁན་པོ་ཀར་ཚེ་ལགས་གློད་འགྲོལ་ཐོབ་རྗེས་ཁོང་གིས་སྤེལ་བའི། ཁོང་སླར་ཡང་མི་ཡུལ་དུ་ཐོན་ཡོད་ཅེས་པའི་རྩོམ་ཐུང་ཞིག་བརྒྱུད་ལམ་ཁག་ཏུ་ཐོན་འདུག་པ་དེའི་ནང་། སྙིང་ཉེ་བའི་ཁྱེད་ཅག་གི་ཐུགས་ཁུར་དང་གདུང་སེམས། རྒྱབ་སྐྱོར་དང་སྨོན་འདུན་གྲངས་མེད་ཀྱིས། ང་སླར་ཡང་མི་ཡུལ་དུ་སླེབས་ཡོད། ཞེན་དྲག་པའི་འགན་འཁྲིད་དེ་དག་གི་ཆེད་དུ། བགྲོད་མ་ཚར་བའི་ལམ་དེ་དག་གི་ཆེད་དུ། མི་ཡུལ་གྱི་སྤྱི་ཆུས་དང་ལྷ་ཡུལ་གྱི་སྒེར་ཆུས་དེ་དག་གི་ཆེད་དུ། ལུས་ཕུང་བདེ་དང་སེམས་ཁམས་དྭངས་གསལ་དང་ང་སླར་ཡང་མི་ཡུལ་དུ་ཐོན་ཡོད། དཀོན་མཆོག་མཁྱེན། ང་ཚོའི་འཇིག་རྟེན་ལ་རང་དབང་གི་འོད་སྣང་འཕྲོ་བར་ཤོག་ཅེས་གསུངས་འདུག གཞི་རྩའི་མཁན་པོ་ཀར་ཚེ་ལགས་ནི་ནང་ཆེན་ཕྱོགས་ཀྱི་མཁན་པོ་གཙོ་ཤོས་གྲས་ཤིག་ཡིན་པ་དང་རྒྱུན་ལྡན་ནས་ཁོང་གིས་ས་གནས་བོད་རིགས་ཚོར་བོད་ཀྱི་ཆོས་དང་རིག་གཞུང་། ལྷག་དོན་སྐད་ཡིག་དང་ཡ་རབས་བཟང་སྤྱོད་རྒྱུན་འཛིན་བྱ་རྒྱུའི་ཐད་ལ་བཀའ་སློབ་མང་དག་ཞིག་གནང་མྱོང་ཡོད་སྟབས། རྒྱ་གཞུང་གིས་ཐེངས་མང་འཛིན་བཟུང་བྱེད་གྲབས་བྱས་པའི་ཁྲོད།  མཁན་པོ་ཀར་ཚེ་ལགས་ ༢༠༡༣ ལོའི་ཟླ་ ༡༢ ཚེས་ ༦ ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་རྒྱུ་མཚན་གང་ཡིན་གསལ་ཁ་མེད་པར་ལྐོག་ནས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། སྐབས་དེར་ནང་ཆེན་རྫོང་ཇ་པ་དགོན་པའི་གྲྭ་མང་དང་ས་གནས་མི་མང་གིས་མཁན་པོ་ཁོང་འཛིན་བཟུང་བྱས་པར་ངོ་རྒོལ་དང་བཙོན་གྲོལ་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་སྤེལ་མིན་ལ་མ་ལྟོས་པར། རྒྱ་གཞུང་གིས་མཁན་པོ་གློད་འགྲོལ་བཏང་ཕྱིར་ཞུ་འབོད་གནང་མཁན་བོད་མི་ ༡༦ དོ་དམ་བཀག་ཉར་བྱས་པ་དང་། མཁན་པོ་ཀར་ཚེ་ལགས་སྐུ་གཟུགས་བདེ་མིན་གྱི་དཀའ་ངལ་དུ་མ་འཕྲད་བཞིན་པའི་ཁར། བཙོན་ཁང་ནང་སྨན་བཅོས་ཀྱི་མཐུན་རྐྱེན་མ་སྤྲད་པ་མ་ཟད། མཁན་པོ་རང་ཉིད་ཀྱི་ཁྲིམས་རྩོད་པ་དང་ཐུག་འཕྲད་བྱེད་མ་བཅུག་པ། དེ་བས་ཀྱང་འཛིན་བཟུང་བྱས་པའི་བོད་མི་ ༡༦ གི་ནང་མི་ཚོ་ལའང་ཁྲིམས་རྩོད་པ་གླ་ཆོག་གི་མེད་པའི་ཉེན་བརྡ་བཏང་བའི་ཉིན་ཤས་རྗེས་བོད་མི་ ༡༦ ཆ་ཚང་རིམ་པའི་གློད་འགྲོལ་བཏང་ཡོད་ནའང་། མཁན་པོ་ཀར་ཚེ་ལགས་མུ་མཐུད་བཙོན་འཇུག་བྱས་ཏེ་མཐར་ལོ་གཉིས་དང་ཕྱེད་ཀའི་ཁྲིམས་ཐག་བཅད་ནས་འདི་ལོ་བཙོན་འཇུག་གི་དུས་བཀག་ཚང་ནས་བཙོན་གྲོལ་ཐོབ་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་རེད།

རྒྱ་གཞུང་གིས་སྔ་ལོ་འཛིན་བཟུང་བྱས་ནས་ལོ་གཉིས་ལྷག་ཁྲིམས་ཐག་བཅད་པའི་བོད་མི་ལྔ་པོ་འཕྲལ་དུ་གློད་བཀྲོལ་དགོས་པའི་ཞུ་སྐུལ་གནང་པ།

རྒྱ་གཞུང་གིས་དེ་སྔ་དཀར་མཛེས་རྫོང་དུ་བོད་པའི་བེུད་ཚེ་རིང་མཚོ་ཞུ་བ་ཞིག་འདས་གྲོངས་གྱུར་བའི་གནད་དོན་དེ་དང་འབྲེལ་ངོ་རྒོལ་སྐད་འབོད་བྱས་ནས་འཛིན་བཟུང་བྱས་པའི་བོད་མི་༥ལ་ལོ་གཉིས་དང་ཕྱེད་ཀའི་ཁྲིམས་ཐག་བཅད་ཡོད་པ་ལྟར། ཉེ་ཆར་དཀར་མཛེས་རྫོང་གི་དགེ་རྩ་ཟླ་ཐར་མའི་ས་གནས་ཀྱི་མི་མང་མཉམ་རུབ་ཀྱིས་བཙོན་འཇུག་བྱས་པའི་བོད་མི་ལྔ་པོ་ཉེས་མེད་ཡིན་པས་ཁོང་རྣམས་གློད་བཀྲོལ་བཏང་དགོས་པ་དང་། དེ་བཞིན་སྲིད་འཛིན་ཞི་ཅིང་ཕིང་གི་གཙོས་རྒྱ་ནག་གི་འགོ་ཁྲིད་རྣམས་ནས་ཚེ་རིང་མཚོ་གློ་བུར་དུ་འདས་གྲོངས་སུ་འགྱུར་་དོན་གང་ཡིན་ཐད་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པའི་ཞུ་འབོད་གནང་འདུག རྩ་བའི་སྔ་ལོ་ཕྱི་ཟླ་ ༡༠ ཚེས་ ༥ ཉིན་གྱི་ཞོགས་པར་རྒྱ་གཞུང་གི་དབྱེ་བའི་དཀར་མཛེས་རྫོང་གི་དགེ་རྩ་ཟླ་ཐར་མའི་ས་གནས་སུ་བོད་པའི་བེུད་ཚེ་རིང་མཚོ་མོ་ཞུ་བ་ཞིག་གིས་རང་ཉིང་ངོར་བྱུག་རྫས་བསྐུས། ལུས་ལ་དོར་མ་དང་། ནང་ལ་བཅས་བསྐོན་ནས་རྐེ་ཐག་པས་བསྡམས་ཏེ་ཟླ་ཐར་མ་ཆུས་ཐོག་གི་ཟམ་པ་ཞིག་ཡོད་པ་དེའི་སྟེང་ནས་མར་ཁོ་མོ་དཔྱང་ལ་བཏགས་ནས་འདས་གྲོངས་སུ་འགྱུར་བར་ཁོ་མོའི་ནང་མི་དང་གྲོང་པ་ཁྱིམ་མཚེས་ཚོས་ ཁོ་མོ་འཆི་རྐྱེན་དེ་ཁུལ་དེའི་ནང་གི་བླ་མ་གཅིག་དང་ཉེན་རྟོག་པ་གཉིས་ཡིན་པར་ངོས་འཛིན་གྱིས་གནད་དོན་དེར་ཞིབ་འཇུག་དགོས་པའི་རྒྱ་གཞུང་ལ་འབོད་སྐུལ་ཐེངས་མང་བྱས་ཀྱང་། ས་གནས་སྲིད་གཞུང་ནས་དེར་ཡ་ལན་རྩ་བ་ནས་མ་བྱས་སྟབས། མཐར་ཁོང་རྣམས་འུ་ཐུག་ཐབས་ཟད་ཀྱིས་རྫོང་སྲིད་གཞུང་གི་ཉེན་རྟོག་ལས་ཁུངས་ཀྱི་ ཁང་པའི་སྒོ་དང་སྒེའུ་ཁུང་དང་། རླངས་འཁོར་བཅས་ལ་རྡོ་བཞུས་ནས་སྐད་འབོད་གནང་པར་བརྟེན། རྒྱ་གཞུང་གིས་ས་གནས་བོད་མི་དེ་དག་ནས་ཁ་བྲལ་གྱི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པའི་ཉེས་མིང་གཡོག་ནས་ཟླ་ ༡༠ ཚེས་ ༡༠ ཉིན་ར་རྒྱའི་གྲོང་གསེབ་དུ་དྲག་ཆས་དམག་མི་ ༡༠༠༠ ལྷག་ཆེད་གཏོང་གིས་ཚེ་རིང་མཚོ་མོ་ལགས་ཀྱི་ནང་མི་གཙོ་བོར་གྱུར་པའི་ས་གནས་བོད་མི་ཁྲོད་གང་བྱུང་གཅར་རྡུང་བཏང་ནས་ཁྱོན་བོད་མི་ ༤༠ ཙམ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་རེད། བཙོན་འཇུག་བྱས་པའི་རིང་ཁོང་རྣམས་ལ་རྡུང་རྡེག་ཚད་མེད་དང་འདྲི་བརྩད་ཐེངས་མང་བྱས་ནས་ཟླ་ཤས་རྗེས་རིམ་པའི་བཙོན་གྲོལ་བཏང་ཡང་། དེ་དག་ཁྲོད་བོད་མི་རང་ལོ་ ༣༦ སོན་པའི་ཀུན་བཟང་ལགས་དང་རང་ལོ་ ༢༣སོན་པའི་དཔལ་ལྡན་རིག་འཛིན་ལགས། རང་ལོ་ ༢༨ ཡིན་པ་གྲགས་བཟང་ལགས་དང་རང་ལོ་ ༣༩ སོན་པའི་རབ་བརྟན་ལགས། གཞན་ཡང་ལོ་ན་ ༤༢ ཅན་གྱི་དབང་མགོན་ལགས་བཅས་མི་ལྔ་མུ་མཐུད་རྒྱ་གཞུང་གིས་བཀག་ཉར་བྱས་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་བོད་མི་ལྔ་པོ་དེ་དག་ལ་ལོ་གཉིས་དང་ཕྱེད་ཀའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ས་གནས་མི་མང་ནས་གནད་དོན་དེར་རྩད་གཅོད་གནང་སྐབས། རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་བོད་མི་ལྔ་པོ་དེ་དག་ལ་ཁྲིམས་ཆད་བཏང་ཕྱིར་དཔང་རྟགས་ཀྱི་ཚུལ་དུ་ས་གནས་བོད་མི་གཞན་ལྔ་ནས་མཛུབ་ཐེལ་ལེན་ཏེ་ཁོང་རྣམས་པར་མ་ཉེས་ཁ་གཡོག་བྱེད་ཡོད་པ་ར་སྤྲོད་བྱུང་འདུག ཉེ་ཆར་ས་གནས་བོད་མི་རྣམས་ནས་སྤྱི་ཚོགས་དྲ་ལམ་བརྒྱུད་ཞུ་སྙན་གཅིག་བཏང་བའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་ཚོར་རེ་འབོད་དང་སྦྲགས། ད་ཆ་རྒྱ་གཞུང་གིས་བཙོན་འཇུག་འོག་ཡོད་པའི་བོད་མི་ལྔ་པོ་དེ་དག་མི་མང་ཉམ་ཆུང་ཡིན་པ་དང་། ཁོང་རྣམས་ལ་གཞི་མེད་ནག་ཉེས་གཡོག་པ་ནི་ཉེས་མེད་ལ་ཉེས་འཛུགས་བྱས་པ་ཞིག་ཡིན་པ་གསལ་བཏོན་གནང་སྟེ། རྒྱ་གཞུང་གིས་དབྱེ་བའི་དཀར་མཛེས་རྫོང་གི་མཐོ་གྲས་དཔོན་རིགས་རྣམས་ཁ་མཐུན་བྱས་པའི་ཐོག་ས་གནས་བོད་མིར་ཐུབ་ཚོད་གཏོང་རྒྱུ་མཚམས་འཇོག་བྱ་དགོས་པ་དང་།   འདས་གྲོངས་སུ་འགྱུར་བའི་བེུད་ཚེ་རིང་མཚོ་མོ་ལགས་ཀྱི་གནད་དོན་ཐད་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པ་མ་ཟད། སྲིད་འཛིན་ཞི་ཅིང་ཕིང་གཙོས་པའི་མཐོ་གྲས་དཔོན་རིགས་རྣམས་ནས་རྒྱ་གཞུང་གི་ཁྲིམས་དང་སྒྲིག་གཞིར་ཁྱད་གསོད་ཀྱིས་ལྐོག་བཟའ་རུལ་སུངས་ལ་སོགས་པའི་སྤྱོད་ངན་གྱི་བྱ་སྤྱོད་སྤེལ་མཁན་ཡོངས་རྫོགས་ཡོ་བསྲང་བྱེད་པའི་སྒོ་ནས་དེ་དག་ཐོག་རྟོག་ཞིབ་བྱེ་དགོས་པ་བཅས་ཀྱིས་དགོས་འདུན་བཏོན་གནང་འདུག གཞི་རྩའི་ཚེ་རིང་མཚོ་ལགས་ནི་སྤྱི་ལོ་ ༢༠༡༥ ལོར་རང་ལོ་ ༢༧ སོན་ཞིང་།   ཁོང་གི་ཕ་མིང་ལ་ཐོ་པོ་དང་། མ་མིང་ལ་གཡུ་སྡིས་ཡིན་འདུག་པ་དང་། ཕ་ཡུལ་ནི་རྒྱ་ནག་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང་། ཟླ་ཐར་མ་ཆུས། ཚ་ལུང་ཤང་། དཀྱེལ་ཆེན་རུ་ཁག་གཉིས་པ་ར་རྒྱ་སྡེ་བ་ནས་ཡིན་པ་རེད། རྩ་བའི་ད་རེས་ཀྱི་ཞུ་སྙན་དེ་བཞིན་རྒྱ་གཞུང་གིས་དབྱེ་བའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་དགེ་རྩ་ཟླ་ཐར་མ་ས་གནས་ཀྱི་ཚ་ལང་དང་ཀྱག་ལང་། ཟླ་སྟོད། དེ་བཞིན་ར་སྐོར་བཅས་ཀྱི་གྲོང་སྡེའི་མི་མང་ ༧༠༠ ལྷག་གི་ངོ་ཚབ་ཐོག་ཞུ་སྙན་ཕུལ་བ་ཞིག་ཆགས་ཀྱི་འདུག

གཅན་ཚ་རྫོང་བོད་རིགས་སློབ་མས་སློབ་གྲྭའི་རྒྱ་རིགས་དགེ་རྒན་ལ་བོད་ཡིག་སློབ་སྦྱོང་སྤྲོད་དགོས་པའི་ཞུ་འབོད་གནང་པ།

རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནང་དུ་རྟེན་གཞི་བྱས་པའི་མི་རིགས་སློབ་འབྲིང་གཉིས་པའི་བོད་རིགས་སློབ་མ་ཚོས་ད་ཆ་སློབ་གྲྭ་དེའི་ནང་རྒྱ་རིགས་དགེ་རྒན་ཇེ་མང་དུ་འགྲོ་བཞིན་པ་ཙམ་མ་ཟད། མི་རིགས་སློབ་འབྲིང་ཞེས་པ་མིང་ཙམ་ལས་མ་ལྷག་རྒྱུ་མེད་པའི་ཉེན་ཁ་ཡོད་སྟབས། རྒྱ་རིགས་དགེ་རྒན་རྣམས་ལ་བོད་ཡིག་སློབ་སྦྱོང་སྤྲོད་དགོས་པའི་ཞུ་འབོད་ཀྱི་ཞུ་སྙན་ཞིག་ཕུལ་འདུག རྩ་བའི་ཉེ་ཆར་གཅན་ཚ་ཁུལ་གྱི་མཐོ་རྒྱུག་ཆེན་མོའི་ནང་དུ་སློབ་ཕྲུག་འཕལ་མོ་ཆེ་ཡིག་རྒྱུགས་འཕྲོད་མེད་སྟབས། ཕྲུ་གུའི་ཕ་མ་དང་ཤེས་ལྡན་མི་སྣ་ཚོའི་ཁྲོད་མཐོ་རྒྱུག་ཆེན་མོའི་གྲུབ་འབྲས་ཞན་པོ་ཆགས་དོན་གང་ཡིན་ཐད་གྲོས་བསྡུར་མང་དག་བྱུང་བ་མ་ཟད། དྲ་རྒྱའི་བརྒྱུད་ལམ་ཐོག་ལ་ཡང་གནད་དོན་དེའི་སྐོར་གླེང་སློང་ཤུགས་ཆེ་བྱུང་འདུག དེའི་ཁྲོད་སློབ་གྲྭ་ཁག་གི་ཐོག་ལ་གཞུང་གི་སྟངས་འཛིན་གནང་ཕྱོགས་ཐད་འཐུས་ཤོར་ཆེན་པོ་ཕྱིན་སྐོར་སོགས་བརྗོད་མཁན་མང་དག་ཞིག་བྱུང་འདུག དེ་རིང་འདི་གར་གཅན་ཚ་སློབ་མ་ཚོས་གོང་རིམ་ལ་བཏང་བའི་ཞུ་སྙན་གྱི་འདྲ་པར་ཞིག་འབྱོར་བར་གཞིགས་ན། སློབ་མ་ཚོས་མི་རིགས་སློབ་འབྲིང་གཉིས་པའི་ནང་དུ་ད་ཆ་རྒྱ་རིགས་དེགེ་རྒན་ཇེ་མང་དུ་འགྲོ་བཞིན་པ་དེས་སློབ་གྲྭའི་མིང་ཙམ་ལས་ལྷག་རྒྱུ་མེད་པའི་ཉེན་ཁ་ཡོད་པ་མ་ཟད། སློབ་གྲྭར་དགེ་རྒན་མི་འདང་བའི་གནད་དོན་ཞིག་ཀྱང་ཆགས་ཀྱི་ཡོད་སྟབས། སློབ་མ་ཚོས་ངོས་ནས་སློབ་གྲྭའི་དགེ་རྒན་འཚོལ་རྒྱུ་ནི་ལས་གཞི་ཧ་ཅང་དཀའ་བོ་ཞིག་ཡིན་པ་རྒྱུས་ལོན་དང་བསམ་ཤེས་ཐུབ་ཀྱི་ཡོད་ཀྱང་། སམས་ཤེས་འདི་དྲ་ཞིག་ལ་བརྟེན་ནས་མི་རིགས་སློབ་འབྲིང་ཞེས་པ་མིང་ཙམ་དང་ཕྱིའི་རྣམ་པ་ཙམ་དུ་འགྱུར་བཅུང་འདོད་མེད་པས་གནད་དོན་དེར་ཐག་གཅོད་དགོས་པའི་རེ་འབོད་ཀྱི་ཞུ་སྙན་ཞིག་བྲིས་བཞིན་ཡོད་པ་དང་། ཞུ་སྙན་དེ་ཡང་སློབ་མ་རེ་ཟུང་ཙམ་མིན་པར་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་བོད་རིགས་སློབ་མ་ཡངོས་ཀྱི་རེ་བ་ཡིན་པ་གསུངས་འདུག ཞུ་སྙན་དེའི་གྲུ་དོན་གཙོ་བོ་ནི། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་མི་རིགས་རང་སྐྱོང་གི་སྲིད་ཇུས་ཀྱིས་མི་རིགས་སོ་སོའི་མི་རིགས་མངའ་ཁོངས་ཀྱི་བདག་དབང་ལ་སྲུང་སྐྱོབ་དང་མི་རིགས་རང་སྐྱོང་ས་ཁུལ་ནས་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་ཆོག་པ་དང་། མི་རིགས་རང་གི་མངའ་ཁོངས་རང་གིས་བདག་པོ་བརྒྱག་པ། རང་གི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་བྱེད་ཆོག་པ། ཆོས་ལུགས་དད་མོས་རང་དབང་སོགས་ཀྱི་ཡང་དག་པའི་སྲིད་ཇུས་ཡོད་པ་བཞིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་བོད་རིགས་རང་སྐྱོང་ཞིག་ཡིན་པ་དང་། གཅན་ཚ་མི་རིགས་སློབ་འབྲིང་གཉིས་པ་དེ་ཡང་མི་རིགས་སློབ་འབྲིང་ཞིག་ཡིན་པས། ད་ཆ་སློབ་གྲྭ་དེའི་ནང་དུ་རྒྱ་རིགས་དགེ་རྒན་མང་དག་ཞིག་ཡོད་པ་དེ་རྣམས་ཕྱིར་ཕུད་བཏང་ནས་བོད་རིགས་དགེ་རྒན་བཞག་དགོས་པ་བརྗོད་ཀྱི་མེད་ཀྱང་། རྒྱ་རིགས་དགེ་རྒན་རྣམས་ལ་བོད་ཀྱི་སྐད་ཡིག་སྦྱང་སའི་འཛིན་གྲྭ་ཞིག་གོ་སྒྲིག་ཞུ་ནས་ཁོང་རྣམས་ལའང་རང་ཅག་གི་སྐད་ཡིག་སྦྱང་དུ་བཅུག་རྒྱུའི་རེ་འདུན་བཏོན་འདུག་པ་དང་། རེ་འདུན་དེ་མ་བསྒྲུབ་བར་དུ་སློབ་མ་རྣམས་ནས་ཞུ་འབོད་གནང་རྒྱུ་ཡིན་པ་རེད་འདུག དེ་བཞིན་སློབ་མ་རྣམས་ནས་རེ་འབོད་དེས་མི་རིགས་ཕན་ཚུན་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་བཤད་མེད་ལ། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་སྐད་ཆ་ཡང་བཤད་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ཁོང་ཚོས་མི་རིགས་ཕན་ཚུན་དབར་མཐུན་སྒྲིལ་ཡོང་ཆེད་རྒྱལ་ཁབ་ཀྱི་ཁྲིམས་ལག་བསྟར་བྱས་པ་ཙམ་ལས་ཆབ་སྲིད་དང་འགལ་བའི་གནད་དོན་མེད་པ་བཅས་བཀོད་འདུག རྩ་བའི་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༠ ལོར་བོད་མཚོ་སྔོན་ཞིང་ཆེན་ནང་དུ་བོད་ཀྱི་སྐད་ཡིག་སློབ་གཞི་བཅོས་སྒྱུར་འོག བོད་པའི་སློབ་གྲྭ་ཁག་གི་ནང་དུ་བོད་ཡིག་མ་གཏོགས་གཞན་སློབ་ཚན་ཡོངས་རྫོགས་རྒྱ་ཡིག་ནང་ཕ།ིད་རྒྱུར་གཏན་འབེབས་བྱས་འདུག སྐབས་དེར་མདོ་སྨད་རེབ་གོང་དང་ཆབ་ཚ། གཅན་ཚ་ལ་སོགས་ཀྱི་སློམ་མ་སྟོང་ཕྲག་མང་པོས་སྐད་ཡིག་རང་དབང་དང་འབྲེལ་བའི་ལས་འགུལ་སྔ་རྗེས་རིམ་བཞིན་སྤེལ་ཡོད་པ་རེད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་དགོངས་རྫོགས་ཉིན་མོ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་ཞེས་སྲུང་བརྩི་ཞུས་པ།

དེ་རིང་ཕྱི་ཟླ་ ༧ཚེས་ ༡༢ ཉིན་མོ་སྟེ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱའི་བཙོན་ཁང་ནང་དགོངས་པ་རྫོགས་ནས་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན། བཞུགས་སྒར་དུ་རིན་པོ་ཆེ་མཆོག་གི་རླབས་ཆེན་མཛད་རྗེས་ལ་རྗེས་དྲན་ཞུ་ཕྱིར་དེ་རིང་གི་ཉིན་མོ་དེ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས། ད་ཆ་རྒྱའི་བཙོན་ནང་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོག་མ་དེ་ཕུལ་ཡོད་པ་རེད། དེའང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་བོད་ཀྱི་བེུད་ལྷན་ཚོགས། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག བཞུགས་སྒར་དུ་རྟེན་གཞི་བྱས་པའི་མེག་གྷན་ནོར་བུ་མགྲོན་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཙོས། བོད་མི་མང་སྤྱི་འཐུས་རྣམ་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གི་སྐུ་ཚབ་དང་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་བཅས་ཆེད་ཐོག་རིན་པོ་ཆེ་མཆོག་གི་དགོངས་རྫོགས་དུས་ཚིགས་དང་པོར་བོད་ཀྱི་དཔའ་བོ་དཔའ་མོའི་ཉིན་མོ་ཞེས་སྲུང་བརྩི་གཟབ་རྒྱས་ཞུས་སོང་། སྐབས་དེར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་འགན་འཛིན་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ནས་དེ་རིང་གི་ཉིན་མོ་དེ་བོད་ཀྱི་དཔའ་བོ་དཔའ་མོའི་ཉིན་མོར་སྲུང་བརྩི་ཞུ་དགོས་དོན་ངོ་སྤྲོད་གནང་པ་དང་འབྲེལ། ལོ་ལྟར་ཉིན་མོ་དེ་སྲུང་བརྩི་ཞུ་ནས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་སྙིང་སྟོབས་ལ་རྒྱབ་སྐྱོར་དང་ཆེ་མཐོང་ལྡན་པའི་ཆབ་སྲིད་བཙོན་པ་གཅིག་ལ་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་འབུལ་བཞེས་གནང་གཏན་འཁེལ་ཡོད་པ་ཡོངས་བསྒྲགས་གནང་ཡོད་པ་རེད། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞུང་འབྲེལ་ཐོག་ལོ་ལྟར་གསུམ་བཅུའི་དུས་དྲན་ཉིན་མོ་དེ་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོར་སྲུང་བརྩི་ཞུས་སྲོལ་ཡོད་ཀྱང་། ད་ཆ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་དེ་རིང་གི་ཉིན་མོ་དེ་བོད་ཀྱི་དཔའ་བོ་དཔའ་མོའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་གསལ་སྟོན་དང་འབྲེལ། ང་ཚོའི་བོད་ཀྱི་རྩ་དོན་ཆེད་འཐབ་རྩོད་གང་འདྲ་ཞིག་གནང་རུང་དེ་དག་ཐམས་ཅད་ངོ་བོ་གཅིག་གི་ཐོག་ནས་མདུན་བསྐྱོད་གནང་དགོས་གལ་ཡིན་པ་གསུངས་ཡོད་པ་རེད། ཐེངས་འདིའི་མཛད་སྒོར་ཆེད་བཅར་ཞུས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པའི་ཚོགས་མི་གྲྭ་བསྟན་འཛིན་དངོས་གྲུབ་ལགས་ཀྱིས་རིན་པོ་ཆེ་རྒྱའི་བཙོན་ཁང་ནང་གློ་བུར་དུ་དགོངས་པ་རྫོགས་པའི་གནས་ཚུལ་དེར་བོད་གཞིས་བྱེས་གཉིས་སུ་ཡོད་པའི་རིན་པོ་ཆེའི་སློབ་མ་གཙོས་པའི་འབྲེལ་ཡོད་ཚང་མས་ངོས་ལེན་རྩ་བ་ནས་ཞུས་ཀྱི་མེད་པ་མ་ཟད། ཁོང་རྒྱ་གཞུང་གིས་ཆེད་མངགས་༸སྐུ་བཀྲོངས་པ་རེད་ཅེས་ནན་བརྗོད་གནང་བ་དང་འབྲེལ། མ་འོངས་པར་རིན་པོ་ཆེ་ལྟ་བུའི་ཆབ་སྲིད་བཙོན་པ་གཞན་རྣམས་གློད་བཀྲོལ་ཡོང་བར་མུ་མཐུད་ཤུགས་སྣོན་སྐྱོན་དགོས་གལ་ཡིན་པ་གསུངས་སོང་། གཞན་ཡང་མཛད་སྒོའི་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པས་རིན་པོ་ཆེ་མཆོག་ལ་རྗེས་དྲན་གྱིས་དཔེ་དེབ་ཁག་ཅིག་དང་འོད་སྡེར་བཅས་དབུ་འབྱེད་གནང་པ་མ་ཟད། ལྷག་དོན་རིན་པོ་ཆེའི་མཚན་ཐོག་ལ་རྗེས་དྲན་གྱི་སློབ་ཡོན་དང་སློབ་གསོའི་གསོལ་རས་ཁག་ཅིག་འབུལ་བཞེས་གནང་སོང་། གཞི་རྩའི་གོང་གསལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་གྱིས་གོ་སྒྲིག་འོག དེ་རིང་ནས་འགོ་འཛུགས་ཀྱིས་ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་མོ་སྟེ་རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དགོངས་རྫོགས་ཀྱི་དུས་ཚིགས་དང་། ཁྱད་པར་དུ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་ཞེས་སྲུང་བརྩི་ཞུས་ཏེ་བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་གཅིག་ལ་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་འབུལ་གཏན་འཁེལ་ཡོད་པ་རེད།

པདྨ་ཚེ་བརྟན་ལགས་ཀྱིས་ཁོང་གི་གནད་དོན་ཐོག་ལ་གསལ་ཐག་ཆོད་པའི་ལན་ཞིག་ཡོད་རྒྱུ་ནི་ངའི་རེ་བ་ཡིན་ཅེས་གསུངས་འདུག

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ནས་ཁ་སང་ཚེས་༡༡ཉིན་ weibo དྲ་ཚིགས་བརྒྱུད་ད་བར་ཁོང་གི་གནད་དོན་ཐོག་ལ་ཐུགས་ཁུར་གནང་མཁན་ཚང་མར་བཀྲིན་ཆེ་ཞུ་དང་སྦྲགས། ཁོང་གི་གཟུགས་ཁམས་ཏོག་ཙམ་བདེ་རུ་སོང་ཡོད་པའི་འཕྲིན་ཐུང་ཞིག་སྤེལ་འདུག་པ་མ་ཟད། ལྷག་པར་དུ་རྒྱ་ནག་སྲིད་གཞུང་ནས་ཁོང་གི་གནད་དོན་ཐོག་ལ་གསལ་ཐག་ཆོད་པའི་ལན་ཞིག་ཡོད་རྒྱུ་ནི་ཁོང་གི་རེ་བ་ཡིན་པ་གསུངས་འདུག རྩ་བའི་ཟླ་བ་སྔོན་མའི་ཚེས་༢༥ཉིན་པདྨ་ཚེ་བརྟན་ལགས་ཀྱི་ཅ་དངོས་ཤིག་ཟི་ལིང་གནམ་ཐང་དུ་ལྷག་ཡོད་པ་དེ་ལེན་ཆེད་དུ་བསྐྱོད་པའི་བརྒྱུད་རིམ་ཁྲོད། གནམ་ཐང་ཉེན་རྟོག་པས་ཁོང་འཛིན་བཟུང་བཀག་ཉར་བྱེད་པའི་འོག་རྨས་སྐྱོན་བཏང་རྐྱེན་དེ་རིང་ཉིན་གྲངས་ ༡༨ སོང་མཚམས་སུའང་ཁོང་རྒྱ་གཞུང་གི་གཏན་འཁེལ་བྱས་པའི་མུ་མཐུད་སྨན་ཁང་དུ་ལྷག་ཡོད་པ་རེད། ད་རེས་པདྨ་ཚེ་བརྟན་ལགས་འཛིན་བཟུང་བཀག་ཉར་དང་ལྷག་པར་དུ་ཁོང་ལ་ལག་ལྕགས་རྒྱབ་ནས་རྨས་སྐྱོན་ཏང་པའི་གནས་དོན་ཐོག་ལ་བོད་ཕྱི་ནང་གཉིས་དང་རྒྱལ་སྤྱིའི་མང་ཚོགས་ཙམ་མ་ཟད། རྒྱ་རིགས་ཁག་ཅིག་ནས་དོ་སྣང་ཇེ་ཆེ་དང་སེམས་འཚབ་ཀྱི་རྣམ་འགྱུར་ཤུགས་ཆེ་བསྟན་པའི་གནས་ཚུལ་ཐོན་བཞིན་ཡོད་པའི་མཚམས་འདིར། ཁ་སང་ཚེས་ ༡༡ ཉིན་པདྨ་ཚེ་བརྟན་ལགས་ནས་རང་གི་དྲ་ཚིགས་བརྒྱུད་མང་ཚོགས་ལ་བཀྲིན་ཆེ་ཞུ་དང་སྦྲགས། ཁོང་སྨན་ཁང་དུ་སྨན་བཅོས་འགྲོ་མུས་ཐོག་ལུས་ཁམས་ཏོག་ཙམ་བདེ་རུ་སོང་ཡོད་པ་བརྗོད་འདུག ད་དུང་ཁོང་གིས་འཕྲིན་ཐུང་དེའི་ནང་ད་རེས་ཁོང་ལ་འཕྲད་པའི་གནས་དོན་ཐོག་ལ་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་ཡང་བསྐྱར་ཞིབ་བཤེར་བྱེད་མུས་སྒང་ཡིན་པའི་གནས་སྟངས་ངོ་སྤྲོད་གནང་པ་དང་ཆབས་ཅིག ཁོང་གི་རེ་བར་དོན་དག་དེའི་ཐད་ཐག་ཆོད་གསལ་པོ་བྱེད་ན་མ་གཏོགས་ཡང་བསྐྱར་བཀག་ཉར་ཁུང་དུ་འགྲོ་དགོས་ཀྱང་རེ་བ་དེར་འགྱུར་བ་གང་ཡང་མེད་ཅེས་གསུངས་འདུག གཞི་རྩའི་པདྨ་ཚེ་བརྟན་ལགས་ཀྱི་གནས་དོན་འདིའི་ཐོག་ལ་ད་བར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ཐུགས་སྣང་གནང་བཞིན་ཡོད་པ་ནི་གསར་འགྱུར་བརྒྱུད་ལམ་ཁག་དང་། སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་ལས་ཤེས་རྟོགས་ཐུབ་པ་མ་ཟད། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་སུད་སི་ནང་གི་བོད་ཀྱི་གློག་བརྙན་ཚོགས་པས་པདྨ་ཚེ་བརྟན་ལགས་འཕྲལ་དུ་གློད་བཀྲོལ་གཏང་དགོས་པའི་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་སྤེལ་བ་དང་། ལྷག་པར་དུ ་FDGC འམ་རྒྱ་ནག་གློག་བརྙན་འཁྲབ་ཁྲིད་མཐུན་ཚོགས་ནས་པདྨ་ཚེ་བརྟན་ལགས་ཀྱི་གནད་དོན་ཐོག་ལ་སེམས་འཚབ་ཆེན་པོ་དང་བཅས། རྒྱ་ནག་སྲིད་གཞུང་ནས་ཐེངས་འདིའི་གནས་ཚུལ་ལྷག་པའི་ཐད་གསལ་བཤད་བྱེད་དགོས་པ་དང་ཁོང་ཚོས་པདྨ་ཚེ་བརྟན་ལགས་ལ་དོ་སྣང་ཆེན་པོས་ལྟ་བཞིན་ཡོད་པ་སོགས་གསུངས་ཡོད་པ་རེད།

བཀྲིས་དབང་ཕྱུག་ལ་ཆབ་སྲིད་ཉེས་མིང་གཡོག་པ་ནི་ཁྲིམས་འགལ་བྱ་སྤྱོད་ཅིག་རེད་གསུངས་འདུག

བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་སུ་ཆབ་སྲིད་ཉེས་མིང་གཡོག་པ་དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་གཅིག་ལ་ངོས་འཛིན་གྱིས་སྐྱོན་བརྗོད་དྲག་པོ་དང་སྦྲགས། ཁོང་ཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག དེའང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་གསར་འགོད་སྒྲགས་གཏམ་ཞིག་འདོན་སྤེལ་གནང་བ་བརྒྱུད། རྒྱ་གཞུང་ཉེན་རྟོག་པས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་བཀྲིས་དབང་ཕྱུག་ལགས་འཇུ་བཟུང་བཙན་ཁྲིད་བྱས་ཏེ་ད་ཆ་་ཟླ་བ་ ༥ ལྷག་ཕྱིན་ཡོད་ཀྱང་། ད་ལྟ་བར་ཁོང་གི་ཁྲིམས་བཤེར་གནས་ཚུལ་སྐོར་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་འགྲེལ་བརྗོད་གནང་བ་མ་ཟད། ཁོང་གི་གཟུགས་པོའི་བདེ་ཐང་ཐད་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པ་གསུངས་འདུག བཀྲ་ཤིས་དབང་ཕྱུག་ལགས་ནི་བོད་མདོ་ཁམས་ཡུལ་ཤུལ་ས་ཁུལ་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་སྲུང་སྐྱོབ་ཆེད་ཕྱག་ལས་གནང་མཁན་ཞིག་དང་། ས་གནས་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གནས་ཉམས་རྒུད་གཏོང་བཞིན་པའི་ཐད་གོང་རིམ་སྲིད་གཞུང་ལ་ཞུ་གཏུག་འབོད་སྐུལ་གནང་བ་མ་ཟད།རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེ་དག་བརྗོད་ཡོད་སྟབས། རྒྱ་གཞུང་ཉེ་རྟོག་པས་ཁོང་ལ་རྒྱལ་ཁབ་ཁ་བྲལ་སྐུལ་སློང་ཞེས་པའི་ཆབ་སྲིད་ཀྱི་ཉེས་མིང་བཀལ་ཏེ་འཛིན་བཟུང་གིས་བཀག་བསྐྱིལ་བྱས་པ་ཞིག་ཡིན་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་ “རྒྱལ་ཁ་བྲལ་སྐུལ་སློང” ཞེས་པའི་ཆབ་སྲིད་ནག་ཉེས་གཡོག་པའི་བྱེད་སྟངས་དེ་ནི། དོན་དངོས་གནས་ཚུལ་དང་མི་མཐུན་པར་ནག་ཉེས་བཙལ་འགེལ་བྱས་པའི་ཁྲིམས་འགལ་གི་བྱ་སྤྱོད་གཅིག་དང་། བསམ་བཞིན་དུ་བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་མཁན་རྣམས་འབུར་འཇོམས་གཏོང་བའི་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་ཞིག་ཡིན་པར་ངོས་འཛིན་གནང་བ་མ་ཟད། ཁོང་གི་གནད་དོན་ནི་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་གང་ཡང་མེད་པ་ཞིག་ཡིན་སྟབས། ས་གནས་རྒྱ་གཞུང་གིས་ཁོང་ལ་ཁྲིམས་བཤེར་གྱི་བརྒྱུད་རིམ་ཆ་ཚང་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་སྐུལ་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་ལྟེ་གནས་ཁང་དེའི་ཉམས་ཞིབ་ཚེ་རིང་རྒྱལ་ལགས་སུ་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་དེ་ཁྲིམས་འགལ་གྱི་བྱ་སྤྱོད་ཞིག་ལ་ངོས་འཛིན་ཞུ་དགོས་དོན་གང་ཡིན་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གཞུང་ནས་ཉེས་དོན་ཞུ་གཏུག་བཅའ་ཁྲིམས་ལས་འགལ་ཏེ་བཀྲིས་དབང་ཕྱུགས་ལགས་ཀྱི་ནང་མིར་ཚོུད་ ༢༤ ནང་ཚུད་ཁོང་འཇུ་བཟུང་གི་བརྡ་ལན་སྤྲད་མེད་པ་མ་ཟད། ཁོང་འཇུ་བཟུང་བཀག་བསྐྱིལ་དང་། ཁྲིམས་བཤེར་ཞུ་གཏུག ཁྲིམས་ཁང་གི་ཁྲིམས་གཅོད་སོགས་བརྒྱུད་རིམ་མཐའ་དག་ཕྱི་གསལ་ནང་གསལ་དང་ཡོངས་བསྒྲགས་མ་ཡིན་པར་ལྐོག་ལྐོག་སུལ་སུལ་བྱས་ཡོད་པར་འགྲེལ་བརྗོད་གནང་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་ལྟེ་གནས་ཁང་གིས་ད་དུང་གསུངས་དོན་ལ་ད་རེས་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་དང་འབྲེལ། སྤྱིར་རྒྱ་གཞུང་གིས་སྐད་གཉིས་སློབ་གསོ་ཁ་ལ་འཁྱེར་ཏེ་ད་སྐབས་བོད་ནང་གི་བྱིས་སྐྱོང་ཁང་ནང་དུ་བོད་རིགས་བྱིས་པ་རྣམས་ལ་སོ་སོའི་ཕ་སྐད་ཀྱི་རྨང་གཞི་མ་ཆགས་སྔོན་ནས་རྒྱ་སྐད་དང་རྒྱ་ཡིག་བསླབ་པ་མ་ཟད། བྱིས་པ་ཚོར་དུས་རྒྱུན་རྒྱ་སྐད་བཤད་དགོས་པར་སྐུལ་སློང་བྱེད་ཀྱི་ཡོད་པ་དང་། བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་ནང་རྒྱ་རིགས་དགེ་རྒན་འཕོན་ཆེན་པོ་གོ་སྒྲིག་ཐོག བོད་ནང་དུ་དངོས་ཤུགས་བརྒྱུད་གསུམ་ནས་སྐད་ཡིག་གཞན་བསྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པ་དཔང་སྐྱེལ་བྱས་ཡོད་སྐོར་གསུངས་ཡོད།

རྒྱ་ནག་བོད་ཀྱི་འཕེལ་རྒྱས་གླེང་སྟེགས་ཀྱི་ཚོགས་འདུའི་མཇུག་སྒྲིལ་ཐོག་བོད་ཀྱི་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་བརྗོད་འདུག

དེ་ཡང་ཉེ་འཆར་རྒྱ་ནག་དབུས་གཞུང་གི་དྲིལ་བསྒྲགས་ལས་ཁུངས་དང་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཞེས་པའི་སྲིད་གཞུང་གཉིས་ཀྱིས་གོ་སྒྲིག་འོག ཟླ་བ་འདིའི་ཕྱི་ཚེས་ ༧ ནས་ ༨ བར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་རྒྱ་ནག་བོད་ཀྱི་འཕེལ་རྒྱས་གླེང་སྟེགས་ཞེས་པའི་ཚོགས་འདུ་ཐེངས་དྲུག་པ་དེ་ཚོགས་ཡོད་པ་རེད། སྐབས་དེར་རྒྱ་ནག་དབུས་གཞུང་གི་འཛིན་སྐྱོང་ལས་ཁུངས་ཀྱི་དྲུང་ཆེ་དང་། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ Liu Qibao གཙོས་པའི་བོད་རང་སྐྱོང་ལྗོངས་ཞེས་པའི་ཚོགས་གཞོན་ Jiang Jie དེ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ ༣༠ ཙམ་གྱི་གནད་ཡོད་མི་སྣ་དང་ཉམས་ཞིབ་པ་ ༡༣༠ ལྷག་ནས་མཉམ་ཞུགས་གནང་འདུག ཉིན་གྲངས་གཉིས་ཀྱི་ཚོགས་འདུ་དེའི་ཐོག་འབྲེལ་ཡོད་རྒྱ་རིགས་སྐུ་ཚབ་དང་རྒྱལ་སྤྱིའི་ཚོགས་བཅར་བ་རྣམས་ནས་བོད་གསར་པའི་འཛུགས་བསྐྲུན་གྱི་ལས་གཞི་དེ་དག་གོ་སྐབས་དང་ཐབས་བྱུས་ལྡན་པའི་གསར་གཏོད་ཀྱི་རང་བཞིན་དང་། སྲོལ་དེང་གཉིས་ཀྱི་ལྷན་ཅིག་ཉམས་ལྡན། དེ་བཞིན་འཁོར་ཡུག་དང་འབྲེལ་བའི་འཛུགས་བསྐྲུན་ལས་གཞི་དང་མི་མང་གི་དཀའ་ངལ་སེལ་ཐབས་སོགས་ཀྱི་འཛུགས་བསྐྲུན་ལས་གཞིར་གྲོས་བསྡུར་གནང་རྗེས། ཚོགས་བཅར་བ་རྣམས་ནས་མང་མོས་ཀྱིས་བོད་འཛུགས་བསྐྲུན་གྱི་ལས་གཞི་དང་འབྲེལ་བའི་དོན་ཚན་ལྔ་ཅན་ཞིག་ཕྱིར་བསྒྲགས་བྱས་འདུག དེའི་ནང་གཙོ་བོ་རྒྱ་ནག་གཞུང་ནས་བོད་ནང་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་སྐབས་བོད་ཀྱི་མ་འོངས་པར་བསམ་བློ་བཏང་སྟེ། དེང་དུས་ཀྱི་འཕྲུལ་ཆས་སོགས་སྤྱོད་པ་ལས་བོད་ཀྱི་ཁོར་ཡུག་དང་སྲོལ་རྒྱུན་རིག་གནས་དག་ལ་དོ་ཕོག་གང་ཡང་མེད་པར་འཛུགས་བསྐྲུན་བྱ་རྒྱུ་ཡིན་སྐོར་དང་། མ་འོངས་པར་ཡང་བོད་ཀྱི་རིག་གཞུང་དང་ཡུལ་མིའི་གོམས་སྲོལ་གཞི་ལ་བཞག་ནས་ལས་གཞི་སྤེལ་རྒྱུ། བོད་ཀྱི་རང་བྱུང་ཁོར་ཡུག་དེ་ནི་བོད་ཙམ་མ་ཟད་ཨེ་ཤི་ཡའི་ཡུལ་གྲུ་སྤྱི་དང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་ཆེན་པོ་ཡོད་སྟབས། བོད་མཐོ་སྒང་དུ་འཛུགས་བསྐྲུན་གྱི་ལས་གཞི་གང་འདྲ་ཞིག་སྤེལ་རུང་ཁོར་ཡུག་དང་འགྲོ་བ་མིའི་བདེ་སྡུག་ལ་དོ་སྣང་བྱ་རྒྱུ་སོགས་འཁོད་ཡོད་པ་རེད། ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གཞུང་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཚུལ་བརྗོད་པ་དེ་དག་ཁ་བཤད་ཙམ་ལས་དོན་ངོ་མའི་ཐོག་བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་ཁ་ལ་འཁྱེར་ཏེ་བོད་ནང་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་སྐྱེད་གཏོང་ཐབས་བྱེད་བཞིན་པ་ཡང་གསུངས་ཀྱི་འདུག རྩ་བའི་རྒྱ་ནག་བོད་ཀྱི་འཕེལ་རྒྱས་གླེང་སྟེགས་ཞེས་པའི་ཚོགས་འདུ་དེ་ཐོག་མར་སྤྱི་ལོ་ ༢༠༠༧ ལོར་Austria འི་རྒྱལ་ས་Vienna ནང་ཚོགས་ཡོད་པ་དང་། དེའང་ད་བར་ལོ་ངོ་གཉིས་རེའི་མཚམས་སུ་ཐེངས་རེ་འཚོགས་བཞིན་ཡོད་པ་དང་། དེ་སྔ་སྤྱི་ལོ་ ༢༠༠༤ ལོར་ཚོགས་པའི་ཚོགས་འདུའི་ཐོག་རྒྱ་ནག་གཞུང་ནས་བོད་མི་རྣམས་ཀྱི་འཚོ་གནས་ཐོག་དཀའ་ངལ་མེད་པར་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་སྐོར་དང་འབྲེལ། རྒྱལ་སྤྱིའི་གསར་འགོད་པ་དང་སྐུ་ཚབ་ཁག་ཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དང་ཡིད་ཆེས་སོགས་གནང་སྟེ། ཕྱོགས་ལྷུང་གི་བྱ་བ་སྤེལ་བཞིན་ཡོད་པ་སྤྱིར་བསྒྲགས་བྱས་ཡོད་ཀྱང་། སྐབས་དེའི་ཚོགས་འདུའི་ཐོག་བཅར་བའི་ New Zealand འི་ཆབ་སྲིད་པ་སྐུ་ཞབས་ Sir Bob ལགས་དང་། དབྱིན་ཡུལ་གྱི་ཆབ་སྲིད་པ་སྐུ་ཞབས་ Lord Davidson ལགས་གཉིས་ནས་རྒྱགཞུང་གི་སྤེལ་བའི་སྤྱི་བསྒྲགས་ལ་ངོས་ལན་ནམ་ཡང་མེད་ཅེས་གསུངས་ཡོད་པ་རེད།

རྒྱ་རིགས་ཁྲིམས་རྩོད་པ་ Liang Xiaojun ལགས་ནས་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་གནང་བཞིན་འདུག

དེའང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ Liang Xiaojun ལགས་ནས་ད་ལྟ་རྒྱ་ནག་གཞུང་གི་བཙོན་ཁང་ནང་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་གནང་བཞིན་ཡོད་པ་དང་། Liang ལགས་ཀྱིས་ཉེ་ཆར་རང་ཉིད་ཀྱི་འཕྲུལ་བྱ་འམ་Twitter བརྒྱུད་བཀྲིས་དབང་ཕྱུག་ལགས་ད་སྐབས་ཡུ་ཤུའི་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ཡོད་པ་མངོན་གསལ་གནང་འདུག རྩ་བའི་ཉེ་སྔོན་རྒྱ་ནག་གཞུང་གིས་ཡུ་ཤུ་ཁུལ་གྱི་དགོན་སྡེ་ཁག་གི་ནང་དུ་བོད་ཡིག་སློབ་གཉེར་འཛིན་གྲྭ་ཁག་མཚམས་འཇོག་བྱེད་པ་དང་འབྲེལ། དུས་རྒྱུན་ཚོང་ལས་གཉེར་མཁན་བོད་མི་བཀྲིས་དབང་ཕྱུག་ལགས་ནས་རང་ཉིད་ཀྱི་ཚ་མོ་གཙོས་པའི་བོད་ས་ཁྱོན་ཡོངས་ཀྱི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་གཉེར་གྱི་གོ་སྐབས་མེད་པ་གཟིགས་ཏེ། ཁོང་གིས་བོད་ཀྱི་སྐད་ཡིག་བདག་དབང་རྩོད་ལེན་སླད་ས་གནས་སྲིད་གཞུང་དང། རྗེས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིན་ནས། ཁྲིམས་ཁང་དང། དབུས་བརྙན་འཕྲིན་ལས་ཁང་བཅས་ལ་ཞུ་གཏུགས་ལན་མང་བྱས་ནས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཡོང་བར་འབད་བརྩོན་ལྷོད་མེད་ཞུས་ཀྱང་དོན་འབྲས་གང་ཡང་སོན་མེད་པ་རེད། རྗེས་སུ་ཁོང་གིས་སྔ་ལོའི་ཕྱི་ཟླ་ ༡༡ ནང་’’བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་བོད་མིའི་དཀའ་སྤྱད་འགོག་རྒོལ་’’ཞེས་པའི་རྩོམ་ཡིག་སྤེལ་བ་དེ་ཨ་རིའི་ནེའུ་ཡོག་གསར་ཁང་གི་ས་གནས་གསར་འགོད་པ་ Edward Wong ལགས་ཀྱིས་སྤེལ་ཡོད་པ་རེད། དེ་རྗེས་བཀྲིས་དབང་ཕྱུག་ལགས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ས་གནས་ཉེན་རྟོག་པས་ཁྲིམས་མཐུན་ལྟར་སྔོན་ཚོད་ནས་བརྡ་ལན་གང་ཡང་མེད་པར་བཙན་ཁྲིད་ཀྱིས་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། ཁོང་གི་ནང་མིར་ཁོང་འཛིན་བཟུང་བྱེད་སྐོར་ཟླ་ཤས་རྗེས་ནས་བརྡ་ལན་སྤྲད་འདུག སྐབས་དེར་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་བྱེད་པའི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་སྐོར་གྱི་ཡི་གེ་ཞིག་ནང་མིར་སྤྲད་ཡོད་པ་རེད། གལ་ཏེ་དེ་ལྟར་བྱེད་ཚེ་ཁོང་ལ་མི་ལོ་ ༡༥ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ངེས་ཡིན་པ་དང་། དུས་དེར་གཏུག་བཤེར་གྱི་ཟླ་ཚེས་གཏན་འཁེལ་མེད་པ་དང་འདི་བཞིན་ཁོང་གི་ནང་མི་ཚོར་ཁྲིམས་རྩོད་པ་མ་རག་པའི་དཀའ་ངལ་འཕྲད་བཞིན་སོགས་འཁོད་ཡོད། ཨིན་ཡུལ་ནང་དུ་རྟེན་གཞི་བྱས་པའི་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ད་ཆ་རྒྱ་རིགས་ཁྲིམས་རྩོད་པ་ Liang Xiaojun ལགས་ཀྱིས་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་གནང་བཞིན་ཡོད་སྐོར་སྤྱི་བསྒྲགས་གནང་པ་དང་འབྲེལ། ཚོགས་པ་དེས་བཀྲིས་དབང་ཕྱུག་ལགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་ཀྱང་དབུ་འཛུགས་གནང་འདུག དེ་བཞིན་ཚོགས་པ་དེས་ཉེ་སྔོན་བཀྲིས་དབང་ཕྱུགས་ལགས་ལ་དོན་མེད་བཙོན་འཇུག་བྱེད་པའི་གནད་དོན་ཐད། ཡུལ་གྲུ་གང་སར་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་ཕྱི་སྲིད་བློན་ཆེན་སོགས་ལ་རྒྱ་གཞུང་ནས་བཀྲིས་དབང་ཕྱུག་ལགས་འཕྲལ་དུ་གློད་བཀྲོལ་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་དང་། ད་ལྟའི་ཆར་བཀྲིས་དབང་ཕྱུག་ལགས་ཡུ་ཤུའི་བཀག་ཉར་ཁང་དུ་བཙོན་འཇུག་བྱས་པ་ཤེས་རྟོགས་བྱུང་བ་དང་སྦྲགས། འཛམ་གླིང་ཁྱོན་ཡོངས་ནས་བཀྲིས་དབང་ཕྱུག་ལགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཕྱག་བྲིས་གང་མང་གནང་སྐྱོང་ཡོང་བའི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག

Latest news