Tibetan Royal Year of 2151 | Year of the Wood Dragon

བོད།

མཚོ་སྔོན་ཁྲི་ཤོར་རྒྱལ་མོ་ནས་རྒྱ་རིགས་ཁྲིམས་འགལ་གྱིས་ཉ་འཛིན་ཚོར་བཀག་སྡོམ་མི་བྱེད་པ།

བོད་མདོ་སྨད་མཚོ་སྔོན་ཁུལ་དུ་ཆགས་ཤིང་བོད་མིི་ཚོས་རྩ་ཆེར་འཛིན་པའི་མཚོ་སྔོན་ཁྲི་ཤོར་རྒྱལ་མོ་ཞེས་ཡོངས་སུ་གྲགས་པའི་མཚོ་དེ་ལས་རྒྱ་རིགས་ཚོས་གསང་སྟབས་ཀྱིས་གསེར་ཉ་འཛིན་བཞིན་པར་རྒྱ་གཞུང་གིས་བཀག་སྡོམ་གང་ཡང་བྱེད་ཀྱི་མེད་པ་རེད་འདུག དེ་ཡང་བོད་མདོ་སྨད་མཚོ་སྔོན་ཁུལ་དུ་ལོ་མང་སྔོན་ནས་རྒྱ་རིགས་ཉ་འཛིན་མཁན་མང་པོ་ཞིག་གིས་མཚོ་དེ་ནས་གསེར་ཉ་མང་པོ་འཛིན་བཞིན་པར་ས་གནས་བོད་མི་ཚོས་གོང་རིམ་ལ་ཞུ་གཏུགས་ལན་མང་བྱས་ཀྱང་། གོང་རིམ་ནས་དེར་དམིགས་བསལ་གྱི་བདག་སྤྲོད་མེད་ཁར། ཉ་འཛིན་མཁན་དང་ངན་འབྲེལ་བྱས་པ་མ་ཟད། གསང་སྟབས་ཀྱིས་མཚོ་ནས་གསེར་ཉ་འཛིན་གྱི་ཡོད་པར་བརྟེན་ས་གནས་བོད་མི་ཚོས་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ཚོགས་པ་ཞེས་པ་ཞིག་གསར་འཛུགས་ཀྱིས་གསེར་ཉ་སྲུང་སྐྱོབ་བྱ་རྒྱུའི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་རེད་འདུག འདི་ག་རླུང་འཕྲིན་ཁང་དུ་བོད་ས་གནས་ཀྱི་གསེར་ཉ་སྲུང་སྐྱོབ་ཚོགས་པའི་ཚོགས་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན། ཁོང་གིས་མཚོ་སྔོན་པོ་ཉེ་འདབས་རྐང་ཚ་སྡེ་བའི་ཡུལ་མི་ཐོུང་གིས་དང་བླངས་ཐོག་ནས་གསེར་ཉ་སྲུང་སྐྱོབ་བྱེད་བཞིན་ཡོད་ཀྱང། བོད་ནང་རྒྱ་རིགས་མང་དག་ཞིག་གནས་སྤོ་བྱས་པ་དང། ལྷག་དོན་རྒྱ་རིགས་མང་པོ་ཞིག་མཚོ་སྔོན་པོ་ཉེ་འགྲམ་དུ་གཞིས་ཆགས་ཡོད་སྟབས། དེང་སྐབས་དགུན་དུས་མཚོ་ལ་དར་ཆགས་པའི་སྐབས་དང་བསྟུན། ཉེ་ཆར་རྒྱ་མི་དེ་དག་ནས་གསང་སྟབས་ཀྱིས་མཚོར་ཉ་རྒྱ་བཀྲམས་ཡོད་པ་ས་གནས་བོད་རིགས་གསེར་ཉ་སྲུང་སྐྱོབ་ཚོགས་པས་ཤེས་རྟོགས་བྱུང་མ་ཐག་མི་བརྒྱ་ཙམ་ཕྱིན་ནས་ཉ་རྒྱ་རྣམས་ཕྱིར་བཏོན་གྱིས་ཉ་རྣམས་ཚེ་ཐར་བཏང་ཡོད་པ་གསུངས་ཀྱི་འདུག ད་དུང་ཁོང་གིས་གནད་དོན་དེ་བྱུང་རྗེས་ས་གནས་སྲིད་གཞུང་ལ་ཞུ་གཏུགས་ལན་མང་བྱས་རྐྱེན་བོད་མི་ཚོར་ཉེས་རྡུང་གཏོང་བ་དང་རླངས་འཁོར་གཏོར་སྐྱོན་བྱེད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་ཡོད། རྩ་བའི་ས་གནས་གསེར་ཉ་སྲུང་སྐྱོབ་ཚོགས་པ་ནི་ས་གནས་རྫོང་སྲིད་གཞུང་ནས་ངོས་ལེན་ཡོད་པའི་ཚོགས་པ་ཞིག་ཡིན་པ་རེད་འདུག སྔ་ལོ་ ༢༠༡༥ ཟླ་ ༦ པའི་ནང་བོོད་ཀྱི་ན་གཞོན་རྩོམ་པ་པོ་ཁ་བའི་སྙིང་ལྕགས་ལགས་མཚོ་ནང་དུ་ཉ་འཛིན་དྲ་བ་ལེན་པར་བསྐྱོད་སྐབས་སྐུ་སྲོག་ཤོར་བའི་གནང་ཚུལ་ཡང་ཐོན་མྱོང་འདུག གཞི་རྩའི་མཚོ་སྔོན་པོའི་ལོ་རྒྱུས་ཡིག་ཚགས་ནང་གསལ་བ་ལྟར་ན་མཚོ་སྔོན་པོའམ་མཚོ་ཁྲི་ཤོར་རྒྱལ་མོར་གྲགས་པ་ནི།རྒྱ་གཞུང་གི་བརྗོད་བཞིན་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ་གཉིས་ཀྱི་བར་དུ་གནས་ཤིང་།མཚོའི་མཐའི་རིང་ཚད་ལ་སྤྱི་ལེ་ ༣༦༠ དང་། མཚོ་ངོས་ལ་སྤྱི་ལེ་གྲུ་བཞི་མ་ ༤༦༣༥ ཡོད་པ་མ་ཟད། ཚན་རིག་པས་ཞིབ་འཇུག་བྱས་པ་ལྟར་ན་མཚོ་དེ་ཆགས་ནས་ལོ་ངོ་ཁྲི་གཅིག་ལྷག་སོང་ཡོད་ཚུལ་བརྗོད་ཀྱི་ཡོད་པ་རེད་འདུག མཚོ་དེ་ནི་ནང་པ་གཙོས་པའི་ཧིན་དུ་དང། བོན་བཅས་ཀྱི་ཆོས་ལུགས་ཐོག་ནས་གནས་ཆེན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་རེད།

ཁམས་དཀར་མཛེས་བྲག་འགོ་ནང་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་བྱ་མི་ཆོག་པའི་བཙན་་བཀའ་བཏང་པ།

  རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་སྒྲིག་གཤོམ་བྱ་མི་ཆོག་པར་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་དང་བསྟུན། ཉེ་ཆར་ཟླ་བ་ ༡ ཚེས་ ༤ ཉིན་རྒྱ་གཞུང་གིས་བོད་ཁམས་དཀར་མཛེས་བྲག་འགོ་རྫོང་གི་བོད་མིའི་ཚོང་ཁང་ཁག་ལ་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་མི་ཆོག་པ་དང་། ལྷག་དོན་༸སྐུ་པར་ཡོངས་རྫོགས་ས་གནས་སྲིད་གཞུང་ལ་རྩིས་སྤྲོད་དགོས་པའི་བཀའ་རྒྱའི་བརྡ་ཐོ་ཞིག་བཏང་འདུག དེ་ཡང་ཁམས་དཀར་མཛེས་བྲག་འགོ་རྫོང་ཡོངས་ཀྱི་ཚོང་ཁང་ཆེ་ཆུང་ཚང་མས་འབྲེལ་ཡོད་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་ལྟར། ཚོང་ཁང་ཁག་གི་ནང་དུ་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་བྱ་མི་ཆོག་པ་དང་ལྡེབས་རིས་སོགས་ལའང་བྲིས་བཀོད་རིགས་བྱ་མི་ཆོག་པ་མ་ཟད། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་པར་སྒྲིག་གཤོམ་གནང་ཡོད་པའི་ཚོང་གཉེར་བ་ཚོས་དེ་རིང་ཟླ་བ་ ༢ ཚེས་ ༢ ཉིན་སྔོན་ཚུད་རང་འགུལ་གྱིས་ཕྱིར་ཕབ་ཀྱིས་རྫོང་སྲིད་གཞུང་ལ་རྩིེས་སྤྲོད་དགོས་པའི་ཉེན་བརྡའི་དུས་བཀག་བཟོས་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་དུ་ཕ་ཡུལ་བྲག་འགོ་ནས་ཡིན་པའི་བྱེས་བཞུགས་གྲྭ་ངག་དབང་མཁྱེན་རབ་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན། ཁོང་གིས་དེ་སྔ་བོད་ཀྱི་ས་ཁྱོན་ཡོངས་ལ་༸གང་ཉིད་མཆོག་གི་༸སྐུ་པར་སྒྲིག་གཤོམ་བྱ་མི་ཆོག་པར་དམ་དྲག་དེ་ཙམ་བྱེད་ཀྱི་མེད་ཀྱང་། ཉེ་ལམ་ནས་འགོ་འཛུགས་ཀྱིས་བྲག་འགོ་རྫོང་ཁོངས་ནང་ཡོད་པའི་ཚོང་ཁང་ཆེ་ཆུང་ཚང་མའི་ནང་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་བྱ་མི་ཆོག་པ་མ་ཟད། དེ་ལྟར་གནང་མཁན་ཡོད་རིགས་ནས་རྫོང་རིག་གནས་ཁྲིམས་འཛིན་རུ་ཆེན་ལ་སྤྲོད་དགོས་པ་དང་རང་འགུལ་གྱིས་དེ་ལྟར་མ་བྱེད་ཚེ། རྫོང་རིག་ནས་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཆེན་གྱིས་ཐབས་ཤེས་དྲག་པོ་སྤྱད་ནས་རྩིས་ལེན་བྱེད་པ་དང་དོ་བདག་ཚོང་གཉེར་བར་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན་ཞེས་བཀོད་ཡོད་པ་གསུངས་སོང་། ད་དུང་ཁོང་གིས་ལས་འགུལ་དེས་བོད་མི་ཚོའི་ཆོས་དད་རང་དབང་ལ་རྡོག་རོལ་བཏང་པ་དང་། མང་ཚོགས་ཀྱི་སེམས་ལ་རྨ་ཁ་བཟོས་པ་མ་ཟད། ལྷག་དོན་མི་རིགས་ཀྱི་མཐུན་སྒྲིལ་གཏོར་བཤིག་བཏང་བ་ཞིག་ཡིན་པ་སོགས་འགྲེལ་བརྗོད་གནང་གི་འདུག དེ་མཚུངས་སུ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་ཉམས་ཞིབ་པ་ཚེ་རིང་རྒྱལ་ལགས་ཀྱིས་ད་ལན་འཕྲད་བཞིན་པའི་གནད་དོན་འདི་ནི་བོད་མིའི་དད་མོས་རང་དབང་དང་བསམ་བློའི་རང་དབང་བཅས་ལ་བརྩི་མེད་རྡོག་རོལ་ཤུགས་ཆེ་བཏང་པ་རྣམ་པ་གསལ་པོ་ཞིག་དང་། ལྷག་དོན་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་དེ་བཞིན་ལག་བསྟར་གྱིས་བོད་མི་ཚོར་དམ་དྲག་ཤུགས་ཆེ་བྱ་ངེས་ཡིན་སྐོར་གསུངས་ཀྱི་འདུག

སྟོད་མངའ་རིར་མི་མང་ནས་འདོད་པ་མེད་བཞིན་དུ་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པ།

བོད་ལྗོངས་གཞི་རྩེ་གྲོང་ཁྱེར་སྟོད་མངའ་རིས་ཀྱི་ས་ཁུལ་ཁག་ཅིག་དུ་རྒྱ་ནག་གཞུང་དང་གཞུང་འབྲེལ་མ་ཡིན་པའི་རྒྱ་མི་གཏེར་འདོན་ཚན་པས་བོད་མི་མང་ཚོགས་ཀྱིས་འདོད་མོས་མེད་བཞིན་དུ་རང་སྣང་གང་ཤར་གྱིས་ཁུལ་དེའི་ཁོར་ཡུག་ལ་དོ་ཕོག་ཚབས་ཆེན་ཕོག་གཞི་གཏེང་ཁ་སྔོག་འདོན་བྱེད་བཞིན་ཡོད་པ་རེད་འདུག དེ་སྔོན་སྟོད་མངའ་རིས་སྒེར་རྩེ་རྫོང་གཞུང་པ་ཡུལ་མཚོ་ཟ་ལུང་ཞེས་པའི་ས་ཆར་ལོ་ངོ་ ༢༠ ཙམ་རིང་ས་གནས་བོད་རིགས་མང་ཚོགས་ཚོས་གཏེར་འདོན་གྱི་ལས་གཞི་བཀག་འགོག་བྱས་ཐུབ་ཡོད་ཀྱང་། ༢༠༡༤ དང་ ༢༠༡༥ ལོ་གཉིས་ནང་རྒྱ་རིགས་གཞུང་འབྲེལ་མིན་པའི་གཏེར་འདོན་ཚན་པས་མང་ཚོགས་རྣམས་ལ་ས་ཞིང་འདེབས་ལས་བྱ་རྒྱུ་ཡིན་ཚུལ་གྱིས་མགོ་སྐོར་བཏང་སྟེ། གངས་རིན་པོ་ཆེའི་ཉེ་འདབས་ཀྱི་བ་འབྲོག་ཞེས་པའི་ས་གནས་སུ་གཏེར་ཁ་བསྔོག་འདོན་བྱས་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་དུ་ས་གནས་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན། ཁོང་གིས་སླར་ཡང་འདི་ལོ་ ༢༠༡༦ ལོའི་ནང་གཏེར་བཏོན་ཚན་པ་ཡོང་སྐབས་ས་གནས་རྫོང་དང་བོད་རིགས་མང་ཚོགས་ཟུང་སྦྲེལ་གྱིས་ཕྱིར་ཕུད་བཏང་ཐུབ་ཡོད་སྐོར་གསུངས་སོང། ད་དུང་ཁོང་གིས་འགྲེལ་བརྗོད་གནང་བར་ས་གནས་མང་ཚོགས་ཀྱི་ངོས་ནས་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་དེ་དག་ལ་བརྟེན་ནས་ཁེ་ཕན་གང་ཡང་མེད་པ་མ་ཟད། ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་ཕོག་གི་ཡོད་པ་སོགས་རྒྱུ་མཚན་དུ་བཀོད་ནས་ས་གནས་རྒྱ་གཞུང་ལ་ལས་གཞི་དེ་དག་མཚམས་འཇོག་དགོས་པའི་ཞུ་གཏུགས་ལན་མང་བྱས་ཀྱང་དེར་དོ་སྣང་མེད་པ་རེད་འདུག  ལས་གཞི་དེར་བརྟེན་ས་གནས་སུ་ཁོར་ཡུག་དག་ལ་གནོད་སྐྱོན་འཚབ་ཆེན་ཕོག་གི་འདུག་སྟབས།  བརྒྱུད་ལམ་ཁག་ལས་ཁྱབ་བསྒྲགས་རྒྱ་གང་ཆེ་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ནས་ཞུ་གཏུགས་ཀྱི་ལས་འགུལ་དེར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་གནང་གི་འདུག

བོད་ནང་དུ་ཕ་སྐད་སྲུང་སྐྱོབ་ཀྱི་མིང་མཛོད་རྒྱུགས་སྤྲོད་ཆེན་མོ།

བོད་མདོ་ཁམས་ནང་ཆེན་གྱི་རྫ་ཉིན་ཕ་སྐད་གཅེས་སྐྱོང་མཐུན་ཚོགས་ཀྱིས་ཟླ་བ་འདིའི་ཚེས་ ༢༠ ཉིན་ཁུལ་དེར་སྐབས་བཞི་པའི་ཆོལ་གསུམ་རིས་མེད་ཀྱི་མིང་མཛོད་རྒྱུགས་སྤྲོད་ཆེན་མོ་སྐོང་ཚོགས་གནང་འདུག   དེ་ཡང་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཕ་སྐད་སྲུང་སྐྱོབ་ཀྱི་མིང་མཛོད་རྒྱུགས་སྤྲོད་ཆེན་མོ་དེ་བཞིན་ཟླ་བ་འདིའི་ཚེས་༢༠ ནས་འགོ་འཛུགས་ཀྱིས་ཚེས་ ༢༥ བར་ཉིན་གྲངས་ལྔ་རིང་ཚོགས་འདུག་པ་དང་། རྒྱུགས་སྤྲོད་ནང་འགྲན་ཞུགས་པ་རྣམས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་རླངས་འཁོར་དང་འཕྲུལ་རྟ་ཆེ་ཆུང་སོགས་གནང་སྟབས། མཉམ་ཞུགས་པ་དང་མང་ཚོགས་ནས་ལས་འགུལ་དེར་ཡི་རངས་དང་དགའ་སྤོབས་ཆེན་པོ་གནང་ཡོད།          སྐབས་དེར་འགྲན་ཞུགས་གནང་སྟངས་ལ་སྡེ་ཁག་གསུམ་དུ་དབྱེ་སྟེ།  ཨང་རིམ་དང་པོ་སོན་མཁན་མི་གཅིག་ལ་གཟེངས་རྟགས་སུ་རླངས་འཁོར་གཅིག་དང་། ཨང་རིམ་དང་པོའི་གཉིས་པ་སོན་མཁན་མི་དྲུག་ལ་བུའི་འཕྲུལ་རྟ་རེ་དང་སྒོར་ ༥༠༠ ཐམ་པ། ཨང་རིམ་གསུམ་པ་སོན་མཁན་མི་དྲུག་ལ་བུ་མོའི་འཕྲུལ་རྟ་གཅིག་བྱ་དགའ་གནང་པ་མ་ཟད། གཞན་ཡང་ཨང་རིམ་བཞི་པ་ནས་བདུན་པ་བར་ལེགས་གསོལ་བྱ་དགའ་ཡང་གནང་འདུག ལྷག་པར་དུ་ད་ལན་གྱི་མིང་མཛོད་རྒྱུགས་སྤྲོད་ཆེན་མོའི་ལས་འགུལ་དེར་མཉམ་ཞུགས་པ་རྣམས་ནས་དགའ་སྤེབས་ཆེན་པོས་ཡི་རངས་ཀྱི་སྔགས་བརྗོད་ཞུས་པ་མ་ཟད། མང་ཚོགས་ཀྱི་ཁྲོད་ནས་ཀྱང་ལས་འགུལ་དེར་རྒྱབ་སྐྱོར་དང་བཅས་ གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུ་ཞུས་འདུག    གཞི་རྩའི་རྫ་ཉིན་ཕ་སྐད་གཅེས་སྐྱོང་མཐུན་ཚོགས་ནི་ཁམས་ནང་ཆེན་གྱི་སེར་སྐྱ་མི་མང་ཐུན་མོང་གིས་ཆེད་བཙུགས་གནང་པ་ཞིག་ཡིན་འདུག  དེ་ལྟར་གོ་སྒྲིག་གནང་པའི་དགོས་དམིགས་གཙོ་བོ་ནི། བོད་མི་རིགས་ཀྱི་རིག་གནས་དང་ཕ་སྐད་གཙང་མ་སྲུང་སྐྱོབ་འཐུས་ཚང་ཞིག་ཕྱིར་ཡིན་པ་རེད་འདུག

བོད་ནང་དུ་༸རྒྱལ་བའི་ཞབས་རིམ་གསོག་སྒྲུབ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་ཆ་ཨ་རིའི་ Mayo སྨན་ཁང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བཞིན་པའི་དུས་མཚམས་འདིར། བོད་ཕྱི་ནང་གཉིས་སུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཁག་ལམ་ལྷོང་ལྡན་པ་ཡོང་ཕྱིར་གསོལ་འདེབས་སྨོན་ལམ་སོགས་གསོག་སྒྲུབ་ཞུ་མུས་ཡིན་པ་དང་། ཁྱད་པར་དུ་བོད་ཁམས་དཀར་མཛེས་བྲག་འགོ་རྫོང་ཁོངས་ལྕོག་རི་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་དགོན་དང་ས་གནས་མང་ཚོགས་སྟོང་ཕྲག་ཁ་ཤས་ནས་༸སྐུ་ཕྱྭའི་ཞབས་རིམ་ཆེད་༸རྒྱལ་བའི་མཚན་སྔགས་དང་སྨན་བླའི་གཟུངས་སྔགས་སོགས་གསོག་སྒྲུབ་གནང་འདུག རྩ་བའི་ཊེ་ཧོར་ལྕོག་རི་དགོན་གྲོང་གི་སེར་སྐྱ་མང་ཚོགས་ནས་བོད་ཟླ་ ༡༢ ཚེས་ ༡ ནས་འགོ་འཛུགས་ཀྱིས་ ༡༦ བར་མ་ཎི་གསོག་སྒྲུབ་སོགས་ཀྱི་ཚོགས་མཆོད་སྨོན་ལམ་ཚོགས་གནང་འདུག་པ་དང། ཁྱད་པར་དུ་ཁ་སང་ཉིན་མཐའ་མ་སྟེ་ཚེས་༡༧ཉིན་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་སྒྲིག་གཤོམ་གྱིས་འབུམ་ཚོགས་རྒྱས་པ་ཚོགས་འདུག  གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༡༩ ཉིན་བཞུགས་སྒར་ནས་ཨ་རིར་ཕེབས་ཐོན་མཛད་དེ་ཨ་རིའི་Minnesoata མངའ་སྡེའི་Mayo སྨན་ཁང་དུ་ Prostate འམ་ལྒང་འོག་གཤེར་རྨེན་གྱི་སྨན་བཅོས་གཙོས་པའི་༸སྐུའི་འཕྲོད་བཞེས་ཀྱི་བརྟག་དཔྱད་གནང་མུས་ཡིན་པ་རེད། ABC གསར་སྤེལ་ཁང་ནས་ Rochester སྨན་ཁང་ལ་ཐེངས་འདིའི་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་བརྟག་དཔྱད་སྐོར་ལ་བཀའ་འདྲི་ཞུས་པའི་ཁྲོད། སྨན་པས་གསུངས་ཡག་ལ་ Prostate འམ་ལྒང་འོག་གཤེར་རྨེན་གྱི་སྨན་བཅོས་འདི་ནི་དགུང་ལོ་ཡར་ཕེབས་སྐབས་ང་ཚོ་མང་ཆེ་བ་ལ་དཀའ་ངལ་འདི་འཕྲད་ཀྱི་ཡོད་པས། ཧ་ཅང་ཛ་དྲག་དང་སེམས་འཚབ་བྱ་དགོས་ཡག་ཞིག་མ་རེད་བཅས་གསུངས་ཡོད་་པ་རེད།    

ཆབ་སྲིད་བཙོན་ཟུར་ཞིག་འདས་གྲོངས་སུ་གྱུར་བ།

ཆབ་སྲིད་བཙོན་ཟུར་སྐུ་ཞབས་བསྟན་འཛིན་ལགས་ཟླ་བ་འདིའི་ཚེས་ ༦ ཉིན་བོད་ནང་དགོངས་པ་རྫོགས་པའི་ཡོད་སྐྱོའི་གནས་ཚུལ་ཐོན་འདུག གཞི་རྩའི་ཆབ་སྲིད་བཙོན་ཟུར་བསྟན་འཛིན་ལགས་ནི། ཕ་ཡུལ་ལྷ་ས་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༧༩ ཡིན་པ་རེད་འདུག དེ་སྔོན་རྒྱ་གཞུང་གིས་ཁོང་ལ་བཙོན་འཇུག་ཐེངས་གཉིས་བྱས་འདུག་པ་དང། བཙོན་ཁང་ནང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟབས། ཁོང་གི་སྤྱན་ལོང་བར་གྱུར་བ་མ་ཟད། སྐུ་གཟུགས་ཀྱི་གནས་སྟངས་ཀྱང་ཆེས་ཞན་པའི་དབང་གིས་བཙོན་ཁང་ནས་སྔ་སྣུར་གྱིས་བཙོན་གྲོལ་བཏང་པ་ཞིག་ཡིན་འདུག ད་ལྟའི་ཆར་གནས་ཚུལ་དེ་ཙམ་ལས་ཁོང་འཛིན་བཟུང་བྱ་དོན་དང་བཙོན་གྲོལ་ནམ་བཏང་མིན་སོགས་ཀྱི་ཞིབ་ཁྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད།

Mumbai ནང་བོད་ཀྱི་རྨི་ལམ་ཞེས་པའི་འགྲེམས་སྟོན་གོ་སྒྲིག

རྒྱ་གར་ Maharashtra མངའ་སྡེའི་གྲོང་ཁྱེར་ Mumbai ནང་དུ་རྟེན་གཞི་བྱེད་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་ཀྱི་གྲོགས་པོ་ཚོགས་པ་གཉིས་ནས་ཁུལ་ Jahangir Art Gallery ཞེས་པའི་འགྲེམས་སྟོན་ཚོགས་ཁང་དུ་བོད་ཀྱི་རྨི་ལམ་ཞེས་པའི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་འདུག འགྲེམས་སྟོན་དེ་ནི་ཟླ་བ་འདིའི་ཚེས་༡༡་ནས་སང་ཚེས་༡༧བར་ཚོགས་གནང་གི་འདུག ལས་རིམ་གོ་སྒྲོག་པ་སྒྱུ་སྩལ་བ་སྐུ་ཞབས་Francis Kodankandath ཀྱིས་འདི་གར་འགྲེམས་སྟོན་དེའི་སྐོར་ལ་གསུངས་པར། ཐེངས་འདིའི་འགྲེམས་སྟོན་ཐོག་ཁོང་རང་ངོས་ནས་བྲིས་པའི་ཆོས་ཕྱོགས་དང་འབྲེལ་བའི་པར་རིས། བོད་ཆོལ་ཁ་གསུམ་གྱི་ཆས་གོས་སོགས་གཟིགས་འབུལ་ཞུས་པ་དགོས་དོན་ནི། བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་བོད་ཀྱི་འཐབ་རྩོད་དེ་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཆེད་དུ་དམིགས་ཡོད་པ་གསུངས་ཡོད། གཞི་རྩའི་སྒྱུ་སྩལ་བ་སྐུ་ཞབས་Francis Kodankandath ལགས་ནས་བོད་ཀྱི་རྨི་ལམ་ཙམ་མ་ཟད། དེ་སྔ་ཡང་འཛམ་གླིང་བོད་ཀྱི་ཉི་མོ་ཞེས་པའི་འགྲེམས་སྟོན་གྱི་ལས་རིམ་གཞན་མི་འདྲ་བ་གསུམ་གནང་མྱོང་འདུག་པ་མ་ཟད། རིན་མིན་ Italy ནང་རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་ཐོག་ཏུའང་བོད་དོན་དང་འབྲེལ་བའི་པར་རིས་ཁག་ཅིག་འགྲེམས་སྟོན་གནང་འཆར་འདུག

སྐལ་བཟང་ཚེ་རིང་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ།

ལྷ་ས་སྟོད་ལུང་བདེ་ཆེན་རྫོང་གྱི་བོད་མི་ཆབ་སྲིད་བཙོན་པ་སྐལ་བཟང་ཚེ་རིང་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་རེད་འདུག སྐལ་བཟང་ཚེ་རིང་ལགས་ནི་དེ་སྔ་ཕྱི་ལོ་༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་ནང་མཉམ་ཞུགས་པའི་རྐྱེན་ལྷ་ས་སྟོད་ལུང་རྫོང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཡོད་པ་རེད། དེ་ནས་ཁོང་ལ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་སའི་ཉེ་འཁྲིས་ཆུ་ཤུར་རྫོང་གི་བཙོན་ཁང་དུ་བཙོན་འཇུག་བྱས་པ་མ་ཟད། བཙོན་ཁང་ནང་ཁོང་ལ་གཅར་རྡུང་དྲག་པོ་ཚད་མེད་བཏང་ནས་སྔ་ལོ་ ༢༠༡༥ ཟླ་ ༧ ཚེས་༡༩ ཉིན་བཙོན་གྲོལ་བཏང་ཡོད་རེད། བཙོན་གྲོལ་ཐོབ་རྗེས་ལྷ་ས་དང་དེའི་ཉེ་འཁྲིས་ཀྱི་སྨན་ཁང་ཁག་ལ་སྔ་རྗེས་སུ་བསྟེན་གཏུགས་བྱས་ཀྱང་། ནད་གཞི་ལ་དྲག་སྐྱེད་མ་བྱུང་བས་ད་ཆ་ཁོང་སྨན་བཅོས་ཆེད་རྒྱ་ནག་ཟི་ཁྲོན་གྱི་ཁྲིན་ཏུའུ་གྲོང་ཁྱེར་དུ་མུ་མཐུད་སྨན་བཅོས་གནང་མུས་ཡིན་ནའང། ཁོང་གི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག ད་ལྟའི་ཆར་སྟོད་ལུང་བདེ་ཆེན་རྫོང་གྱི་བོད་མི་ཆབ་སྲིད་བཙོན་པ་སྐལ་བཟང་ཚེ་རིང་ལགས་ཀྱི་སྐོར་ལ་གནས་ཚུལ་དེ་ཙམ་ལས་ཞིབ་ཕྲ་ཤེས་རྟོགས་དཀའ་བར་གྱུར་འདུག

ཆབ་སྲིད་བཙོན་པ་སྐལ་བཟང་མཁས་གྲུབ་ལགས་ལ་དབུགས་གསག་གི་ནད་ཕོག་འདུག

ཆབ་སྲིད་བཙོན་པ་སྐལ་བཟང་མཁས་གྲུབ་ལགས་ཟླ་བ་འདིའི་ཚེས་ ༥ ཉིན་གློད་བཀྲོལ་བཏང་ཡང་ཁོང་ལ་དབུགས་གསག་གི་ནད་ཕོག་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གཞུང་གིས་༢༠༠༩།༣།༥ ཉིན་ཁམས་དཀར་མཛེས་དར་མདོ་རྫོང་རབ་དཀར་གྲོང་ཚོའི་རུ་ཁག་དྲུག་པ་ནས་ཡིན་པའི་སྐལ་བཟང་མཁས་གྲུབ་ལགས་ལ་མི་རིགས་དབར་ལ་འགལ་ཟླ་བཟོས་པ་དང་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་བཏང་བའི་ཉེས་འཛུགས་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ལྟར། ཟླ་བ་འདིའི་ཚེས་ ༥ ཉིན་ཁོང་གི་བཙོན་དུས་ཚང་རྗེས་རྒྱ་ནག་ཟི་ཁྲོན་མེན་ཡང་བཙོན་ཁང་ནས་གློད་བཀྲོལ་བཏང་འདུག སྐལ་བཟང་མཁས་གྲུབ་ལགས་ཀྱི་གཅུང་མོ་རྣམ་སྲས་ལྷ་མོ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ཁོང་གི་གཅེན་པོ་སྐལ་བཟང་མཁས་གྲུབ་ལགས་ཐོག་མའི་འཛིན་བཟུང་སྐབས་ལོ་གཅིག་ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཁག་འགྲེལ་བརྗོད་གནང་ཡོད་པ་དང།  ད་ཆ་ཁོང་བཙོན་གྲོལ་ཐོབ་ཡོད་ནའང། དབུགས་གསག་གི་ནད་གཞི་ཕོག་པའི་རྐྱེན་སྨན་ཁང་ནང་སྨན་བཅོས་གནང་མུས་ཡིན་པ་གསུངས་ཡོད། སྐལ་བཟང་མཁས་གྲུབ་ལགས་ཁོང་གི་བཟའ་ཟླ་ལ་ཕྲུ་གུ་གཉིས་འདུག་པ་དང། ཁོང་དེ་སྔ་ཕྱི་ལོ་ ༢༠༠༧ ལོར་རྒྱ་གར་དུ་ཕེབས་མྱོང་འདུག

Latest news