Tibetan Royal Year of 2151 | Year of the Wood Dragon

བོད།

ཕ་རན་སི་ནས་ཇི་ནི་ཝ་བར་བོད་དོན་རྐང་འཁོར་སྐོར་སྐྱོད་དབུ་འཛུགས།

ཕ་རན་སིའི་རྒྱལ་ས་པེ་རིས་ནང་དུ་བཅའ་བཞུགས་བོད་མི་ངག་དབང་ཚེ་འཕེལ་ལགས་ཀྱིས་པེ་རི་སི་ནས་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ཡོད་པའི་རྒྱལ་ཚོགས་ལས་ཁུངས་བར་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་འདུགསྐུ་ཞབས་ངག་དབང་ཚེ་འཕེལ་ལགས་ཀྱིས་ཁ་སང་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ཕྱག་ཚོད་དང་པོ་དང་ཕྱེད་ཀ་ཐོག་ཞི་རྒོལ་གྱི་ལས་འགུལ་སྤེལ་རྗེས་དེ་རིང་སྔ་དྲོ་ཕྱག་ཚོད་ ༥ ཐོག་པེ་རིས་ནས་ཕེབས་ཐོན་གྱིས་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་བར་སྤྱི་ལེ་ ༦༠༠ ལྷག་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་འདུག རྩ་བའི་ངག་དབང་ཚེ་འཕེལ་ལགས་ནི་པེ་རིས་ནང་དུ་དབུགས་སྦྱོང་སློབ་ཁྲིད་གནང་མཁན་ཡིན་པ་དང་། ད་རེས་ཁོང་གིས་རྐང་འཁོར་སྐྱོར་སྐྱོད་ཀྱི་ལས་འགུལ་བརྒྱུད་རྒྱ་ནག་གཞུང་གིས་བོད་གཙོ་བོར་གྱུར་པའི་ཤར་ཏུར་ཀི་སི་ཐན། དེ་བཞིན་ཧོང་ཀོང་བཅས་ཀྱི་ནང་དུ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་སྟེ་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་ངོ་སྤྲོད་དང་སྦྲགས། རྒྱལ་ཚོགས་ལ་དོན་ཚན་བརྒྱད་ཅན་གྱི་དགོས་འདུན་འཁོད་པའི་ཞུ་སྙན་ཞིག་ཕུལ་འདུག་པའི་ནང་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་ཞུ་དགོས་པ། བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་ནང་གི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པ། བོད་རྒྱ་ཞི་མོལ་བསྐྱར་གསོ་དགོས་པ། རྒྱ་ནག་གིས་གོ་ལ་ཁྱོན་ལ་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་བཏང་བའི་འགན་ཡོངས་རྫོགས་འཁུར་འཇུག་དགོས་པ། བོད་མི་དང་ཡུ་གུར་བ་ཚོ་རང་གི་ས་ཁུལ་ནང་དུ་རང་དབང་ངང་འགྲུལ་སྐྱོད་ཆོག་པའི་ཐོབ་ཐང་སྤྲོད་དགོས་པ། དེ་བཞིན་བོད་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སོགས་འཕྲལ་མར་མཚམས་འཇོག་དགོས་པ་བཅས་ཆེད་འདོན་གནང་འདུག རླུང་འཕྲིན་ཁང་གིས་ངག་དབང་ཚེ་འཕེལ་ལགས་སུ་ལས་འགུལ་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་དེང་སྐབས་འཛམ་གླིང་རྒྱལ་ཁབ་ཚང་མས་རྒྱ་ནག་གི་བྱ་སྤྱོད་རྣམས་གསལ་པོ་ཤེས་པར་བརྟེན་སྐྱོན་བརྗོད་གནང་བཞིན་པའི་གོ་སྐབས་དམ་འཛིན་གྱིས་ལས་འགུལ་སྤེལ་བཞིན་ཡོད་པ་རེད། དེས་ན་ཐེངས་འདིའི་བོད་དོན་ལས་འགུལ་ཁྲོད་གྲོང་གསེབ་དང་གྲོང་ཁྱེར་འདྲ་མིན་ནང་དུ་ལས་ཁུངས་ཁག་གི་མདུན་དུ་བོད་ཀྱི་རྒྱལ་དར་འཕྱར་རྒྱུ་དང་བོད་དོན་གོ་རྟོགས་ཀྱི་ཡིག་ཆ་འགྲེམས་སྤེལ་གནང་འཆར་ཡོད་པ་སོགས་གསུངས་སོང་།

རྒྱ་ནག་གི་འཁྱོག་བརྗོད་དྲིལ་བསྒྲགས་ཀྱི་ས་བཅད་ཕྱིར་འཐེན་བྱས་འདུག

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ The Economist གསར་ཁང་གིས་རྒྱ་ནག་གིས་འཁྱོག་བརྗོད་དྲིལ་བསྒྲགས་སྤེལ་སའི་གསར་ཤོག་གི་ China focus ཞེས་པའི་ས་བཅད་དེ་ཕྱིར་འཐེན་བྱས་འདུགདེ་རིང་ Free Tibet ཞེས་པའི་དབྱིན་ཡུལ་གྱི་བོད་རང་དབང་ཚོགས་པས་གནས་ཚུལ་སྤེལ་བར་རྒྱ་ནག་གིས་ཕྱི་ཕྱོགས་ཀྱི་གསར་ཤོག་གྲགས་ཅན་རིགས་མང་པོར་དངུལ་དངོས་ཀྱི་ཁེ་ཕན་ཆེན་པོ་སྤྲད་ནས་རྒྱ་ནག་གི་ཆབ་སྲིད་ཀྱི་འཁྱོག་བརྗོད་དྲིལ་བསྒྲགས་རིགས་སྤེལ་སའི་ས་བཅད་ཉོས་ཡོད་པ་ལྟར། Free Tibet དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཉིས་ཀྱིས་དེར་འབྲེལ་གྱི་གནད་དོན་ཁག་ཕྱིར་བསྒྲགས་བྱས་པ་བརྒྱུད་ད་ཆ་The Economist གསར་ཁང་གིས་རྒྱ་ནག་གིས་འཁྱོག་བརྗོད་དྲིལ་བསྒྲགས་སྤེལ་སའི་ས་བཅད་དེ་ཕྱིར་འཐེན་བྱས་ཡོད་པ་མངོན་གསལ་གནང་འདུག རྩ་བའི་ The Economist ཞེས་པའི་དཔལ་འབྱོར་གྱི་དཔྱད་བརྗོད་སྤེལ་སའི་དབྱིན་ཡུལ་གྱི་གསར་ཤོག་དེས་འདས་པའི་ལོ་གཉིས་ཙམ་ནས་དེ་གའི་གསར་ཤོག་ཐོག་ China Focus ཞེས་རྒྱ་ནག་གི་འཁྱོག་བརྗོད་དྲིལ་བསྒྲགས་སྤེལ་སའི་ས་བཅད་ཅིག་བཀོད་ཡོད་པ་དང་། ས་བཅད་དེའི་ནང་དོན་རྣམས་ Beijing review འམ་པེ་ཅིང་བསྐྱར་ཞིབ་ཅེས་རྒྱ་ནག་དམར་ཤོག་ཚོགས་པས་ཐད་ཀར་སྟངས་འཛིན་འོག་ཡོད་པའི་དྲིལ་བསྒྲགས་ཚན་པས་བྲིས་པ་ཞིག་ཡིན་པ་མ་ཟད། དེ་དག་ནང་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ལ་གདོང་ལེན་བྱེད་ཕྱོགས་ཐད་བསྔགས་བརྗོད་ཀྱི་དཔྱད་གཏམ་དང་བརྒྱུད་གཅིག་ལམ་གཅིག་སོགས་རྒྱ་ནག་གི་རྒྱལ་སྤྱིའི་ཚོང་ལས་དང་འབྲེལ་བའི་ལས་འཆར་མང་པོ་སྤེལ་བྱེད་བཞིན་ཡོད་པ་རེད། གསར་འགོད་པ་ Dean Sterling Jones ཟེར་བ་ཞིག་གིས་ཞིབ་འཇུག་བྱས་པ་ལྟར་ན། The Economist གསར་ཁང་གིས་ཟླ་བ་སྔོན་མའི་ཚེས་ ༢༦ ནས་བཟུང་རྒྱ་ནག་གི་འཁྱོག་བརྗོད་དྲིལ་བསྒྲགས་སྤེལ་སའི་ས་བཅད་དེ་ཕྱིར་འཐེན་བྱས་ཡོད་པར་གསུངས་འདུག དེ་བཞིན་བོད་རང་དབང་ཚོགས་པའི་དྲིལ་བསྒྲགས་འགན་འཛིན་སྐུ་ཞབས་John Jones ལགས་ཀྱིས་ The Telegraph དང་ the Economist གསར་ཁང་གཉིས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་དྲིལ་བསྒྲགས་སྤེལ་སའི་ས་བཅད་དེ་ཕྱིར་འཐེན་བྱས་པ་དེ་ནི་བོད་མི་རྣམས་ལ་མཚོན་ན་རྒྱལ་ཁ་ཆེན་པོ་ཞིག་ཡིན་པར་ཡོངས་གྲགས་གནང་སྟེ་ད་ཆ་ Wall Street Journal གསར་ཤོག་གིས་ཀྱང་རྒྱ་ནག་གི་འཁྱོག་བརྗོད་དྲིལ་བསྒྲགས་རིགས་སྤེལ་མི་འཇུག་པའི་རེ་སྐུལ་གནང་གི་ཡོད་པར་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་རྒྱལ་སྤྱིའི་འབྲེལ་མཐུད་པ་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་ཀྱང་ཐེངས་འདིར་ The Economist གསར་ཁང་གིས་རྒྱ་ནག་གི་དྲིལ་བསྒྲགས་རིགས་སྤེལ་སའི་ས་བཅད་དེ་ཕྱིར་འཐེན་བྱས་པ་དེ་ནི་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་མི་མང་སོགས་ཀྱིས་ཡུན་རིང་ནས་ངང་སྒུག་བྱས་པའི་རྒྱལ་ཁ་ཆེན་པོ་ཞིག་རེད་ཅེས་འགྲེལ་བརྗོད་གནང་བ་དང་སྦྲགས། གསར་ཁང་ཞིག་ཡིན་ན་དྲང་བདེན་མིན་པའི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གྱི་གནད་དོན་ནམ་ཐོན་ལ་དུས་ཐོག་ཏུ་གནས་ཚུལ་བརྒྱུད་བསྒྲགས་བྱེད་དགོས་པ་ལས་རྒྱ་ནག་གི་མགྲིན་ཚབ་ལྟ་བུ་བྱེད་རྒྱུ་མེད་པར་གསུངས་ཏེ་གང་མགྱོགས་གསར་ཁང་གཞན་དག་གིས་ཀྱང་རྒྱ་ནག་དང་ལག་འབྲེལ་བྱས་ཡོད་པའི་དྲིལ་བསྒྲགས་ཀྱི་ས་བཅད་རིགས་ཡོངས་སུ་ཕྱིར་འཐེན་གནང་དགོས་པའི་རེ་སྐུལ་ཞུས་འདུགདེ་བཞིན་བོད་རང་དབང་ཚོགས་པས། The Economist གསར་ཁང་ནི་རྒྱ་ནག་གིས་དངུལ་དངོས་སྤྲད་ནས་གནས་ཚུལ་སྤེལ་མཁན་གྱི་གསར་ཁང་མང་པོའི་ནང་གི་གཅིག་ཡིན་པ་དང་། ད་ལྟའི་ཆར་ཨ་རིའི་ The Wall Street Journal དང་། ཨོ་གླིང་གི་ The Sydney Morning Herald དེ་བཞིན་ཕ་རན་སིའི་  Le Figaro སོགས་ཀྱི་རྒྱལ་སྤྱིའི་གསར་ཁང་  ༢༥ ལྷག་གིས་ད་དུང་ཡང་རྒྱ་ནག་སྲིད་གཞུང་གིས་སྟངས་འཛིན་བྱེད་བཞིན་པའི་ China Daily ཞེས་པའི་རྒྱ་ནག་གི་ཉིན་རེའི་གསར་ཤོག་ལས་གནས་ཚུལ་བརྒྱུད་སྤེལ་བྱེད་བཞིན་པར་ལུང་འདྲེན་གྱིས་ རྒྱ་ནག་གིས་གསར་ཁང་དེ་དག་ལ་སྒོར་སྟོང་ཕྲག་མང་པོ་སྤྲད་ཡོད་པ་ཡང་ཡོངས་གྲགས་གནང་འདུག བོད་རང་དབང་ཚོགས་པས་ཐེངས་འདིར་རྒྱ་ནག་གི་འཁྱོག་བརྗོད་དྲིལ་བསྒྲགས་སྤེལ་སའི་ས་བཅད་གཅིག་སྒོ་རྒྱབ་པ་དེ་ནི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པར་ལུང་འདྲེན་གྱིས་རྒྱ་ནག་སྲིད་གཞུང་གིས་ཐད་ཀར་སྟངས་འཛིན་བྱེད་ཀྱི་ཡོད་པའི་པེ་ཅིན་དཔྱད་ཞིབ་ཅེས་པ་དེ་ནི་ཕྱི་ལོ་ ༡༩༥༨ ལོར་རྒྱ་ནག་གི་སྲིད་བྱུས་ཕྱི་ལ་བསྒྲགས་བྱེད་དུ་གསར་འཛུགས་བྱས་ཡོད་པ་མངོན་གསལ་དང་། ལོ་ཤས་ནས་ནས་རྒྱ་ནག་གིས་ཆེད་དུ་བོད་ནང་གི་མང་གཙོ་བཅོས་བསྒྱུར་ཞེས་པ་ཞིག་གསལ་འདོན་བྱེད་ཀྱི་ཡོད་པ་ལྟར། ཉེ་ཆར་ནས་ཤིན་ཅང་ས་ཁུལ་དེ་མི་སེར་ས་ཡ་གཅིག་ལྷག་བཀག་སྐྱིལ་བྱས་ཡོད་པ་དེ་ནི་བཟོ་ལས་དང་འབྲེལ་བའི་སྦྱོང་བརྡར་ལྟེ་གནས་ཤིག་ཡིན་པར་དྲིལ་བསྒྲགས་བྱས་པ་སོགས་ལ་བརྟེན་ན་ཕྱི་ཕྱོགས་སུ་དངོས་བདེན་མིན་པའི་གནས་ཚུལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པར་ཆེས་མངོན་གསལ་གནང་འདུག འདི་ལོའི་ཟླ་ ༣ པ་ནས་བཟུང་ The Telegraph ཞེས་པའི་གསར་ཁང་གིས་ཀྱང་རྒྱ་ནག་དང་ལྷན་དུ་ལག་འབྲེལ་བྱེད་རྒྱུ་མཚམས་འཇོག་བྱས་པ་ཡོད་པ་ལྟར་གསར་ཁང་ཆེ་གྲས་གཞན་རྣམས་ཀྱིས་གང་མགྱོགས་རྒྱ་ནག་གི་དྲིལ་བསྒྲགས་རིགས་སྤེལ་རྒྱུ་ཡོངས་སུ་མཚམས་འཇོག་གནང་དགོས་པར་འཁོད་འདུག

བོད་མི་རྣམས་ཇོ་ཁང་དུ་མཆོད་མཇལ་ལ་འགྲོ་རྒྱུར་བཀག་སྡོམ།

དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ད་ཆ་རྒྱ་ནག་གིས་ལྷ་སའི་ཇོ་ཁང་གི་ནང་དུ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་གཏོང་གི་ཡོད་ནའང་། དམར་ཤོག་གཞུང་གི་བོད་མི་ལས་བྱེད་དང་བོད་པའི་སློབ་མ་སོགས་ཇོ་ཁང་གི་ནང་དུ་མཆོད་མཇལ་ལ་འགྲོ་རྒྱུར་བཀག་སྡོམ་བྱས་ཡོད་ལུགས་འཁོད་འདུག ལྷ་སར་གནས་སྡོད་བྱེད་མཁན་གྱི་བོད་མི་ཞིག་གིས་བོད་དོན་ལྟེ་གནས་ཁང་ལ་འགྲེལ་བརྗོད་གནང་པའི་ནང་དུ། རྒྱ་ནག་གི་དབང་འོག་ཏུ། བོད་མིའི་རིག་གཞུང་ནི་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་དག་ལ་སྟོན་རྒྱུའི་དངོས་ཟོག་ལྟ་བུ་ཞིག་ལས། རྒྱ་ནག་གིས་བོད་མི་རྣམས་ཀྱིས་རང་གི་ཆོས་དང་རིག་གཞུང་ལ་བདག་གཅེས་བྱེད་རྒྱུར་གོ་སྐབས་སྤྲོད་ཀྱི་མེད་པར་འཁོད་འདུག དེ་བཞིན། རྒྱ་ནག་གི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བའི་ནང་དུ། འདི་ལོའི་ལོ་ཕྱེད་ཅིག་གི་ནང་དུ། ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་བྱུང་བའི་རྗེས་སུ་ལྷ་ས་ནི་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་སའི་ས་ཁུལ་ལྟེ་བ་ལྟ་བུ་ཞིག་ཏུ་གྱུར་ཡོད་པར་འཁོད་པ་ལྟར། འདི་ལོའི་ནང་དུ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་༨།༣ ལྷག་ལྷ་སར་ཕྱིན་ཡོད་པ་འཁོད་ཡོད་པ་དང་། སྔར་ལོ་དང་བསྡུར་ན། འདི་ལོའི་ཟླ་བ་དྲུག་པའི་བར་དུ། བོད་ཁུལ་དུ་སྔར་ལོ་ནས་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་བརྒྱ་ཆ་ ༣༦ ལྷག་མང་དུ་ཕྱིན་ཡོད་པ་ཡང་མངོན་གསལ་གནང་འདུག དེ་བཞིན་ལྷ་སའི་ཁུལ་གྱི་འབྲེལ་ཡོད་ཀྱིས་གསལ་བཤད་གནང་བ་ལྟར་ན། གཞི་རྩའི་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ལྷ་སར་སླེབས་པ་དེས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་ཐོག་འབྱུང་གི་ཡོད་ནའང་། ཡུལ་སྐོར་སྤྲོ་འཆམ་མ་མང་པོས་བོད་ཀྱི་དགོན་གྲོང་གི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་སྣང་མེད་རྡོག་རོལ་ཐེབས་ཀྱི་ཡོད་པ་ལུང་འདྲེན་གྱིས། རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀྱིས་དགོན་པའི་ནང་དུ་གད་སྙིགས་གཡུགས་པ་དང་ཐ་མག་འཐེན་པ་སོགས་ཀྱི་སྣང་ཚུལ་གང་མང་འབྱུང་གི་ཡོད་པ་ཡང་འགྲེལ་བརྗོད་གནང་འདུག བོད་དོན་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་ཀྱིས་རྒྱ་ནག་གིས་དུས་རྒྱུན་ནས་གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་ཐབས་སུ་ས་ཁུ་སོ་སོར་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཆེད་གཏོང་བྱས་ཏེ་མི་སེར་སྤེལ་ཡུལ་གྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་བཞིན་ཡོད་་པར་ངོ་སྤྲོད་གནང་སོང་། གཞི་རྩའི་རྒྱ་ནག་གིས་གྲངས་ཆུང་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་བརྩི་སྲུང་བྱེད་དགོས་བའི་ཁྱབ་བསྒྲགས་མང་པོ་བྱེད་བཞིན་ཡོད་ནའང་། དོན་དུ་བོད་ཁུལ་གྱི་དགོན་པ་གྲྭ་ཚང་ཁག་ཏུ་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་བསླབ་གཞི་ཁག་ངོ་སྤྲོད་བྱེད་ཀྱི་ཡོད་པ་དང་། དེ་བཞིན་སློབ་མ་རྣམས་ཀྱང་རང་གི་སྐད་ཡིག་ཆེད་སྦྱོང་གི་ཕྱིར་རུ་དགོན་པ་གྲྭ་ཚང་དུ་ཟུར་སྦྱོང་ལ་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ཐེངས་མང་བཏང་ཡོད་པ་མ་ཟད།། འདི་ལོ་ནས་མགོ་ལོག་ཁུལ་དང་མཚོ་སྔོན་པོའི་གཡས་གཡོན། དེ་བཞིན་བྲག་དཀར་རྫོང་སོགས་སུ་ཁོར་ཡུག་འབག་བཙོག་གི་གནད་དོན་དང་བསྙལ་ནས་གཞུང་ལམ་ཉེ་འཁྲིས་ཀྱི་མ་ཎི་རྡོ་བརྐོས་དང་དར་ལྕོགས་སོགས་ཡོངས་སུ་གཙང་ཕྱག་བྱེད་དུ་བཅུག་ཡོད་པའི་གནས་ཚུལ་ཡང་མང་པོ་ཐོན་ཡོད་པ་རེད།

དབྱིན་ཡུལ་ནང་དུ་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་མཇུག་སྒྲིལ།

དབྱིན་ཡུལ་ནང་དུ་སྨན་ཞབས་པའི་ཕྱག་ལས་གནང་མཁན་བསྟན་འཛིན་བཟང་མོ་ལགས་དང་ཁོང་གི་སྐུ་ཟླ་བཀྲིས་དོན་གྲུབ་ལགས། དེ་བཞིན་བསོད་ནམས་ཚེ་རིང་ལགས། བསྟན་འཛིན་ཕུན་ཚོགས་ལགས་བཅས་བོད་མི་བཞིས་དང་བླངས་ཀྱིས་ཟླ་བ་འདིའི་ཚེས་ ༥ ཉིན་དབྱིན་ཡུལ་གྱི་གྲོང་ཁྱེར་ Bristol ནས་དབུ་འཛུགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ནས་བོད་རྒྱ་ཞི་མོལ་སླར་གསོ་བྱེད་དགོས་པ་དང་རྒྱལ་སྤྱིའི་གཞུང་མང་ནས་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་མ་ཟད་འཛམ་གླིང་ཡོངས་ལ་ཏོག་དབྱིབ་གཉན་རིམས་ཁྱབ་བརྡལ་བཏང་བའི་འགན་འཁྱེར་འཇུག་དགོས་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་བཀྲིས་དབང་ཕྱུག་ལགས་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས། དེ་བཞིན་དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་ནས་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་སོགས་ཀྱི་དགོས་འདུན་དོན་ཚན་བཅུ་ཅན་བརྒྱུད་བསྒྲགས་གནང་སྟེ་རྒྱལ་ས་ལོན་ཌོན་བར་སྤྱི་ལེ་ ༡༡༧ ཙམ་ལ་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ་དེ་ཁ་སང་ཕྱི་ཚེས་ ༡༠ ཉིན་མཇུག་སྒྲིལ་གནང་འདུགཁ་སང་ལོན་ཌོན་ནང་དུ་འབྱོར་མ་ཐག་ས་གནས་ཀྱི་བོད་རིགས་མང་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ས་གནས་འདྲ་མིན་དུ་ངང་སྒུག་གནང་བཞིན་ལས་འགུལ་བ་དག་ལ་ཕེབས་བསུ་གཟབ་རྒྱས་ཞུས་འདུག་པ་མ་ཟད།དེ་བཞིན་ལས་འགུལ་བ་རྣམས་དབྱིན་ཡུལ་གྱི་སྲིད་བློན་བཞུགས་གནས་ 10th Downing Street ལ་འབྱོར་སྐབས་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ལགས་དང་དོན་ཁང་གི་ལས་བྱེད་གཙོས་དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་མི། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་དོན་རྒྱབ་སྐྱོར་བ་སོགས་ཀྱི་ཚོགས་སྐྱིད་ཁག་གི་འཐུས་མིས་སྣེ་ལེན་ཞུས་ཡོད་པ་རེད།བསྟན་འཛིན་བཟང་མོ་ལགས་ཀྱིས་དབྱིན་ཡུལ་གྱི་སྲིད་བློན་མཆོག་གི་མཚན་ཐོག་ལ་ཞུ་སྙན་ཞིག་ཕུལ་འདུག་པ་དང་དེའི་ནང་དབྱིན་ཡུལ་གཞུང་གི་ངོས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ Global Magnitsky Act ཞེས་པའི་རྒྱལ་སྤྱིའི་ཁྲིམས་ཀྱི་འོག་ནས་ཉེས་ཆད་འགེལ་དགོས་པ་དང་དབྱིན་ཡུལ་གཞུང་གིས་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཁྲིམས་གཞི་གཏན་འབེབས་གནང་དགོས་པ། དེ་བཞིན་རྒྱ་གཞུང་གིས་ཁུངས་རྩི་སློབ་གླིང་བརྒྱུད་ནས་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བ། ཤེས་ཡོན་གྱི་རང་དབང་དམ་དྲག་བྱེད་མུས་ལ་རྟོག་ཞིབ་དང་། ༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་༸སྐུ་དབང་ཡོངས་རྫོགས་༸གོང་ས་མཆོག་ལ་ཡོད་པ་ལས་དེ་མིན་སུ་གང་ལའང་མེད་པ་སོགས་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུགདེ་རྗེས་ལས་འགུལ་བ་རྣམས་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ཕེབས་ཏེ་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་སེལ་དགོས་པའི་ཞུ་སྙན་ཕུལ་བ་དང་འབྲེལ་ཐེངས་འདིའི་ལས་འགུལ་མཇུག་སྒྲིལ་གནང་འདུགརླུང་འཕྲིན་ཁང་གིས་བསྟན་འཛིན་བཟང་མོ་ལགས་སུ་ལས་འགུལ་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ད་ལན་གྱི་ལས་འགུལ་སྤེལ་བའི་དམིགས་ཡུལ་ལྟར་ལམ་ལྷོངས་ལྡན་པ་དང་། བོད་དོན་དྲིལ་བསྒྲགས་ཧ་ཅང་ལེགས་པོ་བྱུང་ཞེས་དགའ་ཚོར་ཆེན་པོ་གནང་བ་དང་ཆབས་ཅིག བོད་མི་ཚོས་ངེས་པར་དུ་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་གནས་སྟངས་ཀྱི་གོ་སྐབས་དམ་འཛིན་ཐོག་ནས་བོད་དོན་ལས་འགུལ་མང་ཙམ་སྤེལ་དགོས་པ་དང་། བོད་དོན་གྱི་ལས་འགུལ་སྤེལ་ཁག་ལ་རྒྱབ་སྐྱོར་གནང་དགོས་གལ་ཡིན་པ་གསུངས་སོང་།རྩ་བའི་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་འདི་ནི་འདི་ལོའི་ནང་ཡོ་རོབ་རྒྱལ་ཁབ་ཁུལ་གྱི་བོད་མི་སྒེར་ནས་སྤེལ་བའི་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཐེངས་གསུམ་པ་དེ་ཡིན་པ་རེད།

ཕོ་བྲང་པོ་ཏ་ལར་ཉིན་རེར་གནས་མཇལ་ཆེད་མང་ཚོགས་བཞི་སྟོང་ལས་འགྲོ་མི་ཆོག་པའི་བཀའ་རྒྱ།

དེའང་རྒྱ་ནག་གི་ Wuhan གྲོང་ཁྱེར་ནས་ Corona virus ཞེས་པའི་ཏོག་དབྱིབས་རིམས་ནད་དེ་ཁྱབ་བརྡལ་བྱུང་བའི་རྐྱེན་གྱིས་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་རྒྱལ་ས་ལྷ་ས་ནང་གི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུན་དུས་བཞུགས་གནས་ཕོ་བྲང་པོ་ཏ་ལ་དེ་བཞིན་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་ནས་ཟླ་བ་ ༤ ལྷག་སྒོ་བརྒྱབ་པའི་གནས་སྟངས་བྱུང་ཡོད་པ་དེ་ལྟར་ཡང་། ཉེ་ལམ་ཕྱི་ཟླ་ ༦ ཚེས་ ༣ ནས་སླར་ཡང་སྒོ་མོ་ཕྱེས་ནས་ཉིན་རེར་ཡུལ་སྐོར་སྤྲོ་འཆམ་པ་ ༢༡༠༠ ལས་བརྒལ་བ་བསྐྱོད་ཆོག་གི་མེད་པ་བཟོས་པ་མ་ཟད། ཕོ་བྲང་པོ་ཏ་ལའི་དོ་དམ་ལས་ཁུངས་ཀྱིས་ཟླ་བ་འདིའི་ཚེས་ ༧ ཉིན་ཏོག་དབྱིབས་གཉན་རིམས་སྔོན་འགོག་འཐུས་ཚང་ཡོང་བར་ཆེད་དམིགས་ཀྱིས་དྲྭ་ཐོག་ནས་གནས་མཇལ་གྱི་ཕྱག་འཁྱེར་མངགས་དགོས་པ་དང་། ཉིན་ལྟར་མང་ཚོགས་ ༤༠༠༠ ལས་བརྒལ་བ་བཅར་མི་ཆོག་པའི་ཚད་འཛིན་གྱི་ཁྲིམས་སྒྲིག་ཡོངས་གྲངས་བྱས་འདུགད་དུང་ཕོ་བྲང་པོ་ཏ་ལའི་དོ་དམ་ལས་ཁུངས་ཀྱིས་གནས་མཇལ་བ་ཚོས་ངེས་པར་དུ་ཉིན་གཅིག་གི་སྔོན་ནས་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་མངགས་པའི་མ་ལག་བརྒྱུད་གནས་མཇལ་གྱི་ཕྱག་ཁྱེར་མངགས་དགོས་པ་དང་ཕྱག་ཁྱེར་མངགས་རྗེས་ཕྱི་ཉིན་གནས་མཇལ་དེར་བསྐྱོད་ཆོག་ཀྱང་། མཆོད་མཇལ་གྱི་དུས་ཚོད་སྔ་དྲོ་ཚོུད་ ༩ ནས་ ༢ བར་ཡིན་པ་དང་། ཕྱག་ཁྱེར་མངགས་པའི་དུས་ཚོད་ནི་ཉིན་རེའི་ཞོགས་པའི་ཆུ་ཚོད་ ༨ པར་ཡིན་སྟབས་ཕོ་བྲང་པོ་ཏ་ལའི་དོ་དམ་ལས་ཁུངས་ཀྱི་སྐད་འཕྲིན་བརྒྱུད་དུས་ཚོད་བདམས་ཏེ་མིང་ངོ་མ་ཐོ་འགོད་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་རྟགས་དང་རྒྱབ་མདུན་གྱི་པར་བསྐུར་དགོས་པ། དེ་བཞིན་ཁ་པར་ཨང་གྲངས་བརྒྱངས་རྗེས་བླུ་ཡོན་ཞུ་དགོས་པ་མ་ཟད། གནས་མཇལ་བ་ཚོས་མཆོད་མཇལ་ཞུ་རིང་ངེས་པར་དུ་བང་སྒྲིག་དགོས་པ་དང་བར་ཐག་སྨི་ ༡༌༥ ཡན་འཇོག་དགོས་པ། དུག་སེལ་བྱེད་དགོས་པ་མ་ཟད་ཁར་ཁ་རས་རྒྱག་དགོས་པ་སོགས་ཀྱི་དོན་ཚན་ཁག་ཅིག་ཆེད་འདོན་བྱས་འདུགཅི་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཇི་ལྟར་བྱེད་དགོས་པའི་བླང་དོར་སྒྲིག་གཞི་དང་འགལ་བ་གནས་མཇལ་བ་མང་དུ་སོང་ཚེ་གནས་ཚུལ་ལ་ཞིབ་དཔྱད་ཀྱིས་གནས་མཇལ་དག་ལ་ཚོད་འཛིན་བྱེད་པ་སོགས་ཀྱི་ཐག་གཅོད་རྒྱུ་ཡིན་སྐོར་བཀོད་འདུགགཞི་རྩའི་ཕྱི་ཟླ་ ༦ ཚེས་ ༢ ཉིན་ཕོ་བྲང་པོ་ཏ་ལའི་དོ་དམ་ལས་ཁུངས་ཀྱིས་རྒྱ་ནག་རྒྱལ་ནང་གི་ནད་ཡམས་གནས་ཚུལ་ཇེ་ལེགས་སུ་འགྲོ་བཞིན་པར་བརྟེན་གོང་རིམ་ནས་ཀྱང་ཕོ་བྲང་པོ་ཏ་ལ་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཏག་དོན་ལྟར་ཚེས་ ༣ ཉིན་ནས་བཟུང་ཏོག་དབྱིབས་གཉན་རིམས་སྔོན་འགོག་འཐུས་ཚང་ཡོང་བར་ཆེད་དམིགས་ཀྱིས་དྲྭ་ཐོག་བརྒྱུད་གནས་མཇལ་གྱི་ཕྱག་འཁྱེར་བླུ་ཡོན་ཞུ་དགོས་པ་དང་། དེ་བཞིན་དུས་ཚོད་ཁག་དབྱེ་སོགས་ཀྱི་ཐོག་ནས་གནས་གཟིགས་སྒོ་ཕྱེ་རྒྱུ་ཡོང་གྲགས་བྱས་ཡོད་ཀྱང་། སེ་འབྲས་དགེ་གསུམ་གྱིས་གཙོས་པའི་ལྷ་སའི་ནང་གི་དགོན་སྡེ་ཁག་ད་དུང་ཡང་སྒོ་ཕྱེ་རྒྱུ་མིན་པར་ཡོངས་གྲགས་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད། སྤྱིར་རྒྱ་ནག་གིས་ཕོ་བྲང་པོ་ཏ་སྒོ་ཕྱེས་པ་དེ་ནི་རྒྱལ་སྤྱིའི་ཐོག་བོད་ཁུལ་དུ་ཞི་འཇགས་ཀྱི་འཚོ་བ་སྐྱེལ་གྱི་ཡོད་པའི་རྣམ་པ་ཕྱིར་སྟོན་ཐབས་གཙོ་བོ་བྱས་པ་ཞིག་ལས་དོན་དངོས་ཐོག་བོད་ཁུལ་དུ་བོད་རིགས་སློབ་ཕྲུག་དང་གཞུང་ཞབས་པ་རྣམས་དགོན་པ་གྲྭ་ཚང་ཁག་གི་ཐུན་མིན་ཆོས་ལུགས་ཀྱི་གནང་སྒོར་ཞུགས་མི་ཆོག་པར་སྟངས་འཛིན་ནན་པོ་བྱས་དང་བྱེད་བཞིན་པར་མ་ཟད་སྤྱི་ཡོངས་ཀྱི་ཆ་ནས་དགོན་སྡེ་ཁག་ལ་དམ་དྲག་བྱེད་བཞིན་པའི་གནས་སྟངས་དེ་ནི་རྒྱུན་ལྡན་ཞིག་ཡིན་པ་རེད།

པདྨ་དོན་གྲུབ་ཀྱི་གློག་བརྙན་གསར་པ་དྲྭ་ཐོག་བརྒྱུད་གཟིགས་འབུལ་དབུ་འཛུགས།

ཨ་རིའི་གྲོང་ཁྱེར་ Los Angeles ནང་བཅའ་བཞུགས་གློག་བརྙན་འཁྲབ་ཁྲིད་པ་པདྨ་དོན་གྲུབ་ལགས་ཀྱིས་བཟོས་པའི་གློག་བརྙན་ The Man From Kathmandu ཞེས་པ་དེ་ཁ་སང་དགོང་དྲོ་ནས་དྲྭ་ཐོག་བརྒྱུད་ཨ་རི་དང་ཁེ་ན་ཌ་ཁུལ་དུ་གཟིགས་འབུལ་དབུ་འཛུགས་གནང་འདུག་པ་མ་ཟད། རིམ་པས་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་གིས་གཙོས་པའི་རྒྱ་གར་དང་བལ་ཡུལ་སོགས་ལའང་དེ་ལྟར་གནང་འཆར་འདུགད་རེས་རྒྱང་བསྲིངས་ཞུས་པའི་པདྨ་དོན་གྲུབ་ལགས་ཀྱི་གློག་བརྙན་ The Man From Kathmandu ཞེས་པ་དེ་ལོ་ཤས་གོང་དུ་ཁ་ཆེའི་ཆོས་ལུགས་ཀྱི་མིང་ཐོག་ནས་ཆེད་འཛུགས་བྱས་པའི་ ISIS ཞེས་པའི་ཚོགས་ཁག་དེས་འཛམ་གླིང་ཐོག་རྙོག་གྲ་མང་པོ་བཟོ་བཞིན་སྐབས་ཕྱི་རྒྱལ་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་རྒྱལ་ཁབ་མང་པོའི་གཞོན་སྐྱེས་ཤེས་ཡོན་ཅན་སྟོང་ཕྲག་དགུ་བཅུ་ཙམ་ཚོགས་པ་དེར་དངོས་སུ་འཛུལ་ཞུགས་དང་། ཡང་ན་ཚོགས་པའི་ལས་དོན་ལ་རྒྱབ་སྐྱོར་གནང་བ་སོགས་ཀྱི་གནས་སྟངས་བྱུང་ཁག་ལ་གཞིར་བཞག་ནས་བཟོ་སྐྲུན་ཞུས་པ་ཞིག་ཡིན་པ་རེད། གློག་བརྙན་དེའི་མིང་ལ་ The Man From Kathmandu ཞེས་བཞག་དགོས་དོན་ནི་སྐབས་དེར་ ISIS ཞེས་པའི་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པ་དེའི་ནང་རྒྱ་གར་དང་ཨིན་ཌོ་ནེ་ཤ་ཡ། མ་ལེ་ཤ་ཡ། བྷང་ལ་དེ་ཤ དེ་བཞིན་པ་ཀིས་ཏན་སོགས་རྒྱལ་ཁབ་འདྲ་མིན་གྱི་གཞོན་སྐྱེས་ནས་མཉམ་ཞུགས་གནང་ཡོད་ཀྱང་། བལ་ཡུལ་གྱི་གཞོན་སྐྱེས་གཅིག་ཀྱང་མཉམ་ཞུགས་གནང་མེད་པ་དེ་ནི་བལ་ཡུལ་རྒྱལ་ཁབ་ཀྱི་རིག་གཞུང་དང་། ཆོས་ལུགས་འདྲ་མིན་མཉམ་གནས་བྱེད་བཞིན་པའི་གནས་སྟངས་སོགས་ཀྱི་རྐྱེན་གྱིས་ཡིན་པ་མཚོན་བྱེད་དུ་བཞག་པ་ཞིག་རེད་འདུགགློག་བརྙན་འདི་ནི་དབྱིན་ཇིའི་སྐད་ཡིག་ཐོག་བཟོ་སྐྲུན་ཞུས་ཡོད་ཀྱང་གློག་བརྙན་དེ་བལ་ཡུལ་དང་འབྲེལ་བ་ཆེན་པོ་ཡོད་སྟབས་སྔ་ལོར་བལ་ཡུལ་གྱི་སྐད་ཡིག་ཐོག་ཕབ་སྒྱུར་གནང་སྟེ་གློག་བརྙན་གྱི་དབུ་འབྱེད་ཀྱང་བལ་ཡུལ་ནང་གནང་ཡོད་པ་རེད། གློག་བརྙན་གྱི་འཁྲབ་རྩེད་པའི་ཁོངས་སུ་རྒྱ་གར་གྱི་ Gulshan Grover དང་ Pakistan ཡི་ Hameed Sheikh སི་པན་གྱི་ Jose Manuel དེ་བཞིན་བལ་ཡུལ་གྱི་ Karma Shakya དང་ Anna Sharma གཞན་ཡང་ཨ་རི་གཙོས་ཕྱི་རྒྱལ་གྱི་གློག་བརྙན་འཁྲབ་རྩེད་པ་མི་ཉུང་བ་ཅིག་མཇལ་རྒྱུ་འདུག་པ་མ་ཟད། འཁྲབ་རྩེད་པའི་འཁྲབ་ཆས་སོགས་བཀོད་སྒྲིག་གནང་མཁན་དེ་བོད་མི་ཁ་ཆེ་བ་ཅིག་ཆགས་ཀྱི་འདུག རྩ་བའི་གློག་བརྙན་འཁྲབ་ཁྲིད་པ་པདྨ་དོན་གྲུབ་ལགས་ནི་དེ་སྔ་རྒྱ་གར་ནང་ MBA ཞེས་ཚོང་ལས་འཛིན་སྐྱོང་ཐོག་སློབ་སྦྱོང་གནང་རྗེས་བོད་པའི་སྤྱི་ཚོགས་ཁྲོད་བརྙན་པར་གསར་འགྱུར་གྱི་ལས་རིམ་ཆེས་ཐོག་མ་གཉེར་མཁན་དེ་ཆགས་ཀྱི་ཡོད་པ་དང་། དེ་ནས་རིམ་པས་ཨ་རི་ནང་གློག་བརྙན་སྒྱུ་རྩལ་ཐོག་ཆེད་ལས་སློབ་སྦྱོང་མཐར་ཕྱིན་པ་གནང་ཡོད་པ་མ་ཟད། འདས་པའི་དུས་ཚོད་ནང་བོད་པའི་གཞོན་སྐྱེས་ཀྱི་ཕུགས་བསམ་དང་རེ་འདོད་མཚོན་པའི་གློག་བརྙན་ We're No Monks དང་བོད་མིའི་སྐུ་ལུས་མཆོད་འབུལ་དང་འབྲེལ་བའི་ Arise འམ་ལོངས་ཤོག་ཅེས་པའི་གློག་བརྙན་སོགས་ཀྱང་བཟོ་སྐྲུན་གནང་མྱོང་ཡོད་པ་རེད། ད་ལྟའི་ཆར་ཁོང་གིས་༸རྒྱལ་དབང་༸སྐུ་འཕྲེང་རིམ་བྱོན་གྱི་མཛད་རྣམ་དང་འབྲེལ་བའི་གློག་བརྙན་ཞིག་གི་ཐོག་ཕྱག་ལས་གནང་བཞིན་འདུག ཐེངས་འདིའི་གློག་བརྙན་གསར་པ་དེ་འབུ་འབྱེད་གྲུབ་པའི་རྗེས་སུ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འདྲ་མིན་ཐོག་གཟིགས་འབུལ་གནང་བ་མ་ཟད་གློག་བརྙན་དེར་གཟེངས་རྟགས་ཁག་ཅིག་ཐོབ་འདུག

རྒྱ་གཞུང་གིས་བོད་ནང་འཆར་གཞི་ལྡན་པའི་སྒོ་ནས་ཕར་འགྲོ་ཚུར་འོང་ལ་དམ་དྲག་བྱེད་མུས་མངོན་གསལ།

ཁ་སང་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་གསར་པ་འདོན་སྤེལ་གནང་བའི་ནང་རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་བོད་ནང་འགྲོ་སྐྱོད་ཐད་འཆར་གཞི་ལྡན་པའི་སྒོ་ནས་དམ་དྲག་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་ཕྱག་བསྟར་དང་འབྲེལ་ཏེ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ཚེས་ ༥ ཉིན་དེ་གའི་གྲོས་ཚོགས་སུ་ཕྱི་ལོ་ ༢༠༡༩ ལོར་བོད་ནང་འགྲོ་སྐྱོད་ཐད་སྙན་ཐོ་འདོན་སྤེལ་གནང་འདུག་པ་དང་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་འཆར་གཞི་ལམ་ལུགས་ལྡན་པའི་ཐོག་ནས་ཨ་རིའི་གཞུང་འབྲེལ་མི་སྣ་དང་། ལས་བྱེད། གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་རང་སྐྱོང་ལྗོངས་ཞེས་པ་དང་དེའི་ཕྱི་ཕྱོགས་བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་སྐྱོད་ལ་དམ་དྲག་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག་པ་མ་ཟད།  འགྲོ་འོང་གི་དམ་དྲག་དེའི་ཁྲོད་རྒྱ་གཞུང་གིས་དབྱེ་འབྱེད་དང་སྐབས་རེ་སུན་གཙེར་བཟོ་བའི་བྱ་སྤྱོད་བཅས་ཐེར་འདོན་གྱིས་ཨ་རིའི་མི་སྣ་དེ་དག་ལ་སྐུ་ངལ་དུ་མ་འཕྲད་ཀྱི་ཡོད་པ་སོགས་མངོན་གསལ་གནང་འདུག ལྷག་པར་དུ་སྙན་ཐོའི་ནང་གལ་ཏེ་ཨ་རིའི་གཞུང་འབྲེལ་མི་སྣ་བོད་རང་སྐྱོང་ལྗོངས་ཞེས་པའི་ནང་ཕེབས་རྒྱུར་རེ་སྐུལ་གནང་ཚེ་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་སྲིད་གཞུང་ནས་སྤྱི་བདེ་ལས་ཁུངས་དང་ཕྱི་སྲིད་ལས་ཁུངས་སོགས་ལ་བརྡ་ལན་སྤྲོད་པ་དང་སྦྲགས། དབུས་ལས་ཁུངས་ཀྱི་ངོས་ནས་དེའི་ཐད་ཐག་གཅོད་དང་དམ་དྲག་བྱེད་བཞིན་ཡོད་པ་མངོན་ཆེད་བཀོད་གནང་འདུག དེ་བཞིན་ཕྱི་ལོ་ ༢༠༡༩ ལོར་རྒྱ་གཞུང་གིས་ཨ་རིའི་གཞུང་འབྲེལ་མི་སྣ་བོད་རང་སྐྱོང་ལྗོངས་ནང་འཚམས་གཟིགས་གནང་རྒྱུའི་རེ་སྐུལ་ཐེངས་བཅུ་གནང་བ་ལས་ལྔ་ཙམ་ལ་མ་གཏོགས་ངོས་ལེན་བྱས་མེད་པ་འཁོད་འདུག ཡུལ་སྐོར་སྤྲོ་འཆམ་པའི་གྲངས་ཐོར་གཞིགས་ཚེ་ཁུལ་དེའི་ས་གནས་སྲིད་གཞུང་ནས་ཕྱི་ལོ་ ༢༠༡༨ ལོར་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནས་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༣༠ ཙམ་དང་། ཕྱི་ལོ་ ༢༠༡༩ ལོར་ས་ཡ་ ༤༠ ཙམ་ཞིག་བོད་རང་སྐྱོང་ལྗོངས་ཁུལ་དུ་ཕེབས་རྒྱུར་ཆོག་མཆན་སྤྲད་ཡོད་པ་བརྗོད་འདུག འོན་ཀྱང་ཨ་རིའི་མི་སེར་གྱི་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་ཐོ་འཕར་ཡོད་མེད་སོགས་ཀྱི་ཐད་ད་ཆ་ཁུངས་སྐྱེལ་གནང་བ་གང་ཡང་མཐོང་རྒྱུ་མེད་པ་བཀོད་འདུག ཁྲན་ཏུར་ཡོད་པའི་ཨ་རིའི་གཞུང་ཚབ་པས་ཕྱི་ལོ་ ༢༠༡༩ ལོར་དེ་སྔ་ཕྱི་ལོ་ ༢༠༡༨ ལོ་བཞིན་རྒྱ་གཞུང་གིས་ཨ་རིའི་མི་སེར་ཆིག་ཁྲི་ཙམ་མ་གཏོགས་བོད་རང་སྐྱོང་ལྗོངས་ནང་ཕེབས་རྒྱུའི་ཆོག་མཆན་སྤྲོད་མེད་པ་ཚོད་དཔག་གནང་གི་འདུག དེའི་ཁྲོད་བོད་པ་ཨ་རི་མི་སེར་ཡིན་པ་རྣམས་བོད་རང་སྐྱོང་ལྗོངས་ནང་ཕེབས་སྐབས་ཁོང་ཚོར་གཞན་དང་མི་འདྲ་བར་དམ་དྲག་དང་སུན་གཙེར་མང་བ་བཟོ་ཡི་ཡོད་པ་ཆེས་ཁ་གསལ་གནང་འདུགཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་ཐད་རྒྱལ་སྤྱིའི་བོད་དོན་ལས་ཁུངས་ཀྱི་ཚོགས་གཙོ་སྐུ་ཞབས་ Matteo Mecacci  ལགས་ཀྱིས་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་བརྒྱུད་དེ་རྒྱ་གཞུང་གིས་བོད་ནང་གི་འགྲོ་འོང་ཁྲིམས་འཆར་གྱི་འབྲུ་དོན་ལ་བརྩི་མེད་བཏང་ཐོག་མུ་མཐུད་ནས་ཁུལ་དེར་ཨ་རིའི་མི་སེར་ཕེབས་རྒྱུའི་ཐད་འགོག་རྐྱེན་དང་དམ་དྲག་བྱེད་བཞིན་ཡོད་པ་ར་སྤྲོད་བྱུང་བ་དང་སྒོས་བོད་རང་སྐྱོང་ལྗོངས་ཞེས་པ་དེར་ཕྱི་མི་ཕེབས་ཚེ་དམིགས་བསལ་གྱི་ཆོག་མཆན་ཞུ་དགོས་པའི་ས་ཁུལ་གཅིག་པོ་དེ་ཆགས་ཀྱི་ཡོད་པ་དེ་ལྟར་ཡང་། རྒྱ་རིགས་ཨ་རིར་བཞུགས་མཁན་ཚོར་དེ་འབྲེལ་དམ་དྲག་སོགས་མེད་སྐོར་གསུངས་འདུག ཁོང་གིས་ད་དུང་རྒྱ་གཞུང་གིས་བོད་དེ་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་དང་འབྲེལ་ཐག་བཅད་པའི་ཐོག་ལོགས་སུ་འཇོག་པ་དེ་ནི་བོད་མི་མང་ཚོགས་ཀྱི་དངོས་ཡོད་གནས་སྟངས་སྦས་གསང་བྱེད་རྒྱུ་དང་བོད་ཀྱི་ཛ་དྲག་གི་གནས་བབས་ཕྱིར་འགྱར་མི་ཡོང་ཕྱིར་རྒྱ་ནག་གི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན་པར་གསུངས་འདུག་པ་དང་། རྒྱ་ནག་དབུས་ལས་ཁུངས་སོགས་ཀྱིས་བོད་མིར་དྲག་གནོན་དང་དེ་བཞིན་ཨ་རིའི་གཞུང་འབྲེལ་མི་སྣ་ཚོར་བོད་ནང་འགྲོ་འོང་ཐད་དམ་དྲག་དང་བཀག་སྡོམ་བྱས་དང་བྱེད་མུས་ནི་ཡུན་རིང་ནས་ལག་བསྟར་བྱས་པའི་བྱ་སྤྱོད་ཅིག་ཡིན་སྟབས་བྱ་སྤྱོད་དེ་དག་མཚམས་འཇོག་དགོས་པ་བཟོ་དགོས་ཞེས་གསུངས་འདུག གཞི་རྩའི་འདས་པའི་ཟླ་བ་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་ཕྱི་ལོ་ ༢༠༡༨ ལོར་གཏན་འབེབས་གནང་བའི་ Reciprocal Access to Tibet Act ཞེས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་ཕྱག་བསྟར་བརྒྱུད་དེ་ཨ་རིའི་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ། དེ་བཞིན་སྲིད་དོན་པ་དང་གཞུང་འབྲེལ་ལས་བྱེད་སོགས་བོད་ནང་ཕེབས་རྒྱུར་བཀག་སྡོམ་བྱེད་མཁན་རྒྱ་གཞུང་གི་དཔོན་རིགས་ཚོ་ཨ་རིར་ཡོང་རྒྱུར་དམ་དྲག་གནང་རྒྱུ་ཡིན་པ་ཡོངས་གྲགས་གནང་ཡོད་པ་རེད།  

གློག་བརྙན་བཟོ་ལས་ཁང་གིས་རྒྱ་ནག་དང་ལག་འབྲེལ་བྱས་པར་སྐྱོན་བརྗོད།

PEN America ཞེས་པའི་ཨ་རིའི་སྨྱུ་གུ་ཚོགས་པས་ཤོག་གྲངས་ ༩༤ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་དང་སྦྲགས།  ཨ་རིའི་Hollywood གློག་བརྙན་བཟོ་ལས་ཁང་གིས་དབང་ཆ་གཅིག་སྡུད་ཀྱི་རྒྱ་ནག་གི་གློག་བརྙན་བཟོ་ལས་བཀག་སྡོམ་དང་མཉམ་འབྲེལ་བྱས་པར་སྐྱོན་བརྗོད་བྱས་པ་དང་ཆབས་ཅིག  Hollywood གློག་བརྙན་ཁང་གིས་རང་ཉིད་ཀྱི་སྒྱུ་སྩལ་རང་དབང་ལ་སྲུང་སྐྱོབ་བྱེད་ཕྱིར་རྒྱ་ནག་གིས་བཀག་སྡོམ་དང་འབྲེལ་བའི་གནད་དོན་ཕྱི་གསལ་ནང་གསལ་བཟོ་དགོས་བའི་འབོད་སྐུལ་ཞུས་འདུགཨ་རིའི་སྨྱུ་གུ་ཚོགས་པས་ཁ་སང་རེས་གཟའ་ལྷག་པའི་ཉིན་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་ཡུལ་དེའི་ནང་གི་གློག་བརྙན་ཙམ་མ་ཡིན་པར། རྒྱལ་སྤྱིའི་མང་ཚོགས་ལ་གློག་བརྙན་ཅི་འདྲ་ཞིག་སྟོནདགོས་མིན་ཐད་ལའང་གནོད་ཤུགས་ཇེ་ཆེར་སྤྲོད་བཞིན་པའི་གནད་དོན་ཁ་གསལ་བཀོད་པ་དང་འབྲེལ། Hollywood གློག་བརྙན་ཁང་ནས་ཅི་སྟེ་རྒྱ་ནག་གི་རེ་འདོད་ལྟར་གློག་བརྙན་གྱི་བརྗོད་བྱ་དང་བརྗོད་བྱེད་ལ་འགྱུར་བ་གཏོང་དགོས་ན། རྒྱ་ནག་གི་ཁྲོམ་རའི་ནང་དུ་འགྲེམ་རྒྱུའི་གློག་བརྙན་ཐོན་རིམ་ལ་འགྱུར་བ་གཏོང་རྒྱུ་ལས། སྤྱི་ཡོངས་ཀྱི་ཆ་ནས་རྒྱལ་སྤྱིའི་སྟེང་ཚོང་འགྲེམས་བྱེད་རྒྱུའི་གློག་བརྙན་གྱི་ཨ་མ་དངོས་དེར་འགྱུར་བ་མ་གཏོང་རོགས་ཞེས་རེ་བ་བཏོན་པ་མ་ཟད། ཨ་རིའི་སྲིད་གཞུང་གིས་ཁྲིམས་ཐོག་ནས་བཀའ་རྒྱ་གཏོང་མི་དགོས་བར། བཟོ་ལས་ཁང་གིས་འགན་རང་ཁུར་གྱིས་རྒྱ་ནག་གི་ད་ལྟའི་འབྲེལ་ལམ་དེར་ཐབས་བྱུས་ལྡན་པའི་འགྱུར་བ་གཏོང་དགོས་ཀྱི་རེད་ཅེས་ཉེན་བརྡ་བཏང་འདུག སྙན་ཐོ་དེའི་ནང་། རྒྱ་ནག་གིས་དུས་རྒྱུན་ནས་གློག་བརྙན་གྱི་ཁྲོམ་རར་སྟངས་འཛིན་བྱེད་བཞིན་ཡོད་པ་མངོན་གསལ་གྱིས། དེ་སྔ་བོད་ནང་ལོ་བདུན་དང་སྐུ་མདུན་ཞེས་པའི་གློག་བརྙན་འདི་གཉིས་རྒྱ་ནག་གི་ཁྲོམ་རར་བཀག་སྡོམ་བྱས་ཡོད་པ་མ་ཟད། གློག་བརྙན་འཁྲབ་གཞུང་རྩོམ་མཁན་དང་འཁྲབ་སྟོན་པ་སོགས་ཐོ་གཞུང་ནག་པོའི་ནང་དུ་བཅུག་པ་དང་།   དེ་བཞིན་གློག་བརྙན་བཟོ་ལས་ཁང་གིས་ཀྱང་རྒྱ་ནག་དང་འབྲེལ་བའི་ཁེ་ཚོང་གི་རིགས་བྱེད་རྒྱུ་ཡང་བཀག་སྡོམ་བྱས་ཡོད་ལུགས་ངོ་སྤྲོད་གནང་སྟེ།  རྒྱ་ནག་གིས་དུས་རྒྱུན་ནས་རྒྱ་ནག་དང་འབྲེལ་བའི་ལས་རིགས་ཡོངས་རྫོགས་ལ་བརྟག་དཔྱད་བྱས་ཏེ་ཕྱོགས་ཡོངས་ནས་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་པ་ཕྱིར་བསྒྲགས་གནང་སྟེ། ད་ཆ་རྒྱ་ནག་གིས་བཀག་སྡོམ་གྱི་ལམ་ལུགས་འདི་རྒྱལ་ནང་ཙམ་དུ་མ་ཟད། ཕྱི་ལོགས་ཀྱི་སྤྱི་ཚོགས་ནང་དུ་ཡང་ཤན་ཤུགས་ཇེ་ཆེར་གཏོང་གི་ཡོད་པ་ལུང་འདྲེན་གྱིས། རྒྱ་ནག་གི་ནང་གློག་བརྙན་བཟོ་ལས་ཁང་གིས་བོད་དང་ཡུ་གུར། དེ་བཞིན་ཧོང་གོང་བཅས་ཀྱི་བརྗོད་བྱ་དང་འབྲེལ་བའི་གློག་བརྙན་བཟོ་ཐབས་མེད་དུས། ཕྱི་ལོག་གི་རང་དབང་གི་བཟོ་ལས་ཁང་གིས་ཀྱང་གོང་གི་གནད་དོན་དང་འབྲེལ་ནས་གློག་བརྙན་བཟོ་མ་ཐུབ་ན། གཞན་སུས་བརྗོད་བྱ་དེ་དག་གི་སྒང་ལ་གློག་བརྙན་བཟོ་དགོས་རེད་ཅེས་དོགས་འདྲི་ཡང་གནང་འདུགགཞན་ཡང་སྙན་ཐོའི་ནང་དུ། རྒྱ་ནག་གིས་སྤྱི་ཡོངས་ཀྱི་ཆ་ནས་གློག་བརྙན་ཙམ་མིན་པར།  རྒྱལ་ཁབ་གྱི་མངོན་འདོད་བརྩི་སྲུང་དང་སྤྱི་ཚོགས་བརྟན་བརླིང་གི་མིང་ཐོག་ནས་ཕྱི་ཕྱོགས་ཀྱི་གསར་འགོད་ལས་རིགས་ཁྲོད་ཀྱི་བརྙན་དང་རླུང་འཕྲིན་ཁག  དེ་བཞིན་གསར་ཤོག  ཐ་ན་ཚགས་པར་ཚུན་ཆད་ཀྱང་བཀག་སྡོམ་བྱས་ཡོད་ལུགས་ལུང་འདྲེན་གྱིས།  རྒྱ་ནག་གིས་ཕྱི་ལོགས་སུ་གནས་ཚུལ་ལ་བཀག་སྡོམ་བྱེད་དོན་ནི་དམར་ཤོག་ཚོགས་པ་དང་ཚོགས་པའི་འགོ་ཁྲིད་ཚོའི་ཁེ་ཕན་ལ་དམིགས་པ་ཞིག་ཡིན་སྐོར་ངོ་སྤྲོད་གནང་འདུག ཨ་རིའི་སྨྱུ་གུ་ཚོགས་པས་ད་དུང་། སྤྱིར་ཨ་རིའི་ངོས་ནས་རྒྱལ་ཁབ་ཕྱི་ནང་གང་དུ་ཡང་སྨྲ་བརྗོད་རང་དབང་གཙོ་ཆེར་འཛིན་བཞིན་ཡོད་པར་བརྟེན། ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་ནང་དུ་རྒྱ་ནག་དང་འབྲེལ་ལམ་བཙུགས་ནས་སྨྲ་བརྗོད་རང་དབང་གོང་སྤེལ་གྱི་ལས་གཞི་སྤེལ་ཡོད་ནའང་། རྒྱ་ནག་གིས་ཁུལ་དེའི་ནང་ཡོད་པའི་ཨ་རིའི་སྨྲ་བརྗོད་རང་དབང་གི་ཡན་ལག་ལས་ཁུངས་ཀྱི་ཚོགས་མི་བཞི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ཡོངས་གྲགས་ཀྱིས། རྒྱ་ནག་གི་བཙན་དབང་གི་འོག་ནས་འདས་གྲོངས་སུ་གྱུར་བའི་ནོ་སྦེལ་ཞི་བདེ་གཟེགས་རྟགས་བཞེས་མཁན་གྱི་སྐུ་ཞབས་ Liu Xiaobo ལགས་ཀྱང་ཨ་རིའི་སྨྲ་བརྗོད་རང་དབང་ཚོགས་པ་དེར་འབྲེལ་འདྲིས་ཆེ་བའི་ཤུགས་རྐྱེན་ཆེས་ཆེ་ཤོས་ཀྱི་གྲོགས་པོ་ཞིག་ཡིན་སྐོར་འཁོད་འདུགཨ་རིའི་སྨྱུ་གུ་ཚོགས་པས་སྙན་ཐོ་འདི་བརྒྱུད་ནས། གློག་བརྙན་བཟོ་ལས་ཁང་གཞན་དག་གིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་བོ་མི་སྒུར་བར་སྤྱི་ཚོགས་སྟེང་མངོན་གསལ་དོད་པའི་གནད་དོན་འདིའི་ཐོག་ལ་གླེང་སློང་བྱས་ཏེ། མི་མང་གིས་རྒྱ་ནག་གི་གནོད་ཤུགས་འདིར་ལྟ་སྟངས་ཅི་ཡོད་ཀྱི་ཐད་ནས་གྲོས་བསྡུར་བྱེད་རྒྱུའི་གར་སྟེགས་ཤིག་སྐྲུན་དགོས་བ་མ་ཟད། གློག་བརྙན་བཟོ་ལས་ཁང་གིས་ལས་མི་ཡོངས་ཀྱིས་ཀྱང་གནད་དོན་འདིར་ཤེས་རྟོག་ཡོད་པའི་ཐོག་ནས་རང་གི་ཆེད་ལས་དང་ཀུན་སྤྱོད་ལ་བསམ་བློ་གཏོང་དགོས་བའི་འབོད་སྐུལ་ཞུས་འདུག གཞི་རྩའི་རྒྱ་ནག་གི་ནང་དུ་དཔེ་དེབ་དང་གློག་བརྙན་སོགས་གང་ཞིག་འདོན་སྤེལ་བྱེད་དགོས་ན་ཡང་། སྤྱི་ཚོགས་ཀྱི་ནང་དུ་ཡོངས་གྲགས་ཀྱིས་འགྲེམས་སྤེལ་མ་བྱས་སྔོན་ནས་ཐོག་མར་དམར་ཤོག་སྲིད་གཞུང་གིས་བསྐྱར་ཞིབ་བྱེད་པར་འབུལ་དགོས་བའི་བཀག་སྡོམ་གྱི་ལམ་ལུགས་ཤིག་བཟོས་ཡོད་པ་དང་།  སྤྱི་ལོ་ ༢༠༡༦ ལོར་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་་སྐབས་སུ་རྒྱལ་ནང་གི་གློག་བརྙན་བཟོ་ལས་དང་འབྲེལ་ཁྲིམས་སྒྲིག་ཅིག་གསར་བཟོ་བྱས་ཡོད་པའི་ནང་དུ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་སྤྲོད་པ།  དེ་བཞིན་ཐད་སྤྱོད་ཀྱི་བྱ་སྤྱོད་དང་འཇིགས་སྐུལ་རིང་ལུགས་སོགས་དང་འབྲེལ་བའི་གློག་བརྙན་རིགས་ཡོངས་སུ་བཀག་སྡོམ་བྱེད་རྒྱུ་ཡིན་སྐོར་འཁོད་ཡོད་པ་ལྟར་ཁྲིམས་གཞི་དེ་ལག་བསྟར་བྱེད་མུས་རེད།

རྒྱ་གཞུང་ནས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་མངོན་གསལ་བྱེད་དགོས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དམིགས་བསལ་ཁྱད་ལས་རྟོག་ཞིབ་སྡེ་ཚན་ཁག་ལྔ་མཉམ་མཐུན་གྱིས་རྒྱ་ནག་གཞུང་ལ་༸པཎ་ཆེན་སྐུ་འཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་ཀྱི་གནས་སྟངས་ཞིབ་ཕྲ་དུས་ཐོག་ཏུ་མངོན་གསལ་བྱེད་དགོས་ཞེས་འདྲི་རྩད་གནང་འདུག་པ་མ་ཟད། དེ་བཞིན་རིན་པོ་ཆེ་མཆོག་གི་གནད་དོན་ཐད་མངོན་གསལ་ཡོང་ཕྱིར་རྒྱ་ནག་གཞུང་ནས་རང་དབང་ཅན་གྱི་སྡེ་ཚན་ས་གནས་ལ་དངོས་སུ་རྟོག་ཞིབ་ཆེད་འགྲོ་སྐྱོད་ཆོག་པ་བཟོ་དགོས་པའི་གཞེན་སྐུལ་བསྐྱར་ནན་གནང་འདུག༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ནས་འདི་ལོ་མི་ལོར་ ༢༥ འཁོར་བའི་དུས་ཚིགས་དང་འབྲེལ། ཉེ་ཆར་རྒྱལ་ཚོགས་ཀྱི་བཙན་གནོན་འོག་གར་སོང་ཆ་མེད་དུ་གྱུར་བའི་དམིགས་བསལ་ལས་དོན་ཚོགས་ཆུང་དང་སྡུག་སྦྱོང་བཀག་ཉར་འགོག་ཐབས་ཀྱི་ཁྱད་ལས་རྟོག་ཞིབ་མི་སྣ། རིག་གཞུང་རང་དབང་དང་འབྲེལ་བའི་དམིགས་བསལ་ཁྱད་ལས་རྟོག་ཞིབ་མི་སྣ། གྲངས་ཉུང་མི་རིགས་ཐོག་དམིགས་བསལ་ཁྱད་ལས་རྟོག་ཞིབ་མི་སྣ། དེ་བཞིན་ཆོས་དད་རང་དབང་གྱི་དམིགས་བསལ་ཁྱད་ལས་རྟོག་ཞིབ་མི་སྣའི་སྡེ་ཁག་ལྔས་མཉམ་མཐུན་གྱིས་ཉེ་སྔོན་རྒྱ་ནག་གཞུང་ལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ཐོག་འདྲི་རྩད་གནང་བའི་གནད་དོན་དང་འབྲེལ་གནས་ཚུལ་ཞིག་ཁ་སང་རྒྱལ་ཚོགས་ཀྱི་དྲྭ་ལམ་ཐོག་ཕྱིར་བསྒྲགས་གནང་འདུག ད་ལན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱད་ལས་རྟོག་ཞིབ་སྡེ་ཁག་ལྔས་རྒྱ་གཞུང་ལ་བཏང་བའི་འདྲི་རྩད་དེའི་ནང་གཙོ་བོ་ད་བར་རྒྱལ་ཚོགས་བྱིས་པའི་རང་དབང་སྲུང་སྐྱོབ་སྡེ་ཚན་གྱིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་ཁྱད་ལས་རྟོག་ཞིབ་སྡེ་ཁག་ནས་ད་བར་རྒྱ་ནག་གཞུང་ལ་༸པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་འདྲི་རྩད་དང་གླེང་སློང་ཐེངས་མང་གནང་ཡོད་པ་ལུང་འདྲེན་དང་འབྲེལ། ད་བར་ལོ་ ༢༥ རིང་རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་དབང་གིས་གར་སོང་ཆ་མེད་དུ་བཏང་བའི་བྱ་སྤྱོད་དེ་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་བསྒྲགས་གཏམ་ནང་གསལ་ཁྲིམས་སྒྲིག་གི་འབྲུ་དོན་ཁག་རྡོག་རོལ་བཏང་བ་ཞིག་རེད་ཅེས་ཆེད་བཀོད་གནང་འདུག་པ་མ་ཟད། རྒྱལ་ཚོགས་ཀྱི་བྱིས་པའི་རང་དབང་སྲུང་སྐྱོབ་སྡེ་ཚན་ནས་རྒྱ་གཞུང་ལ་རེ་འདུན་གནང་བ་ལྟར་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ཁ་གསལ་ཡོང་ཕྱིར་ས་གནས་སུ་རང་དབང་ཅན་གྱི་རྟོག་ཞིབ་ཚོགས་ཆུང་འགྲོ་སྐྱོད་གནང་འཇུག་དགོས་པའི་གཞེན་སྐུལ་བསྐྱར་ནན་གནང་འདུགདེ་བཞིན་རྒྱལ་ཚོགས་ཀྱི་དམིགས་བསལ་ཁྱད་ལས་རྟོག་ཞིབ་སྡེ་ཁག་ནས་རྒྱ་ནག་གཞུང་ལ་འདྲི་རྩད་དང་སྐྱོན་བརྗོད་བྱས་པའི་གནད་དོན་གཞན་ཞིག་ལ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་ལམ་སྲོལ་ཐོག་ཐེ་བྱུས་ཀྱིས་ཁྲིམས་སྒྲིག་བཟོས་པའི་གནད་དོན་ནི་སེམས་འཚབ་བྱ་ཡུལ་ཞིག་ཡིན་པར་མངོན་གསལ་དང་འབྲེལ། བྱ་སྤྱོད་དེ་ནི་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་བོད་བརྒྱུད་ནང་བསྟན་རྗེས་འཇུག་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ལ་ཁྱད་གསོད་བྱས་པ་ཞིག་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་གི་འབྲུ་དོན་རྡོག་རོལ་བཏང་བ་ཞིག་རེད་ཅེས་གསུངས་འདུག སྤྱིར་སྔ་ལོའི་ཕྱི་ཟླ་ ༩ ནང་ཚོགས་པའི་རྒྱལ་ཚོགས་ཀྱི་བཙན་གནོན་འོག་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་གི་ཚོགས་ཐེངས་ ༡༡༩ སྟེང་རྒྱ་ནག་གཞུང་ལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་སྐོར་འདྲི་རྩད་གནང་སྐབས་སུ་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་ད་ཆ་གཙུག་ལག་སློབ་གྲྭ་ཆེན་མོ་ཐོན་ནས་ཕྱག་ལས་གནང་བཞིན་ཡོད་ཅེས་བརྗོད་པ་ལས་ཞིབ་ཕྲའི་གནས་ཚུལ་ཁ་གསལ་གང་ཡང་བྱས་མེད་པ་རེད། སྐབས་དེར་ལས་དོན་ཚོགས་ཆུང་གི་ངོས་ནས་རྒྱ་ནག་གཞུང་གི་ལན་འདེབས་དེར་འདོད་བློ་ཁེངས་པ་ཞིག་མི་འདུག་ཅེས་དང་རིན་པོ་ཆེ་མཆོག་གི་གནད་དོན་ནི་ལས་དོན་ཚོགས་ཆུང་གི་དོ་སྣང་གནང་ཡུལ་ཞིག་ཡིན་སྐོར་རྒྱ་ནག་གཞུང་ལ་བསྐྱར་ནན་གྱིས་གསུངས་ཡོད་པ་རེད། ད་རེས་རྒྱལ་ཚོགས་ཀྱི་བཙན་གནོན་འོག་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་གིས་མཚོན་པའི་ཁྱད་ལས་རྟོག་ཞིབ་སྡེ་ཁག་བཞིས་བསྐྱར་དུ་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་འདྲི་རྩད་བཏང་བ་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་གནས་ཚུལ་དུས་ཐོག་ཏུ་མངོན་གསལ་བྱེད་དགོས་ཞེས་བརྗོད་འདུག་པ་མ་ཟད། རྒྱ་གཞུང་གིས་བཟོས་པའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་དང་འབྲེལ་བའི་ཁྲིམས་སྒྲིག་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ནང་གསལ་དབྱེ་འབྱེད་མེད་པར་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་ལ་སྲུང་སྐྱོབ་གནང་དགོས་ཞེས་པ་དང་དངོས་འགལ་ཆགས་མིན་ལན་འདེབས་ཁ་གསལ་དགོས་པའི་འདྲི་རྩད་བཅས་གནང་འདུག རྒྱལ་ཚོགས་ཀྱི་ཁྱད་ལས་རྟོག་ཞིབ་སྡེ་ཁག་ལྔས་རྒྱ་ནག་གཞུང་ལ་༸པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་འདྲི་རྩད་བྱས་པའི་གནས་ཚུལ་ཐོན་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དགའ་བསུ་ཞུས་པ་དང་འབྲེལ་རྒྱ་ནག་གཞུང་གི་ངོས་ནས་རྒྱལ་ཚོགས་ཀྱི་ཁྱད་ལས་རྟོག་སྡེ་ཁག་དགོས་འདུན་རྣམས་བསྒྲུབ་དགོས་པ་མ་ཟད་དེ་བཞིན་རྒྱ་གཞུང་ནས་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་དང། ལོ་རྒྱུས་ཡུན་རིང་ལྡན་པའི་ཆོས་ཕྱོགས་ཀྱི་ལྟེ་གནས་དང་ལམ་སྲོལ་ཐོག་ཐེ་བྱུས་བྱེད་བཞིན་པའི་བྱ་སྤྱོད་ཁག་འཕྲལ་མར་མཚམས་འཇོག་དགོས་པའི་ནན་སྐུལ་གནང་འདུག

Latest news