Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ ཐོག་བོད་མི་ ༣༣ ནས་མཉམ་ཞུགས།

རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་རྟེན་གཞི་བྱས་པའི་རྒྱ་ནག་མི་མང་ཚོགས་ཁང་ཆེན་མོར་འཚོགས་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ ཐོག་ལ་བོད་མི་ ༣༣ ནས་མཉམ་ཞུགས་བྱས་འདུག ཁ་སང་ཚེས་ ༢༠ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ནས་ཐེངས་འདིའི་རྒྱ་ནག་གི་ཚོགས་ཆེན་དང་འབྲེལ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ དང་བོད་མི་ཞེས་པའི་དཔྱད་རྩོམ་ཞིག་སྤེལ་འདུག དེའི་ནང་ཁོང་ནས་ཐེངས་འདིའི་རྒྱ་ནག་གི་ཚོགས་ཆེན་ཐོག་ལ་ཁྱོན་བོད་མི་ ༣༣ ནས་མཉམ་ཞུགས་བྱས་ཡོད་པ་དང་། དེ་དག་ཀྱང་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་ནས་བོད་མི་ ༡༧ དང་བོད་མཚོ་སྔོན་ཞིང་ཆེན་ནས་བོད་མི་ ༥ སི་ཁྲོན་ཞིང་ཆེན་ནས་ ༣  ཡུན་ནན་དང་ཀན་སུའུ་ཞིང་ཆེན་གཉིས་ནས་ ༡ རེ། རྒྱ་ནག་མི་དམངས་བཅིངས་གྲོལ་དམག་སྡེའི་ཁོངས་སུ་ཡོད་པའི་བོད་མི་ ༣ དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་དང་ཤེས་ཡོན་གྱི་གཏི་གནས་ཁག་ཅིག་ནས་བོད་མི་ ༣ བཅས་ཡིན་པ་བཀོད་འདུག རྒྱ་ནག་གཞུང་ནས་ལྷན་ཚོགས་དེའི་ཐོག་བོད་མི་ཚོ་མཉམ་ཞུགས་བྱེད་བཅུག་པ་དང་། དེའང་རྐང་རྒྱ་ནག་གཞུང་ནས་བོད་ནང་ཡར་རྒྱས་དང་རང་དབང་སྤྲོད་ཀྱི་ཡོད་སྐོར་སོགས་ཕྱིར་བསྒྲགས་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་ཚོགས་ཆེན་གྱི་དུས་ཡུན་དེའི་རིང་ལ་རྒྱ་ནག་གཞུང་ནས་བོད་རང་སྐྱོང་ལྗོངས་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་མི་ཆོག་པའི་དམ་དྲག་བྱས་ཡོད་པ་སོགས་ས་གནས་ཀྱི་གནས་སྟངས་ཆེས་བློ་འཚབ་ཅན་ཞིག་ཏུ་གྱུར་ཡོད་པ་གསུངས་འདུག དེ་དེ་བཞིན་ཁོང་གིས་བོད་མི་ཚོས་རྒྱ་གཞུང་གི་ཚོགས་ཆེན་ཐོག་མཉམ་ཞུགས་བྱས་པ་དེ་འོས་འཚམས་གང་འདྲ་འདུག་གམ་ཞེས་དྲི་བ་ཞིག་གི་བརྒྱུད། ད་ལྟའི་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་ནང་བོད་མི་གཅིག་ཀྱང་མེད་པའི་ཁར། ཐེངས་འདིའི་ཚོགས་ཆེན་གྱི་མི་སྣ་གཙོ་གྲས་ ༤༢ ཁོངས་སུ་ཡང་བོད་མི་གཅིག་ཀྱང་མེད་པ་ཆེས་མངོན་གསལ་གྱིས་འགྲེལ་བརྗོད་གནང་འདུག གཞི་རྩའི་རྒྱ་ནག་གི་ཚོགས་ཆེན་ཐོག་བཅར་བའི་བོད་རིགས་དེ་དག་ཁྲོད་དུ་དགེ་རྒན་དང་སྨན་པ་ཁག་ཅིག་འདུག་ཀྱང་། མང་ཆེ་བ་ས་གནས་རྒྱ་གཞུང་ལས་ཁུངས་ཁག་གི་ལས་བྱེད་ཆགས་ཀྱི་ཡོད་པ་དང་། དེ་དག་ཁྲོད་ནས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་ཆི་སྒྲ་ལ་དང་འགོ་གཙོ་གཞོན་པ་སྤེན་པ་བཀྲ་ཤིས་གཉིས་ནི། དེ་སྔ་ཕྱི་ལོ་ ༢༠༠༣ དང་ ༢༠༠༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་དང་ཐུག་འཕྲད་གནང་མྱོང་ཡོད་པ་རེད། རྩ་བའི་ཐེངས་འདིའི་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཕྱི་ཚེས་ ༡༨ ནས་ ༢༤ བར་ཉིན་གྲངས་བདུན་རིང་ཚོགས་ཀྱི་ཡོད་པ་དང་། ལྷག་པར་དུ་ཚོགས་དུས་སྐབས་སུ་གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་རྒྱུན་ལས་ཀྱི་འཐུས་མི་གསར་པ་འདེམས་ཐོན་བྱས་ཏེ་ཞི་ཅིང་ཕིང་གི་མ་འོངས་ལོ་ལྔའི་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་བྱུས་དང་མདུན་ལམ་གྱི་ཁ་ཕྱོགས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་སྐུ་ཞབས་ལིའུ་ཞའོ་པོའི་རླབས་ཆེན་གྱི་མཛད་རྗེས་ལ་བསྔགས་བརྗོད་ཀྱི་ཐུགས་སྨོན་མཛད་འདུག

ཁ་སང་ཕྱི་ཚེས་ ༡༩ ཉིན་ཨ་རིའི་རྒྱལ་སར་ཡོད་པའི་ National Cathedral འམ་ཡི་ཤུའི་ལྷ་ཁང་ཆེན་མོར་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ Liu Xiaobo ལགས་དམ་པ་དེ་ཉིད་ལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་འདུ་འཛོམས་ཤིག་ཚོགས་འདུག་པ་དང་། དུས་ཚིགས་དེ་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ལ་ཐུགས་སྨོན་བརྙན་ཐུང་ཞིག་བཀྲིན་བསྩལ་འདུག ཨ་རིའི་རླུང་འཕྲིན་ཁང་ནས་འདོན་སྤེལ་གནང་པའི་༸གོང་ས་མཆོག་གིས་བརྙན་ཐུང་དེའི་ནང་མགོན་པོ་མཆོག་གིས་རྗེས་དྲན་དུས་ཚིགས་ཐོག་ཕེབས་པའི་མང་ཚོགས་རྣམས་ལ་༸གང་ཉིད་མཆོག་ནོ་སྦེལ་ཞི་བདེའི་གཟེངས་བཞེས་མཁན་རྒན་གྲས་ཤིག་ཡིན་པའི་ཆ་ནས་སྐུ་ཞབས་ལིའུ་ཞའོ་པོའོ་ལགས་ལྟ་བུའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གཞོན་པ་ཚོ་ལ་ཐུགས་གསོ་དང་ཐུགས་སྨོན་མཛད་རྒྱུའི་འགན་ཡོད་པ་དགོངས་གནང་གི་ཡོད་ཅེས་དང་། ལྷག་པར་དུ་༸གང་ཉིད་མཆོག་ནས་དམ་པ་དེ་ཉིད་ཀྱི་མང་གཙོའི་ཐོག་དགོངས་པ་བཞེས་ཕྱོགས་དང་བཞེངས་ཕྱོགས་བརྟན་པོ་ཞེ་དྲག་ཡོད་པས་བསྔགས་བརྗོད་དང་ཆེ་བསྟོད་ཀྱང་མཛད་འདུག ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Liu Xiaobo ལགས་ལ་དགའ་མོས་ཞུ་མཁན་ཚོས་ཁོང་ད་ལྟ་ང་ཚོ་དང་མཉམ་དུ་མེད་ནའང་། ཁོང་གི་རླབས་ཆེན་གྱི་མཛད་རྗེས་ཁག་ནམ་ཡང་བྲལ་གྱི་མ་རེད་ལ་ང་ཚོའི་ངོས་ནས་ཀྱང་ཁོང་གིས་དགོངས་བཞེས་དང་རླབས་ཆེན་གྱི་རེ་བ་ཁག་བསྒྲུབ་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་བསྩལ་འདུག རྩ་བའི་སྐུ་ཞབས་ Liu Xiaobo ལགས་ལ་རྒྱ་ནག་གཞུང་ནས་བཙོན་ཁང་དུ་ལོ་ ༨ རིང་བཞག་རྗེས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་ཁོང་སྨན་བཅོས་ཀྱི་ཐོབ་ཐང་འོག་གློད་བཀྲོལ་བཏང་ཡོད་ནའང་། ཕྱི་ཟླ་ ༧ ཚེས་ ༡༣ ཉིན་རྒྱ་ནག་གི་ Liaoning ཞིང་ཆེན་གྱི་ Shenyang གྲོང་ཁྱེར་ནང་མཆིན་པའི་འབྲས་ནད་སྨན་བཅོས་དྲག་སྐྱེད་མ་བྱུང་སྟབས་འདས་གྲོངས་སུ་གྱུར་ཡོད་པ་རེད། སྐུ་ཞབས་ལིའུ་ཞའོ་པོའོ་ལགས་དམ་པ་དེ་ཉིད་དགུང་ལོ་ ༦༢ ཐོག་དགོངས་པ་རྫོགས་ཡོད་ནའང་། ཁོང་གིས་འདས་པའི་ལོ་རྒྱུས་ནང་རྒྱ་ནག་ནང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གཙོ་འགྱུར་དོན་གནད་མང་དག་ཐོག་གཞུང་ལ་གདོང་ལེན་གྱིས་ཕྱག་ལས་རྒྱ་ཆེ་བརྩམས་ཡོད་སྟབས། རྒྱ་ནག་གཞུང་གིས་དམ་པ་ཁོང་ཐེངས་བཞི་འཛིན་བཟུང་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་ནས་དམ་པ་ཁོང་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་འོག་ལོ་ངོ་ ༡༡ རིང་བཙོན་འཇུག་ཁྲིམ་ཐག་བཅད་ཡོད་པ་དང་། ནོ་སྦེལ་ཞི་བདེའི་ཚོགས་ཆུང་ནས་ཁོང་གིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་རླབས་ཆེན་གྱི་མཛད་རྗེས་བཞག་ཁག་ལ་ཆེ་བསྟོད་ཀྱི་ངོས་འཛིན་ཞུས་ཐོག་ཕྱི་ལོ་ ༢༠༡༠ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གནང་ཡོད་པ་རེད།

རྒྱ་ནག་ནས་རང་དབང་རྩོད་མཁན་ཁ་བྲལ་བ་ཚོར་གདོང་ལེན་ནན་པོ་བྱེད་རྒྱུ་ཡིན།

རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་འཚོགས་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ ༡༩ པ་འགོ་འཛུགས་དང་འབྲེལ། ཞི་ཅིང་ཕིང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་དང་རྒྱ་ནག་གི་བདག་དབང་སྲུང་སྐྱོབ་བཅས་གཞི་རྩ་གཏན་པོ་བཟུང་ཐོག་ཐེ་ཝན་རང་དབང་ཁ་བྲལ་ལས་འགུལ་གཙོས་པའི་རྒྱ་ནག་རྒྱལ་ཁབ་ནས་ཁ་བྲལ་རྩོད་མཁན་གྱི་ཚོགས་པ་གང་འདྲ་ཞིག་ཡིན་རུང་རྒྱ་གཞུང་གིས་གདོང་ལེན་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་ཉན་བརྡ་བཏང་འདུག རྩ་བའི་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་སྔ་དྲོ་ཚོུད་ ༩།༠༠ ཐོག་རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་ཡོད་པའི་མི་དམངས་ཚོགས་ཁང་ཆེན་མོར་སྲིད་འཛིན་ཞི་ཅིང་ཕིང་གིས་སྣེ་ཁྲིད་འོག་ཏང་གི་འཐུས་མི་ ༢༠༠༠ ལྷག་འདུ་འཛོམས་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ ༡༩ པ་དེ་བསྐོང་ཚོགས་བྱས་ཡོད་པ་རེད། ཚོགས་ཆེན་དེ་ནི་ལོ་ལྔ་རེའི་མཚམས་སུ་ཐེངས་རེ་ཚོགས་ཀྱི་ཡོད་པ་མ་ཟད། ཚོགས་ཆེན་དེའི་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་རྒྱུན་ལས་ཀྱི་འཐུས་མི་གསར་པ་འདེམས་ཐོན་བྱས་ཏེ་ཞི་ཅིང་ཕིང་གི་མ་འོངས་ལོ་ལྔའི་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་བྱུས་དང་མདུན་ལམ་གྱི་ཁ་ཕྱོགས་ཐག་གཅོད་བྱེད་ཀྱི་ཡོད་པས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་རིང་སྔ་དྲོ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་ཚོགས་ཆེན་འགོ་འཛུགས་ཀྱི་གཏམ་བཤད་ནང་གཙོ་བོ་ད་ལྟའི་ཆར་རྒྱ་ནག་གཞུང་ཧོང་ཀོང་དང་མེ་ཀོའི་གཉིས་ནང་དུ་འཛིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་འདི་ནི་རྒྱལ་ཁབ་དེ་གཉིས་ནང་མ་འོངས་ཡུན་རིང་པོ་ཡར་རྒྱས་གོང་འཕེལ་དང་ཞི་བདེ་ལྷིང་འཇགས་ཡོང་རྒྱུའི་སྲིད་བྱུས་ཡག་ཤོས་ཤིག་ཡིན་པར་འགྲེལ་བརྗོད་བྱས་འདུག ལྷག་པར་དུ་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་དང་རྒྱལ་ཁབ་ཀྱི་བདག་དབང་དེ་ཆིག་སྒྲིལ་སྲུང་སྐྱོབ་གཞི་རྩར་གཏན་པོ་བཟུང་ཐོག་ཐེ་ཝན་རང་དབང་ཁ་བྲལ་ལས་འགུལ་གཙོས་པའི་རྒྱ་ནག་རྒྱལ་ཁབ་ནས་ཁ་བྲལ་རྩོད་མཁན་གྱི་ཚོགས་པ་གང་འདྲ་ཞིག་ཡིན་རུང་རྒྱ་ནག་གཞུང་གི་ངོས་ནས་གདོང་ལེན་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་ཉན་བརྡ་བཏང་འདུག གཞི་རྩའི་ཐེངས་འདིའི་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དེ་དེ་རིང་ཕྱི་ཚེས་ ༡༨ ནས་ ༢༤ བར་ཉིན་གྲངས་བདུན་རིང་ཚོགས་ཀྱི་ཡོད་ཅིང། རྒྱ་ནག་གཞུང་གིས་ཚོགས་ཆེན་མ་ཚོགས་པའི་ཟླ་བ་གཅིག་གི་སྔོན་ནས་ཚོགས་ཆེན་ཚོགས་ཡུལ་རྒྱལ་ས་པི་ཅིང་དུ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ཚེས་ ༡༨ ནས་ ༢༨ བར་བོད་དེ་རྒྱལ་སྤྱིའི་ཐོག་སྒོ་རྒྱག་རྒྱུ་དང། ཕྱི་རྒྱལ་གྱི་ཡུལ་འཁོར་སྤྲོ་འཆམ་པ་རྣམས་ཕྱི་ཚེས་ ༡༧ གྱི་སྔོན་ཚུད་དུ་བོད་ནས་ཕྱིར་ལོག་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད། བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཚོགས་ཆེན་དེའི་ཐོག་ཧོང་ཀོང་ནང་གི་གསར་ཁང་ཁག་ཅིག་གི་གསར་འགོད་པ་ཚོགས་ཆེན་ཐོག་ཡོང་མི་ཆོག་པ་བཟོས་པ་དང། ཚོགས་ཆེན་གྱི་གནས་ཚུལ་ཁག་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ལ་གཞི་རྩར་བཟུང་ནས་སྤེལ་དགོས་པའི་རེ་འབོད་བྱས་སྐོར་གནས་ཚུལ་སོགས་བྱུང་འདུག་ལ།  IFJ ཞེས་པའི་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་རྒྱ་ནག་གཞུང་གིས་གསར་འགོད་པའི་ཐོག་འཛིན་པའི་སྲིད་བྱུས་དང་ཧོང་ཀོང་གི་རང་དབང་བརྒྱུད་ལམ་ཁག་གི་གསར་འགོད་པར་ལག་འཁྱེར་སྤྲད་མེད་པ་དེ་དང་ལེན་བྱེད་ཐབས་མེད་ཅེས་སྐྱོན་བརྗོད་ཀྱང་བྱས་འདུག  

རྒྱ་བོད་མི་རིགས་གཉིས་ཀྱི་ཐོུང་གི་ཁེ་ཕན་ལ་བལྟས་ནས་རང་དབང་རྩོད་དགོས་པ་གལ་ཆེ་བ་རེད།

ཨ་རིའི་ནིའུ་ཡོག་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་ཁག་དགེ་རྒན་ཆེན་མོ་རྒྱ་རིགས་སྐུ་ཞབས་ཤ་མིང་ལགས་ཀྱིས་ད་ལྟའི་དུས་སྐབས་འདིར་རྒྱ་བོད་མི་རིགས་གཉིས་ཀྱི་ཐོུང་གི་ཁེ་ཕན་ལ་བལྟས་ནས་རང་དབང་རྩོད་དགོས་པ་གནད་ཆེ་རེད་ཅེས་གསུངས་སོང། ནིའུ་ཡོག་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་ཁག་དགེ་རྒན་ཆེན་མོ་རྒྱ་རིགས་སྐུ་ཞབས་ཤ་མིང་ལགས་ནི། ཕྱི་ལོ་ ༢༠༠༨ བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་ནས་བོད་དོན་ལ་དོ་སྣང་སླེབས་པའི་རྒྱ་རིགས་ཤེས་ཡོན་ཅན་ཞིག་ཡིན་པ་དང། ད་བར་ཁོང་གིས་བོད་དོན་དང་འབྲེལ་རྩོམ་ཡིག་མང་དག་སྤེལ་བ། དེ་བཞིན་ལས་འགུལ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་རིམ་ཁག་ནང་མཉམ་ཞུགས་གནང་མྱོང་ཡོད་པ་ཞིག་ཡིན་པ་རེད། བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་མཁན་དང་ཡིད་སྨོན་གནང་མཁན་ཞིག་ཀྱང་ཡིན་པ་རེད། ཁ་སང་ཟླ་ ༡༠ ཚེས་ ༡༡ ཕྱི་དྲོ་བཞུགས་སྒར་ཁུལ་གྱི་ཆོལ་ཁ་གསུམ་གྱི་སྐྱིད་སྡུག་དང་བེུད། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང། དེ་བཞིན་ཆིག་སྒྲིལ་ཚོགས་པ། ཚོང་ཁང་སྐྱིད་སྡུག་བཅས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ནས་རྒྱ་རིགས་དགེ་རྒན་ཆེན་མོ་སྐུ་ཞབས་ཤ་མིང་ལགས་གདན་ཞུས་ཐོག་རྡ་ས་ཡོངས་གླིང་སློབ་གྲྭའི་རྩེད་ཐང་དུ་ས་གནས་མང་ཚོགས་ལ་དབུ་མའི་ལམ་གྱིས་རྒྱ་རིགས་མི་མང་ཁྲོད་བཞག་པའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་གོ་སྒྲིག་གནང་སོང། སྐབས་དེར་སྐུ་ཞབས་ཤ་མིང་ལགས་ཀྱིས་རྒྱ་གཞུང་གིས་ཁུལ་དེའི་རྒྱ་རིགས་སློབ་ཕྲུག་ཚོར་བོད་ཀྱི་ཐོུང་མ་ཡིན་པའི་བོད་བརྒྱུད་ནང་བསྟན་དང་རིག་གཞུང་དེ་དག་ལ་ཕན་ནུས་ལྡན་པའི་ལེགས་ཆ་ཁག་གི་ཐོག་སློབ་གསོ་མ་སྤྲད་པར་ཆུང་དུས་ནས་བོད་དེ་ཆེས་རྗེས་ལུས་དང་ཆེས་མུན་ནག ཀླ་ཀློ་ཡིན་པ་དང། དེ་བཞིན་ཆབ་སྲིད་ཀྱི་ཆ་ནས་མི་མང་ཚོར་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་ཏཱ་ལའི་རུ་ཚོགས་དང་ཁ་བྲལ་བ་ཡིན་པའི་སློབ་གསོ་སྤྲོད་བཞིན་ཡོད་པ་ཐེར་བཏོན་གནང་སོང་། ལྷག་པར་དུ་ཁོང་གིས་བོད་མིས་རྩོད་བཞིན་པའི་དབུ་མའི་ལམ་དེ་ནི་དོན་དངོས་ཐོག་ད་ལྟའི་རྒྱ་གཞུང་གིས་བོད་ནང་འཛིན་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་པ་མ་གཏོགས། རྒྱ་མི་རིགས་དང་རྒྱ་ནག་རྒྱལ་ཁབ་ལ་ངོ་རྒོལ་གནང་གི་མེད་སྟབས། ད་ལྟའི་རྒྱ་རིགས་སྤྱི་ཚོགས་ནང་ལ་ཤུགས་རྐྱེན་དང་བག་ཆགས་ཆེན་པོ་བཞག་ཡོད་པ་གསུངས་སོང། དེ་བཞིན་ཁོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཡོད་པར་བརྟེན་ད་ལྟའི་ཆར་ཁོང་དང་ཁོང་འདྲ་བའི་རྒྱ་ནག་ཕྱི་ནང་གཉིས་སུ་ཡོད་པའི་རྒྱ་རིགས་ཚོས་བོད་དོན་ལ་རྒྱབ་སྐྱོར་དང། ལྷག་པར་དུ་རྒྱ་རིགས་ཤེས་ཡོན་ཅན་དང་རྩོམ་པ་པོ་སོགས་མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེར་རྒྱབ་སྐྱོར་གནང་པ་མ་ཟད། སྲིད་བྱུ ས་དེ་ནི་རྒྱུ་མཚན་ལྡན་པར་ངོས་འཛིན་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་གསུངས་སོང་། ཁྱད་པར་དུ་ད་ལྟའི་ཆར་བོད་མི་ཚོས་སྲིད་བྱུས་དེའི་འོག་རང་སྐྱོང་རྩོད་ཀྱི་ཡོད་པ་དང། རྒྱ་རིགས་ཚོ་ནི་རང་དབང་རྩོད་ཀྱི་ཡོད། མ་འོངས་པར་རང་དབང་ཆ་ཚང་བྱུང་བའི་དུས་སྐབས་དེར་ལོ་རྒྱུས་ཁྲོད་རྒྱ་བོད་མི་རིགས་གཉིས་ལམ་ཁ་གང་འདྲ་ཞིག་ལ་བཞག་མིན། རང་མི་རིགས་སོ་སོར་རག་ལས་ཡོད་པ་ལས་བཙན་དབང་འོག་འགྲོ་དགོས་ཀྱི་མེད་པ་གསུངས་ཏེ། ད་ལྟའི་དུས་སྐབས་འདིར་རྒྱ་བོད་མི་རིགས་གཉིས་ཀྱི་ཐོུང་གི་ཁེ་ཕན་ལ་བལྟས་ནས་རང་དབང་རྩོད་དགོས་པ་གནད་ཆེ་རེད་ཅེས་གསུངས་སོང། སྐུ་ཞབས་ཤ་མིང་ལགས་ཀྱིས་རང་ཉིད་ཐོག་མར་ཕྱི་ལོ་ ༢༠༠༨ ལོར་༸གོང་ས་མཆོག་དང་མཇལ་མོལ་བྱུང་རྗེས་བོད་ཀྱི་གནད་དོན་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་དེ་གང་ཡིན་གསལ་པོ་ཤེས་པ་དང། དེ་སྔ་དང་མི་འདྲ་བར་བོད་དོན་ཐོག་ལ་ལྟ་སྟངས་འགྱུར་སོང་ཞེས་དང་། ད་བར་ཁོང་ནས་༸གོང་ས་མཆོག་དང་མཇལ་མོལ་ཐེངས་ ༡༥ ཞུས་པ་མ་ཟད། བོད་དོན་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་རྐྱེན་རྒྱ་གཞུང་གི་གསང་དབང་བའི་ལས་ཁུངས་ནས་ཉེན་བརྡ་བཏང་པ་དང་། ཕྱི་ལོ་ ༢༠༠༩ ལོར་ནས་ད་བར་རྒྱ་ནག་ཏུ་ཕྱིར་ལོག་གནང་མ་ཐུབ་ནས་ལོ་ ༩ འགྲོ་གྱི་ཡོད་པ་རེད་འདུག ཁྱད་པར་རྒྱ་རིགས་དགེ་རྒན་ཆེན་མོ་ཤ་མིང་ལགས་ཀྱིས་ད་ལྟའི་ཆར་ཁོང་རང་ནས་རྒྱ་ནག་གཞུང་གིས་བཀག་འགོག་བྱས་པའི་ལམ་ཁ་དེ་དང་མེས་རྒྱལ་བློས་བཏང་གིས་༸གོང་ས་མཆོག་གིས་ལམ་སྟོན་མཛད་པའི་ལམ་ཁ་འདིའི་ཐོག་ཕྱིན་པ་ནི་འགྲིག་འདུག་བསམ་པ་དང། རིན་ཐང་དང་ལྡན་པ་ཞིག་མ་གཏོགས་དེར་བློ་ཕམ་དང་འགྱོད་པའི་རིགས་གང་ཡང་ཡོང་གི་མི་འདུག་ཅེས་གསུངས་ཡོད། ལྷག་པར་དུ་ད་ལྟའི་ཆར་དབུ་མའི་ལམ་གྱི་སྲིད་བྱུས་འདིས་རྒྱ་ནག་མང་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་དང། དེས་རྒྱ་རིགས་མང་པོ་ཞིག་གྱི་བསམ་བློར་འགྱུར་བ་གཏོང་བཞིན་ཡོད་པས་རྒྱ་ནག་གཞུང་གི་ངོས་ནས་སྲིད་བྱུས་དེ་བཀག་རྒྱུ་དང་། རྒྱ་རིགས་མང་ཚོགས་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ནང་དོན་རྣམས་འཁྱོག་བཤད་སྤེལ་བཞིན་ཡོད།  སྲིད་བྱུས་དེ་རང་བཙན་ཡིན་པ་དང་ཁ་བྲལ་ཡིན་པ། དེ་བཞིན་སྐྱག་རྫུན་ཡིན་པ། ༸གོང་ས་མཆོག་གི་དགོངས་གཞི་དང་མཛད་འཕྲིན་ཁག་བཀག་སྡོམ་དང་ལོག་འགྲེལ་གྱིས་རྒྱ་རིགས་མང་ཚོགས་ཁྲོད་ལ་སྲིད་བྱུས་དེ་རྩ་བ་ནས་ཤེས་བཅུག་ཀྱི་མེད་པ་བཅས་ནི་ད་ལྟའི་ཆར་རྒྱ་གཞུང་ནས་སྲིད་བྱུས་དེའི་ཐོག་འཛིན་བཞིན་པའི་བྱ་ཐབས་གཉིས་པོ་དེ་རེད་ཅེས་ནན་གསུངས་གནང་སོང། རྩ་བའི་རྒྱ་རིགས་དགེ་རྒན་ཆེན་མོ་སྐུ་ཞབས་ཤ་མིན་ལགས་ད་རེས་བཞུགས་སྒར་དུ་ཕེབས་དོན་གཙོ་བོ་ནི་ཉེ་སྔོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ཚོགས་འདུ་དང། དེ་བཞིན་རིང་མིན་བཞུགས་སྒར་དུ་ཚོགས་རྒྱུའི་རྒྱ་རིགས་འབྲེལ་མཐུད་པའི་ཚོགས་འདུ་ཆེད་ཕེབས་ཡོད་པ་རེད།

རྒྱ་ནག་གཞུང་གིས་ལྷ་ས་ནས་ཀོང་པོ་ཉིང་ཁྲི་བར་མགྱོགས་ལམ་སྒོ་འབྱེད་བྱས་འདུག

རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ས་མཚམས་ས་ཁུལ་གྱི་ཉེ་འཁོར་དུ་ཆགས་པའི་ཀོང་པོ་ཉིང་ཁྲི་བར་མགྱོགས་ལམ་གསར་པ་ཞིག་སྒོ་འབྱེད་བྱས་འདུག དེ་ཡང་རྒྱ་ནག་གཞུང་འབྲེལ་ Xinhua གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ཉིན་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཀོང་པོ་ཉིང་ཁྲི་དབར་ལ་སྤྱི་ལེ་ ༤༠༩ ཙམ་ཡོད་པའི་མགྱོགས་ལམ་ཞིག་སྒོ་འབྱེད་བྱས་ཡོད་པ་དང་། ལྷ་ས་དང་ཉིང་ཁྲི་གཉིས་ནི་བོད་ནང་གི་ཆེས་མཛེས་སྡུག་ལྡན་པའི་ས་ཁུལ་ཞིག་ཡིན་པ་དང་དེ་མཚུངས་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཤིག་ཡིན་སྟབས། གསར་དུ་སྒོ་འབྱེད་བྱས་པའི་མགྱོགས་ལམ་དེའི་འཛུགས་བསྐྲུན་ལས་གཞི་ལ་འགྲོ་གྲོན་ཨ་སྒོར་ཐེར་འབུམ་དྲུག་མན་ཙམ་བཏང་འདུག་པ་མ་ཟད། མགྱོགས་ལམ་དེས་ལྷ་ས་ནས་ཉིང་ཁྲི་བར་ཚོུད་ ༨ ནས་ ༥ ལྔ་བར་གྱི་འགྲུལ་ཡུན་ཉུང་དུ་བཏང་སྟེ་ཚོུད་གཅིག་གི་ནང་འགྲུལ་བཞུད་ཀྱི་མྱུར་ཚད་དེ་སྤྱི་ལེ་ ༨༠ ཐམ་པ་ཡིན་སྐོར་བཤད་འདུག རྩ་བའི་བོད་ནང་གི་མགྱོགས་ལམ་མང་ཆེ་བའི་ཐོག་དམག་མིའི་མཁོ་ཆས་སོགས་དམག་མིས་བེད་སྤྱོད་རྒྱུའི་ཅ་དངོས་མང་དག་ཞིག་རླངས་འཁོར་ནང་དབོར་འདྲེན་བྱེད་ཀྱི་ཡོད་པ་དེ་ལྟར་ཡང་། ད་རེས་གསར་དུ་སྒོ་འབྱེད་བྱས་པའི་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཀོང་པོ་ཉིང་ཁྲི་དབར་གྱི་མགྱོགས་ལམ་ཐོག་གནས་སྐབས་རིང་ལྗིད་ཚད་ཅན་གྱི་རླངས་འཁོར་འགྲུལ་བཞུད་བྱ་རྒྱུར་བཀག་སྡོམ་བྱས་འདུག འདི་ལོ་ནང་རྒྱ་གཞུང་གིས་ཨ་རུ་ནཱ་ཅལ་ས་མཚམས་ས་ཁུལ་གྱི་ཉེ་འཁོར་དུ་མགྱོགས་ལམ་སྒོ་འབྱེད་བྱས་ཡོད་པ་མ་ཟད། ཉེ་ལམ་ཕྱི་ཟླ་ ༩ པའི་ནང་རྒྱ་གཞུང་གིས་བོད་དང་བལ་ཡུལ་ས་མཚམས་དབར་སྤྱི་ལེ་ ༤༠ ལྷག་གི་ཐབས་བྱུས་ལྡན་པའི་དམག་དོན་དང་མང་ཚོགས་ཀྱི་རྒྱུན་སྤྲོད་གཞུང་ལམ་གསར་པ་ཞིག་སྒོ་ཕྱེ་སྟེ། གཞུང་ལམ་དེ་ཀྲུང་གོའི་ངོས་ནས་ལྷོ་ཨེ་ཤ་ཡར་ཁ་ཕྱོགས་པའི་གལ་ཆེའི་ལམ་བུ་ཞིག་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད།

ཏང་གི་ཚོགས་ཆེན་ག་ཚོད་ཚོགས་ཀྱང་ཁྱད་པར་ཡོད་མ་རེད།

རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་ Ai Weiwei ལགས་ཀྱིས་སུད་སི་ནང་ཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་ཐོག་ཏང་གི་དམར་ཤོག་པ་དེ་ནི་ནང་མི་གཅིག་ལྟར་ཡིན་པས་ཚོགས་ཆེན་ག་ཚོད་ཚོགས་ཀྱང་ཁྱད་པར་ཡོད་མ་རེད་ཅེས་གསུངས་འདུག Ai Weiwei ལགས་ནི་འཛམ་གླིང་ནང་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་ཞིག་དང་རྒྱ་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ ་ཐང་གནས་སྟངས་དང་མང་ཚོགས་ཐོག་འཛིན་པའི་སྲིད་བྱུས་ལ་མངོན་གསལ་ཐོག་ནས་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཡིན་སྟབས། ཕྱི་ལོ་ ༢༠༡༡ ལོར་རྒྱ་གཞུང་གིས་ཁོང་འཛིན་བཟུང་བཀག་ཉར་དང་ལོ་བཞི་ལྷག་གི་རིང་ཕྱི་རྒྱལ་དུ་བསྐྱོད་མི་ཆོག་པ་བཟོས་ཡོད་པ་རེད། South morning china Post བརྒྱུད་ལམ་ཐོག་གནས་ཚུལ་ཐོན་པ་གཞིགས་ན་ཉེ་ཆར་སུད་སི་གྲོང་ཁྱེར་ Lausanne ནང་དུ་རྒྱ་རིགས་སྒྱུ་རྩལ་བ་སྐུ་ཞབས་ Ai Weiwei ལགས་ཀྱི་ཆབ་སྲིད་ཀྱི་བརྩམས་ཆོས་དང་འབྲེལ་མང་ཚོགས་ཐོག་དྲག་གནོན་དང་དམ་དྲག་བྱས་པའི་རྣམ་པ་མངོན་པའི་འགྲེམས་སྟོན་ཞིག་གནང་ཡོད་པ་དང། འགྲེམས་སྟོན་དབུ་འབྱེད་དང་བསྟུན་གསར་འགོད་ལྷན་ཚོགས་ཤིག་ཐོག་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་ Ai Weiwei ལགས་ཀྱིས་མང་གཙོ་དང་སྨྲ་བརྗོད་རང་དབང། ཆོས་དད་རང་དབང། གསར་འགོད་རང་དབང། དེ་བཞིན་ཁྲིམས་ལུགས་རང་དབང་དང་འོས་བསྡུའི་རང་དབང་བཅས་འགྲོ་བ་མི་ཐོུང་གི་རིན་ཐང་དེ་དག་ལ་རྒྱ་གཞུང་གིས་བརྩི་མེད་བཏང་དང་གཏོང་མུས་ཡིན་པ་གསུངས་འདུག ཉེ་བའི་ཆར་རྒྱ་གཞུང་གིས་ཁུལ་དེའི་ནང་གི་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་པར་སྐྱོན་བརྗོད་དང་འབྲེལ། ཚོགས་ལ་ཉེ་བའི་ཏང་གི་ཚོགས་ཆེན་བརྒྱུད་རྒྱ་ནག་ནང་ལ་འགྱུར་བ་དང་རང་དབང་མང་བ་ཡོང་རྒྱུར་རེ་བ་ཕྲན་བུ་ཡོད་ཅེས་གསུངས་པ་དེ་ལྟར་ཡང། སྐབས་དེར་གསར་འགོད་པས་ཚོགས་ལ་ཉེ་བའི་ཏང་གི་ཚོགས་ཆེན་བརྒྱུད་དམར་ཤོག་པའི་འགོ་ཁྲིད་འཕོ་འགྱུར་དང་འབྲེལ་བའི་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གི་དམར་ཚོགས་པ་དེ་ནི་ནང་མི་གཅིག་ལྟར་ཡིན་པས་ཚོགས་འདུ་ག་ཚོད་ཚོགས་ཀྱང་ཁྱད་པར་གང་ཡང་མེད་པ་དང། ཚོགས་འདུ་དེའང་ནང་མོལ་ཙམ་ལས་ཕྱི་གསལ་ནང་གསལ་ཐོག་ཚོགས་ཀྱི་མེད་པར་བརྟེན་སྤྱི་ཚོགས་ཁྲོད་ནས་ཚོགས་འདུ་དེར་ཡིད་ཆེས་གནང་མཁན་མེད་པ་རེད་ཅེས་གསུངས་འདུག རྒྱ་ནག་དེ་ཡར་རྒྱས་གོང་འཕེལ་ཐོག་དཔལ་འབྱོར་གྱི་ཆ་ནས་སྟོབས་ཆེན་རྒྱལ་ཁབ་ཆགས་ཡོད་པ་དང་། རྒྱ་གཞུང་རང་ཉིད་ནས་རང་ཉིད་ཀྱི་མི་སེར་ལ་ཡིད་ཆེས་བྱེད་ཀྱི་མེད་པ་མ་ཟད། ཁྱད་པར་དུ་ད་བར་རྒྱ་ནག་དམར་པོ་གཞུང་གིས་དབང་ཆ་བཟུང་ནས་ལོ་ངོ་ ༧༠ ལྷག་ཕྱིན་ཡོད་ཀྱང་མང་ཚོགས་ནས་རང་གི་ཡིད་ཆེས་ཡོད་པའི་འགོ་ཁྲིད་འདེམས་རྒྱུ་མེད་པ་རེད་ཅེས་སྐྱོན་བརྗོད་གནང་པ་དང་ཆབས་ཅིག ཁོང་རང་ཉིད་ཀྱི་ཐོག་ལ་གནས་ཚུལ་གང་ཞིག་ཡོང་མིན་ཤེས་ཚོད་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག རྩ་བའི་ཕྱི་ལོ་ ༢༠༡༢ ལོར་ཞི་ཅིང་ཕིང་གིས་རྒྱ་ནག་གི་སྲིད་འཛིན་བྱས་པ་ནས་བཟུང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང། ལས་འགུལ་བ་ ༣༠༠ ལྷག་འཛིན་བཟུང་བྱས་ཡོད་པ་མ་ཟད། ལྷག་པར་དུ་ Ai weiwei ལགས་དང་ཁྲིམས་རྩོད་པ་ Xia lin ལགས་གཙོས་པའི་ཁྲིམས་རྩོད་པ་མང་པོ་ཞིག་ལོ་ ༡༠ ལྷག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། གསར་འགོད་ལྷན་ཚོགས་ཐོག་ Ai weiwei ལགས་ཀྱིས་རྒྱ་གཞུང་ནས་བཙོན་འཇུག་བྱས་པའི་ཁོང་གི་ཁྲིམས་རྩོད་པའི་ཐོག་སེམས་འཚབ་ཡོད་ཅེས་བརྗོད་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ ཟླ་ ༡༠ ཚེས་ ༡༨ ཉིན་འཚོག་རྒྱུ།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པ་དེ་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་ཚོགས་གཏན་འཁེལ་ཡོད་པ་དང་། སྐབས་དེར་ཚོགས་མི་ཁྱོན་ ༢༣༠༠ ནས་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད་འདུག ཁ་སང་ཟླ་ ༨ ཚེས་ ༣༡ ཉིན་ Xinhua གཙོས་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཁང་གི་ཚོགས་འདུ་ཞིག་གི་ཐོག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པ་དེ་ཟླ་ ༡༠ ཚེས་ ༡༨ ཉིན་ཚོགས་རྒྱུར་ཐག་གཅོད་བྱུང་ཡོད་པ་དང། འགྲོ་ལུགས་ལྟར་ཆབ་སྲིད་ལྷན་ཁང་གི་ངོས་ནས་ཚོགས་ཆེན་ཐེངས་ ༡༩ པ་དེ་ཟླ་ ༡༠ ཚེས་ ༡༡ ཉིན་ཚོགས་གཏན་འཁེལ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ ༡༨ པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་འབུལ་རྒྱུ་རེད་འདུག ཁ་སང་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། ཚོགས་ཆེན་ཐེངས་ ༡༩ པ་དེ་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པ་དང། ཐེངས་འདིའི་ཚོགས་ཆེན་ཐེངས་ ༡༩ པའི་ཐོག་འདས་པའི་ལོ་ལྔའི་ནང་གི་དམར་ཤོག་ཚོགས་པའི་ལས་དོན་ཁག་ལ་བསྐྱར་ཞིབ་ཀྱིས་ཚོགས་ཆེན་ཐེངས་ ༡༨ པ་ཚོགས་ནས་ཐེངས་ ༡༩ པ་མ་ཚོགས་བར་གྱི་དུས་ཡུན་ནང་དུ་རྒྱ་ནག་མི་མང་དང་གྲངས་ཉུང་མི་རིགས་ཡོངས་རྫོགས་གོང་བུ་གཅིག་སྒྲིལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ཐོག་ཤར་བསྐྱོད་བྱེད་པའི་མྱོང་ཚོར་ཁག་ཕྱོགས་བསྡོམས་བྱེད་རྒྱུ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་སྟངས་ཁག་ལ་ཞིབ་དཔྱོད་ཀྱིས་མང་ཚོགས་ཀྱི་མངོན་འདོད་ལྟར་ལས་དོན་ལ་ལམ་སྟོན་གཏན་འབེབས་བྱ་རྒྱུ་ཡིན་པ་བཤད་འདུག རྩ་བའི་རིང་མིན་ཕྱི་ཟླ་ ༡༠ པའི་ནང་ཚོགས་གཏན་འཁེལ་བའི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པའི་ཐོག་ཞི་ཅིང་ཕིང་ནས་མ་འོངས་པའི་ལོ་ལྔ་ནང་མུ་མཐུད་སྲིད་དབང་བཟུང་རྒྱུ་ཡིན་མིན་གྱི་ཐག་གཅོད་གཙོས་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ལྔ་རྒས་ཡོལ་འགྲོ་ཡི་ཡོད་སྟབས། དེ་དག་ལ་འཕོ་འགྱུར་གཏོང་ཕྱོགས་སོགས་རྒྱ་ནག་རྒྱལ་ནང་དང། ཞི་ཅིང་སླར་ལས་ཡུན་གཉིས་པ་མུ་མཐུད་བྱས་རྗེས་རྒྱ་ནག་དང་རྒྱལ་སྤྱིའི་འབྲེལ་ལམ་ལ་འགྱུར་བ་འགྲོ་སྲིད་པ་སོགས་ཀྱི་གནད་དོན་མང་དག་ལ་ཐུག་གི་ཡོད་པ་སོགས་དང་འབྲེལ་ནས་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་བཞིན་དཔྱད་ཞིབ་པ་མང་དག་ཞིག་ནས་ཞི་ཅིང་གི་ངོས་ནས་སྲིད་འཛིན་གྱི་དུས་ཡུན་དང་པོ་འགོ་འཛུགས་མ་ཐག་ལྐོག་ཟའི་ངན་བྱུས་ལ་གདོང་ལེན་གྱིས་ལས་གཞི་རྒྱ་ཆེ་སྤེལ་བའི་ཁྲོད་རང་ཉིད་ཀྱི་ཆབ་སྲིད་ཀྱི་ཁ་གཏད་རྣམས་རིམ་བཞིན་རྩ་མེད་བཏང་པ་དང། སྔ་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ ༡༨ པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྲིད་འཛིན་ཞི་ཅིང་ཕིང་ལ་ Core Leader འམ་སྲོག་ཤིང་འགོ་ཁྲིད་ཅེས་པའི་མའོ་དང་ཅང་ཛི་མིན། དེ་བཞིན་ཏིང་ཞའོ་ཕིང་སོགས་དང་མཉམ་པའི་མིང་སྤྲད་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཆགས་པར་ཚོད་དཔག་བྱེད་བཞིན་པའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ Sun Zhengcai ལ་ཆབ་སྲིད་ཀྱི་ནག་ཉེས་འོག་བཞག་པ་སོགས་ཀྱི་གནད་དོན་མང་ཞིག་བྱུང་བར་གཞིགས་ན་ཞི་ཅིང་ཕིང་གིས་རང་གི་དབང་ཆ་སྲ་བརྟན་དང་ལས་ཡུན་གཉིས་ལས་མང་བ་གནས་ཐབས་ཀྱི་ལས་འཆར་སྒྲིག་བཞིན་ཡོད་པ་གསུངས་འདུག འདི་ག་རླུང་འཕྲིན་ཁང་གིས་དེ་འབྲེལ་ཐོག་བོད་དོན་དང་འབྲེལ་བ་ཇི་ཡོད་སྐོར་ལ་ཨོ་སི་ཊོ་ལི་ཡར་གནས་སྡོད་རྒྱ་ནག་ཉམས་ཞིབ་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་ཚན་ལགས་སུ་བཅར་འདྲི་ཞུས་ཡོད།

༸གོང་ས་མཆོག་དབུས་པའི་རྒྱལ་སྤྱིའི་དབུ་ཁྲིད་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་སྐུ་ཞབས་ལིའུ་ཞའོ་པའོ་ལགས་འདས་གྲོངས་སུ་གྱུར་པར་གདུང་སེམས་མཉམ་སྐྱེད་གནང་བཞིན་འདུག

ཁ་སང་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་གྱི་དགོང་མོ་རྒྱ་གཞུང་གི་བཙོན་ཁང་ནས་སྨན་བཅོས་ཀྱི་ཐོབ་ཐང་འོག་གློད་བཀྲོལ་ཐོབ་ནས་རྒྱ་ནག་ Liaoning ཞིང་ཆེན་གྱི་ Shenyang གྲོང་ཁྱེར་ནང་དུ་མཆིན་པའི་འབྲས་ནད་སྨན་བཅོས་གནང་བཞིན་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་སྐུ་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད།  དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་སོགས་རྒྱལ་སྤྱིའི་དབུ་ཁྲིད་དང་། ནོར་ཝེ་གྱི་རྒྱལ་ས་ཨོས་ལོ་ནང་དུ་རྟེན་གཞི་བྱས་པའི་ནོ་བེལ་ཞི་བདེའི་ལྷན་ཚོགས་གཙོས་པའི་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་འདྲ་མིན་ནས་གསུང་འཕྲིན་དང་བསྒྲགས་གཏམ་སོགས་སྤེལ་བའི་བརྒྱུད། སྐུ་ཞབས་ Liu Xiaoba ལགས་དང་ཁོང་གི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་སྦྲགས། རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་འདུག ༸གོང་ས་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaoba ལགས་ཡུན་རིང་རྒྱ་གཞུང་གི་བཙོན་འཇུག་ཉེས་ཆད་ཕོག་ནས་མཐར་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་པར་ངོས་རང་ཧ་ཅང་བློ་ཕམ་བྱུང་ཞེས་བཀའ་སྩལ་བ་དང་འབྲེལ། དམ་པ་ཁོང་གི་བཟའ་ཟླ་ Liu Xia ལགས་གཙོས་པའི་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་ཐུགས་སྨོན་ཡོད་ཅེས་བཀའ་སྩལ་འདུག མགོན་པོ་༸གང་ཉིད་མཆོག་ནས་སྐུ་ཞབས་ Liu Xiaoba ལགས་དམ་པ་དེ་ཉིད་ད་ཆ་སྐུ་འཚོ་བཞུགས་མེད་ཀྱང་། དམ་པ་ཁོང་གིས་རྒྱ་ནག་ནང་བརྟན་ལྷིང་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཆེད་ཡུན་རིང་ནས་འབད་བརྩོན་གནང་པའི་དམིགས་ཡུལ་དེ་དག་ཐོག ང་ཚོས་མུ་མཐུད་འབད་བརྩོན་བྱ་རྒྱུ་ནི་དམ་པ་ཁོང་ལ་རྗེས་དྲན་ཞུ་རྒྱུའི་མཚོན་རྟགས་ཡག་ཤོས་ཤིག་ཆགས་ཐུབ་ཀྱི་རེད་ཅེས་བཀའ་སྩལ་དང་འབྲེལ། དམ་པ་ཁོང་གིས་རང་དབང་གི་དོན་དུ་འབད་བརྩོན་ལྷོད་མེད་གནང་པ་དེ་ལ་མི་རིང་བར་འབྲས་བུ་བཟང་པོ་ཞིག་སྨིན་རྒྱུར་ཐུགས་རེ་མཛད་བཞིན་ཡོད་ཅེས་བཀའ་ནན་སྩལ་འདུག ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་དང་ཇར་མ་ནི་སྲིད་བློན་ Angela Merkel མཆོག ཐེ་ཝན་གྱི་སྲིད་འཛིན་ Tsai ing Wen ལགས་སོགས་རྒྱལ་སྤྱིའི་དབུ་ཁྲིད་ཁག་ཅིག་ནས་ཀྱང་གདུང་སེམས་མཉམ་བསྐྱེད་གནང་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་ཞུས་པ་མ་ཟད། དམ་པ་ཁོང་གི་བཟའ་ཟླ་ལྕམ་སྐུ་ལིའུ་ཞི་ཡ་ལགས་ལ་ཡང་། ཧ་ཅང་ཉམ་ཐག་པའི་དུས་སྐབས་འདིར་སྙིང་སྟོབས་ཞུམ་པ་མེད་པར་གནས་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག དེ་མཚུངས་སུ་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཙམ་མ་ཟད། ནོ་བེལ་ཞི་བདེའི་ལྷན་ཚོགས་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་། རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ལས་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་རྒྱལ་སྤྱིའི་ཁྲོད་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་འདྲ་མིན་ནས་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་ཞུས་ཡོད་པ་རེད། ལྷག་པར་དུ་ཁ་སང་ནོ་བེལ་ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ Berit Reiss-Andersen ལགས་ནས་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་བའི་ནང་། སྐུ་ཞབས་དམ་པ་ Liu Xiaobo ལགས་ནས་རྒྱ་ནག་ནང་གི་མང་གཙོ་བཅོས་བསྒྱུར་དང་རང་དབང་། དེ་བཞིན་ཁྲིམས་ལུགས་དབང་འཛིན་སོགས་ཀྱི་ཐད་ཕྱག་ལས་གནང་རྗེས་རྒྱ་གཞུང་གིས་བཙོན་འཇུག་བྱས་པ་མ་ཟད། ༢༠༡༠ ལོར་ནོ་བེལ་ཞི་བདེ་ལྷན་ཚོགས་ནས་དམ་པ་ཁོང་ལ་ཕུལ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱང་བཞེས་ཐུབ་མེད་པ་སོགས་འགྲེལ་བརྗོད་དང་འབྲེལ། སྐུ་ཞབས་ Liu Xiaobo ལགས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐད་ལ་བློ་འགྱོད་དང་སེམས་སྡུག་ཆེན་པོ་བྱུང་ཞེས་དང་། དམ་པ་ཁོང་ནི་རྒྱལ་སྤྱིའི་ཐོག་རང་དབང་དང་མང་གཙོའི་ཐོག་ལ་བྱས་རྗེས་ལྡན་པའི་རླབས་ཆེན་གྱི་མཚོན་རྟགས་ཤིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་འདུག ཁོ་མོས་རྒྱ་ནག་གཞུང་གི་ངོས་ནས་སྐུ་ཞབས་དམ་པ་ Liu Xiaobo ལགས་ནད་གཞི་དྲག་པོ་དེ་འདྲ་མ་ཆགས་ཀྱི་བར་དུ་སྨན་བཅོས་ཞུ་རྒྱུའི་གོ་སྐབས་མ་སྤྲད་པ་དང་། ལྷག་དོན་ཁོང་དང་བཟའ་ཟླའི་འདོད་མོས་ལྟར་ཕྱི་རྒྱལ་དུ་སྨན་བཅོས་གནང་ཕྱིར་བསྐྱོར་པར་མཐོང་མཆན་སྤྲད་མེད་པ་སོགས་ལུང་འདྲེན་དང་སྦྲགས། དམ་ཁོང་གློ་བུར་དུ་འདས་གྲོངས་སུ་གྱུར་པའི་གནས་སྟངས་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པ་གསུངས་འདུག ཕྱོགས་མཚུགས་ཁ་སང་ཕ་རན་སི་དང་ཨ་རི། ཧོང་ཀོང་བཅས་ཀྱི་ནང་ལ་ས་གནས་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་རྩོམ་པ་པོ་སོགས་ཀྱི་གོ་གོ་སྒྲིག་འོག་སྐུ་ཞབས་དམ་ Liu Xiaobo ལགས་ཀྱི་མང་གཙོ་དང་རང་དབང་སོགས་ཀྱི་ཐོག་བྲིས་པའི་དཔྱད་རྩོམ་དང་སྙན་ངག་རིགས་ཟུར་འདོན་དང་སྦྲགས། དམ་པ་ཁོང་ལ་ཆེ་བསྟོད་དང་མྱ་ངན་གུས་འདུད་ཀྱི་ལས་འགུལ་ཁག་ཅིག་སྤེལ་འདུག རྒྱ་ནག་གིས་བཟང་བཙོན་འོག་ཏུ་བཞག་པའི་སྒྱུ་རྩལ་བ་གྲགས་ཅན་སྐུ་ཞབས་ Ai WeiWei ལགས་ཀྱིས་ རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོ་ལ་སྐུ་ཞབས་ Liu Xiaobo ལགས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་དེ་ཤིན་ཏུ་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ཡིན་པ་དང་། གནས་ཚུལ་དེའི་བརྒྱུད་མ་འོངས་པར་རྒྱ་ནག་ནང་ཞི་བའི་ལས་འགུལ་བ་དང་མང་གཙོའི་ཐོག་མུ་མཐུད་ཕྱག་ལས་གནང་མཁན་རིགས་བྱུང་ཐུབ་མིན་ལ་ཐེ་ཚམ་ཞིག་ཀྱང་རེད་ཅེས་གསུངས་འདུག་པ་མ་ཟད། རྒྱ་ནག་གཞུང་གི་སྡུག་རྩུབ་ཅན་གྱི་ལམ་ལུགས་མངོན་གསལ་བྱས་ཡོད་པ་སོགས་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག རྩ་བའི་སྐུ་ཞབས་ Liu Xiaobo ལགས་དམ་པ་དེ་ཉིད་ ༡༩༩༥ ལོར་འཁྲུངས་ཡོད་པ་དང་ཁོང་གིས་འདས་པའི་མི་ཚེའི་ཁྲོད་རྒྱ་ནག་ནང་གི་མག་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ་ཕྱག་ལས་བསྟུད་མར་གནང་པར་བརྟེན། རྒྱ་ནག་གཞུང་གིས་དམ་པ་ཁོང་ཐེངས་བཞི་འཛིན་བཟུང་བྱས་ཡོད་པ་དང་། མཐར་ ༢༠༠༩ ལོར་རྒྱ་ནག་གཞུང་ནས་དམ་པ་ཁོང་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིག་སློག་ཐབས་བྱས་པའི་ནག་ཉེས་འོག་ལོ་ངོ་ ༡༡ རིང་བརྩོན་འཇུག་ཁྲིམ་ཐག་བཅད་རྗེས་ད་བར་ལོ་ངོ་ ༨ རིང་ལ་རྒྱ་གཞུང་གི་བཙོན་ཁང་ནང་བཞུགས་དགོས་བྱུང་ཡོད་པ་དང་། མཐར་ཟླ་ ༦ ཚེས་ ༢༦ ཉིན་མཆིན་པའི་འབྲས་ནད་ཀྱི་སྨན་བཅོས་ཆེད་གློད་བཀྲོལ་བཏང་ཡོད་པ་དང་། ཁ་སང་རང་ལོ་ ༦༡ ཐོག་རྒྱ་ནག་གི་ Liaoning ཞིང་ཆེན་གྱི་གྲོང་ Shenyang ནང་དུ་སྐུ་འདས་གྲོངས་སུ་གྱུར་ཡོད་པ་རེད།

སྐུ་ཞབས་ལིའུ་ཞའོ་པའོ་ལགས་ལ་གདུང་སེམས་མཉམ་བསྐྱེད་དང་ཞུ་འབོད་ཀྱི་ལས་འགུལ་སྤེལ་བ།

དེ་རིང་སྔ་དྲོ་ཚོུད་ ༡༡།༠༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཐུན་མོང་གྱིས་དྷ་ས་ མེག་གྷན་ཁྲོམ་གཞུང་དུ་སྐུ་ཞབས་ Liu Xiaobo ལགས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་སྦྲགས། རྒྱ་གཞུང་གིས་ཁོང་གི་འདོད་མོས་ལྟར་ཕྱི་རྒྱལ་དུ་སྨན་བཅོས་ཞུ་བར་གཏང་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་ཞིག་སྤེལ་སོང། སྐབས་དེར་ལས་འགུལ་བ་རྣམས་ནས་ཕྱི་ལོ་ ༡༩༥༥ ལོར་ཁོང་འཁྲུངས་པ་དང། དེ་རྗེས་ཁོང་ནས་ད་བར་རྒྱ་ནག་ནང་མང་གཙོ་བཅོས་བསྒྱུར་གྱི་ལས་འགུལ་རིམ་པ་སྤེལ་ཁག་མཚོན་ཆེད་ཁོང་གི་སྐུ་པར་དང་། ཕྱི་ལོ་ ༡༩༨༨ དང་ ༡༩༨༩ དེ་བཞིན་ ༢༠༠༨ བཅས་ལོ་ཚིགས་འཁོད་པའི་འདྲ་པར་བསྣམས་པ་མ་ཟད། ལྷག་དོན་ཕྱི་ལོ་ ༢༠༡༠ ལོར་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་ཀྱང་དེའི་ཚེ་ཁོང་རྒྱ་གཞུང་གི་བཙོན་ཁང་དུ་ཡོད་པས་བཙོན་ཁང་གི་རྣམ་པ་མཚོན་པའི་ཁྲབ་སྟོན་ཞིག་གནང་པ་དང་ཆབས་ཅིག་ཏུ་ཁོང་གི་ཕྱག་ལས་གནང་ཁག་ལ་རྗེས་དྲན་དང་གདུང་སེམས་བསྐྱེད་ཞུས་སོང་། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཁོང་མགྱོགས་མྱུར་སྨན་བཅོས་ཞུ་ཕྱིར་ཕྱི་རྒྱལ་དུ་ཕྱིར་བསྐྱོད་ཆོག་པའི་ཆོག་མཆན་ཐོབ་ཐབས་སུ་ཞུ་སྙན་ཐོག་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད། རྩ་བའི་ཟླ་ ༧ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གིས་སྐུ་ཞབས་ Liu Xiaobo ལགས་ལ་མཆིན་པའི་འབྲས་ནད་ཕོག་པའི་འོག་ནས་སྨན་བཅོས་ཞུ་ཕྱིར་བཙོན་གྲོལ་བཏང་ཡོད་པ་དང་། རྗེས་སུ་རྒྱ་གཞུང་གི་ངོས་ནས་རྒྱ་གཞུང་སྨན་པས་ཁོང་ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང། ད་ལྟ་ཁོང་གི་གཟུགས་གཞིའི་གནས་སྟངས་ཧ་ཅང་ཞན་པས་ཕྱི་རྒྱལ་དུ་སྨན་བཅོས་ཞུ་བར་བསྐྱོད་ཐུབ་རྒྱུ་དཀའ་བ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག འོན་ཀྱང་རྒྱལ་སྤྱིའི་གནོན་ཤུགས་ཁྲོད་རྒྱ་གཞུང་གིས་ཉེ་ཆར་ཨ་རི་དང་ཇར་མ་ནིའི་སྨན་པ་གཉིས་ལ་ Liu Xiaobo ལགས་ཀྱི་གནས་སྟངས་རྟོག་ཞིབ་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དང་འབྲེལ། ཕྱི་རྒྱལ་སྨན་པ་དེ་དག་ནས་བརྟག་དཔྱད་གནང་ནས་ཁོང་གི་གཟུགས་གཞིའི་གནས་སྟངས་ཞན་པོ་འདུག་ཀྱང་། ཕྱི་རྒྱལ་དུ་སྨན་བཅོས་གནང་བར་ཕེབས་མ་ཐུབ་པའི་ངལ་བ་དེ་འདྲ་རིགས་མི་འདུག་ཅེས་གསུངས་ཡོད་པ་རེད། དེ་བཞིན་ཁ་སང་ཚེས་ ༡༡ ཉིན་བྷི་བྷི་སི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར། རྒྱལ་ས་པེ་ཅིང་དུ་ཡོད་པའི་ཇར་མ་ནི་གཞུང་ཚབ་ལས་ཁུངས་ནས་ཁ་ཉིན་རེས་གཟའ་ཟླ་བའི་ཕྱི་དྲོ་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་པའི་ནང་དུ་ཇར་མ་ནི་དང་ཨ་རིའི་སྨན་པ་གཉིས་ནས་སྐུ་ཞབས་ Liu Xiaobo ལགས་ལ་བརྟག་དཔྱད་གནང་སྐབས་སྨན་པའི་ངོས་ནས་བརྙན་པར་ལེབ་རྒྱུར་འདོད་མོས་མེད་ཀྱང་རྒྱ་གཞུང་ནས་དེར་ལྟོས་མེས་ཀྱིས་ Youtube དང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལག་ཁག་ཅིག་ཏུ་ཕྱིར་བསྒྲགས་བྱས་འདུག་སྟབས། རྒྱ་གཞུང་གི་བྱེད་ཕྱོགས་ལ་སྐྱོན་བརྗོད་གནང་མཁན་ཡང་མང་དག་ཞིག་བྱུང་ཡོད་པ་རེད། གཞི་རྩའི་བརྙན་པར་ཁག་གཉིས་ཕྱིར་འགྱར་བྱུང་ཡོད་པ་ལས་དང་པོའི་ནང་དུ་སྨན་ཁང་དུ་སྐུ་ཞབས་ Liu Xiaobo ལགས་ཀྱི་ཉེ་འགྲམ་དུ་ཁོང་གི་བཟའ་ཟླ་དང་ཕྱི་རྒྱལ་སྨན་པ་གཉིས། དེ་བཞིན་རྒྱ་རིགས་སྨན་པ་དང་སྨན་ཞབས་པ་ཁག་ཅིག་ཡོད་པ་མངོན་རྒྱུ་འདུག་པའི་ནང་དུ་ཇར་མ་ནི་སྨན་པ་ Buchler ཞུ་བ་ཁོང་གིས་རྒྱ་རིགས་སྨན་པ་རྣམས་ནས་བརྟག་དཔྱད་གང་ཐུབ་བྱས་འདུག་སྐོར་བཤད་ཚུལ་ཆེད་བཏོན་དང་། གཉིས་པའི་ནང་དུ་ཕྱི་རྒྱལ་དང་རྒྱ་རིགས་སྨན་པ་རྣམས་ཚོགས་འདུ་ཚོགས་བཞིན་པའི་སྐབས་སྨན་པ་ Buchler ལགས་ཀྱིས་ཁྱེད་རྣམས་ནས་གང་གནང་པ་དེ་ལས་ལྷག་པ་ང་ཚོའི་ངོས་ནས་ཞུ་རྒྱུ་མི་འདུག་ཅེས་བརྗོད་ཡོད་པ་མངོན་རྒྱུ་འདུག ཁ་ཉིན་ཇར་མ་ནི་སྲིད་བློན་ལྕམ་ Angela Merkel མཆོག་ནས་ཀྱང་སྐུ་ཞབས་ Liu Xiaobo ལགས་ཀྱི་གནད་དོན་ཐད་ཐུགས་ཚབས་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་གི་ངོས་ནས་སྐུ་ཞབས་ལིའི་ཞའོ་པའི་ལགས་དང་ཁོང་གི་ནང་མིའི་ཐོག་འགྲོ་བ་མིའི་འདུ་ཤེས་ཐོག་ནས་གནང་ཕྱོགས་ཞིག་འཛིན་དགོས་པ་གསུངས་འདུག ཁུལ་དེར་གནས་སྡོད་རྒྱ་རིགས་ལས་འགུལ་བ་ Liao Yiwu ལགས་ཀྱིས་ཉེར་ཆར་བདུན་ཕྲག་སྔོན་མའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཇར་མ་ནི་ནང་དུ་ G20 ལྷན་ཚོགས་ཆེད་སླེབས་བསྟུན། ལྕམ་ Angela Merkel མཆོག་ནས་ཉིན་ལྟར་ཞི་ཅིང་ཕིང་དང་ལྷན་དུ་སྐུ་ཞབས་ལིའུ་ཞའོ་པའོ་ལགས་ཀྱི་གནད་དོན་སྐོར་གླེང་སློང་གནང་ཐུབ་པ་གནང་ཡོད་པ་འབྲེལ་ཡོད་ངོ་ཤེས་བརྒྱུད་ནས་ཤེས་རྟོགས་བྱུང་ཡོད་པ་གསུངས་འདུག དེ་བཞིན་ཇར་མ་ནི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་ཞིག་གིས་སྐུ་ཞབས་ལིའུ་ཞའོ་པའོ་ལགས་ཀྱི་སྨན་བཅོས་གནད་དོན་ཐད་ལ་ཇར་མ་ནི་དང་རྒྱ་ནག་གཉིས་དབར་ཚད་མཐོའི་གྲོས་སྡུར་ཐེངས་ཁ་ཤས་གནང་ཡོད་པ་དང།  ཇར་མ་ནི་གཞུང་གི་ངོས་ནས་སྐུ་ཞབས་ལིའུ་ཞའོ་པའོ་ལགས་ལ་སྨན་བཅོས་ཞུ་ཆེད་དུ་ལེན་རྒྱུའི་གྲ་སྒྲིག་ཡོད་པ་གསུངས་འདུག

Latest news