Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ནས་བོད་དོན་ཐོག་ཞལ་ཙམ་མིན་པར་དོན་ཕན་ལྡན་པའི་ཕྱག་ལས་གནང་རྒྱུའི་དུས་ལ་བབ་ཡོད།

ཁ་སང་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་གོ་སྒྲིག་འོག་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཨང་ ༢༡༧༢ ནང་དུ་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དང་། བོད་ནང་གི་འགྲོ་བ་མིའི་ཐབ་ཐང་། དེ་བཞིན་ཆོས་དད་རང་དབང་སོགས་ཀྱི་གནས་སྟངས་དང་འབྲེལ་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་ཡོད་པ་རེད། ལས་རིམ་དེའི་ཐོག་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་མཁན་ཁོངས་སུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Yoho ལགས་དང་ཚོགས་མི་རྣམ་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་ Richard Gere ལགས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ཨ་མི་རི་ཀའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་འགན་འཛིན་ Carl Gershman ལགས་བཅས་གདན་ཞུ་གནང་འདུག་པ་མ་ཟད། ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་ལྕམ་ Ros-Lehtinen ལགས། དེ་བཞིན་སྐུ་ཞབས་ Brad Sherman ལགས་སོགས་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་ཀྱང་གནང་འདུག དེ་ཡང་ཆེས་ཐོག་མར་ལས་རིམ་གཙོ་སྐྱོང་གནང་མཁན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Yoho ལགས་ཀྱིས་ཉེ་དུས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་བདེ་འཇགས་ཀྱི་གནས་སྟངས་སོགས་རྐྱེན་པས་རྒྱའི་སྤྱིའི་ཐོག་རྒྱ་གཞུང་གིས་བོད་ནང་བཙན་གནོན་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་ཐོག་དམིགས་བསལ་དོ་སྣང་དེ་ཙམ་བྱུང་མེད་སྟབས། ཉན་ཞིབ་ཀྱི་ལས་རིམ་འདི་གནད་ཆེ་ཞིག་ཏུ་ངོས་འཛིན་བཞིན་ཡོད་པ་སོགས་ངོ་སྤྲོད་གནང་ཡོད་པ་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ Brad Sherman ལགས་ཀྱི་ངོས་ནས་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ལ་རྒྱབ་སྐྱོར་དང་སྦྲགས་ཏེ་རྒྱ་གཞུང་ནས་འདས་པའི་ལོ་དུས་དེ་དག་ནང་བོད་མིའི་མངོན་འདོད་ལྟར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་བསྐྲུན་རྒྱུར་འབད་རྩོན་གནང་མེད་ཁར། མུ་མཐུད་བོད་ཀྱི་ས་ཁུལ་ཁག་ཏུ་དྲག་པོའི་དམག་དཔུང་རྒྱ་སྐྱེད་བཏང་སྟེ། བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་སོགས་འགྲེལ་བརྗོད་ཀྱིས་བྱེད་སྟངས་འདི་ནི་འགྲོ་བ་མིའི་བཟང་སྤྱོད་དང་ཡོངས་སུ་དངོས་འགལ་ཞིག་རེད་ཅེས་གསུངས་འདུག ལྷག་པར་དུ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་ད་རེས་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་མཉམ་མཐུན་ཐོག་བོད་དོན་ལ་རྒྱབ་སྐྱོར་གྱི་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་ཐུབ་པ་དེ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་ཀྱང་། འདས་པོའི་ལས་དོན་དང་ལྷག་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གྱི་གནས་སྟངས་ལ་གཞིགས་ན། ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ནས་བོད་དོན་ཐོག་དེ་ཙམ་གྱི་ནུས་པ་ཐོན་པའི་ཕྱག་ལས་གནང་ཐུབ་མེད་པར་དགོངས་ཚོར་ཆེན་པོ་བྱུང་ཞེས་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ལྷག་ཕེབས་ཟིན་པ་དང་། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་སྐབས་འདིར་ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ནས་བོད་དོན་ཐོག་ཞལ་ཙམ་མིན་པར་དོན་ཕན་ལྡན་པའི་ཕྱག་ལས་གནང་རྒྱུའི་དུས་ལ་བབ་ཡོད་པ་སོགས་གསུངས་འདུག དེ་བཞིན་རྒྱ་ནག་གཞུང་ནས་ཨ་མི་རི་ཀའི་མི་སེར་དང་གསར་འགོད་པ་རྣམས་རྒྱ་ནག་དང་བོད་ཀྱི་ས་ཁུལ་ཁག་ཏུ་རང་དབང་ཐོག་བསྐྱོད་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་མ་ཟད། ཨ་རི་གཞུང་ནས་ཀྱང་ Magnitsky Human Rights Accountability Act ཞེས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་ཁུར་ཡོང་ཐབས་ཀྱི་ཁྲིམས་ལུགས་བེད་སྤྱོད་གནང་པའི་བརྒྱུད་རྒྱ་རིགས་ཚོ་ཨ་རིའི་ནང་རང་དབང་ཐོག་སྐྱོད་བཞིན་པའི་ཐད་ལ་ཚོད་འཛིན་གནང་གལ་ཡིན་པ་ནན་བརྗོད་གནང་འདུག སྐུ་ཞབས་ Richard Gere ལགས་ནས་ཉེ་ཆར་བོད་ནང་རང་ལུས་མེ་སྲེག་གནང་མཁན་གྲྭ་བསྟན་དགའ་ལགས་ཀྱི་སྐུ་པར་སྤྱན་འབུལ་དང་སྦྲགས། ད་བར་བོད་ནང་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པར་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་སྲེག་གནང་བཞིན་པའི་གནས་སྟངས་འགྲེལ་བརྗོད་གནང་པ་མ་ཟད། ཉེ་ལམ་ཨ་རའི་སྲིད་འཛིན་སྐུ་ཞབས་ཊམ་མཆོག་རྒྱ་ནག་ནང་ཕེབས་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་ཡོད་ཚུལ་བརྗོད་ཀྱང་། ཡིག་ཐོག་ལ་ཞིབ་ཕྲ་གང་ཡང་མཇལ་རྒྱུ་མེད་སྐོར་སོགས་གསུངས་པ་དང་ཆབས་ཅིག ཨ་རི་གཞུང་ནས་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་གནང་པའི་ Tibet Policy Act 2002 འམ་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཤིག་ཡིན་སྟབས། ཨ་རི་གཞུང་ནས་ཁྲིམས་དེའི་ནང་དོན་ཁག་ངེས་པར་དུ་ལག་བསྟར་གནང་དགོས་གལ་ཡིན་པ་གསུངས་ཡོད། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་རྒྱ་ནག་གཞུང་གི་དམ་དྲག་འོག་བོད་ནང་ཡོད་པའི་བོད་མི་ཚོར་རྒྱལ་སྤྱི་དང་། ལྷག་པར་དུ་བོད་དོན་དང་འབྲེལ་བའི་གནས་ཚུལ་དུས་ཐོག་གཟིགས་རྒྱུའི་གོ་སྐབས་མེད་པ་མ་ཟད། སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱ་དང་སྐད་འཕྲིན་བེད་སྤྱོད་གནང་སྐབས་ཆབ་སྲིད་ནག་ཉེས་འོག་འཛིན་བཟུང་བྱེད་བཞིན་པའི་གནས་སྟངས་ངོ་སྤྲོད་དང་སྦྲགས། ཨ་རི་གཞུང་ནས་རྒྱ་ནག་གི་གསར་འགོད་པ་ཨ་རི་ནང་རང་དབང་སྤྲོད་བཞིན་པ་ལྟར། ཨ་རི་གཙོས་པའི་ཕྱིའི་གསར་འགོད་པ་རྣམས་ཀྱང་བོད་དང་རྒྱ་ནག་ནང་རང་དབང་ཐོག་བསྐྱོད་རྒྱུར་འབད་རྩོན་གནང་དགོས་སྐོར་གསུངས་པ་མ་ཟད། སྐུ་ཞབས་ Carl Gershman ལགས་ནས་རྒྱ་ནག་གི་སྲིད་འཛིན་ Xi Jinpin  གིས་སྣེ་ཁྲིད་པའི་རྒྱ་ནག་སྲིད་གཞུང་ནས་ཚོང་དང་ཆབ་སྲིད་སོགས་ཐབས་ལམ་འདྲ་མིན་བརྒྱུད། རྒྱལ་སྤྱིའི་ཐོག་རང་ཉིད་ཀྱི་དབང་ཐང་དར་ཁྱབ་གཏོང་བཞིན་པར་ཚང་མས་ཡིད་གཟབ་གནང་རྒྱུ་གལ་ཆེ་ཆགས་ཡོད་པ་གསུངས་པ་དང་སྦྲགས། རྒྱ་གཞུང་ནས་རྒྱལ་སྤྱིའི་ཁྲིམས་ལུངས་དང་ཡོངས་སུ་འགལ་བའི་བྱ་སྤྱོད་སྤེལ་བཞིན་པར་ངེས་པར་དུ་གདོང་ལེན་གནང་དགོས་པ་གསུངས་འདུག ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ད་ཆ་ཨ་རི་ནང་གཞུང་འབྲེལ་འཚམས་འདྲི་ཕེབས་ཡོད་པ་དང་། ཁ་སང་སྲིད་སྐྱོང་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྣམ་གཉིས་ནས་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་དང་། Lindsey Graham ལགས་རྣམ་གཉིས་མཇལ་འཕྲད་གནང་སྟེ་བོད་དོན་དང་འབྲེལ་བའི་གནད་དོན་སྤྱི་དང་སྒོས་སུ་ཨ་རིའི་གཞུང་གི་འཆར་ལོའི་སྔོན་རྩིས་ནང་བོད་དོན་དང་འབྲེལ་བའི་རོགས་དངུལ་མུ་མཐུད་ཐོབ་ཐབས། དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མགྱོགས་མྱུར་བསྐོ་གཞག་ཡོང་ཐབས་སྐོར་གོ་བསྡུར་གནང་འདུག

ཨ་རིའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཚོགས་གནང་གི་འདུག

དེ་རིང་རྒྱ་གར་ནང་གི་མཚན་མོ་ཆུ་ཚོད་ ༡༢ ཡོལ་ཙམ་དང་ཨ་རིའི་ཉིན་གུང་ཆུ་ཚོད་ ༢ ཐོག་ཨ་རའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཨང་ ༢༡༧༢ ནང་དུ་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དང་། བོད་ནང་གི་འགྲོ་བ་མིའི་ཐབ་ཐང་། དེ་བཞིན་ཆོས་དད་རང་དབང་སོགས་ཀྱི་གནས་སྟངས་དང་འབྲེལ་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་གནང་གི་འདུག ཉན་ཞིབ་ཀྱི་ལས་རིམ་དེའི་ཐོག་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Yoho ལགས་དང་ཚོགས་མི་རྣམ་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་ Richard Gere ལགས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ཨ་མི་རི་ཀའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་འགན་འཛིན་ Carl Gershman ལགས། གཞན་ཡང་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་དེ་འབྲེལ་གནད་ཡོད་མི་སྣ་ཁག་ཅིག་བཅས་ནས་མཉམ་ཞུགས་གནང་གི་ཡོད་ཡོད་པ་རེད། གཞི་རྩའི་ཉན་ཞིབ་ཀྱི་ལས་རིམ་འདི་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་སྡེ་ཚན་ནས་གོ་སྒྲིག་གནང་པ་ཞིག་ཡིན་པ་དང་། སྡེ་ཚན་དེའི་ཚགས་གཙོ་སྐུ་ཞབས་ Ted Yoho ལགས་ཀྱིས་ཉེ་དུས་ནས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་གནས་སྟངས་སོགས་རྐྱེན་པས་རྒྱལ་སྤྱིའི་ངོས་ནས་རྒྱ་གཞུང་གིས་བོད་ནང་བཙན་གནོན་བྱེད་ཤུགས་ཆེ་རུ་གོཏང་བཞིན་པའི་གནས་སྟངས་ཐོག་དམིགས་དོ་སྣང་དེ་ཙམ་གནང་མེད་པའི་ཁར་རྒྱ་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པར་དོ་སྣང་སྔར་ལྷག་གནང་རྒྱུའི་དུས་ལ་སླེབས་ཡོད་སྟབས། ད་ལན་ཉན་ཞིབ་ཀྱི་ལས་རིམ་དེའི་བརྒྱུད་རྒྱ་གཞུང་གིས་བོད་མིའི་ཆོས་ཕྱོགས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་དོན། དེ་བཞིན་གསར་འགོད་པ་དང་ཕྱི་མི་བོད་ནང་འགྲོ་བསྐྱོད་བྱེད་རྒྱུར་བཀག་སྡོམ་བྱེད་པ་སོགས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་ཡོངས་ཐད་ལ་གླེང་སློང་གནང་རྒྱུ་ཡིན་ཞེས་གསུངས་འདུག གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགནས་འཛིན་སྐུ་ཞབས་ Matteo Mecacci ལགས་ནས་ཀྱང་ཞི་ཅིང་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་གཞུང་གི་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་འོག་རྒྱ་ནག་གི་དབང་ཤུགས་རྒྱལ་སྤྱིའི་ཐོག་དར་ཁྱབ་བྱེད་མུས་དང་།  ལྷག་པར་དུ་བོད་ནང་གི་གནས་སྟངས་ཆེས་ཛ་དྲགས་ཅན་ཞིག་ཆགས་པའི་དུས་མཚམས་འདིར་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་གཏན་འཁེལ་བར་དགའ་བསུ་དང་སྦྲགས། ཨ་རི་བ་གཙོས་པའི་རྒྱལ་སྤྱིའི་མང་ཚོགས་མང་པོས་ཆེས་དགའ་མོས་དང་དད་གུས་ཞུ་ཡུལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ལྷག་ཕེབས་ཟིན་ཡང་མུ་མཐུད་འཛམ་གླིང་ཞི་བདེ་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ། དེ་བཞིན་ཁོར་ཡུག་གི་གནད་དོན་སོགས་ཀྱི་ཐད་ལ་ཐུགས་འགན་རླབས་ཆེན་བཞེས་བཞིན་ཡོད་པར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆབ་སྲིད་ཚོགས་པ་ཟུང་འབྲེལ་ཐོག་༸གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེ་ཆགས་ཀྱི་ཡོད་པ་གསུངས་འདུག ཁྱད་པར་དུ་ཁོང་གིས་ལས་རིམ་དེའི་ཐོག་ནས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ངོས་ནས་ད་ལྟ་ཡང་བོད་དོན་ལ་རྒྱབ་སྐྱོར་གཡོ་བ་མེད་པ་གནས་ཡོད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད། རྩ་བའི་ཨ་རིའི་གྲོས་ཚོགས་ནང་ཚོགས་གཏན་འཁེལ་བོད་དོན་ཉན་ཞིབ་ཀྱི་ལས་རིམ་འདི་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་དྲ་ཐོག་ནས་ཐད་སྲིང་གནང་གི་ཡོད་པ་མ་ཟད། ལས་རིམ་དེ་གྲུབ་མ་ཐག་ཉེ་ཆར་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༦ ཉིན་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Cruz ལགས་དང་ Robert Menendez ལགས། དེ་བཞིན་ Marco Rubio ལགས་གཙོས་གྲོས་ཚོགས་འཐུས་མི་གཞན་ཁག་ཅིག་ཐུན་མོང་ནས་གྲོས་ཚོགས་གོང་འོག་གཉིས་སུ་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་སྣེ་ཁྲིད་པའི་སྲིད་གཞུང་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་བོད་ཀྱི་གནད་དོན་དེ་ངེས་པར་གལ་ཆེ་དོན་ཆེར་བརྩི་དགོས་པའི་གྲོས་འཆར་ཞིག་ཆེད་བཏོན་གནང་པ་དེའི་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད།

རྒྱ་ནག་གི་སྲིད་བློན་ Hungary ནང་འབྱོར་སྐབས་ངོ་རྒོལ་གནང་འདུག

དེ་ཡང་ཕྱི་ཚེས་ ༢༧ ཉིན་ Hungary ནང་གི་ Budapestbeacon.com ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བར་ཚེས་ ༢༦ ཉིན་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་ Hungary རྒྱལ་ས་ Budapest ནང་དུ་རྒྱལ་ཁབ་ཕྱོགས་གཉིས་དབར་ཉིན་གྲངས་གསུམ་རིང་གི་ཚོང་འབྲེལ་ལྷན་ཚོགས་ཆེད་འབྱོར་བ་དང་བསྟུན། ཁོ་པ་གནམ་ཐང་ནས་མགྲོན་ཁང་ཕྱོགས་སུ་སྐྱོད་སྐབས་ཡུལ་དེའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་འཕྱར་ནས་ཞི་རྒོལ་གནང་ཡོད་པ་དང། ལྷག་པར་དུ་སྐབས་དེར་ Tibor Hendry འམ་ཡོངས་གྲགས་སུ་ Hendry Tibet ཞུ་བའི་བོད་དོན་རྒྱབ་སྐྱོར་བ་ཞིག་གིས་ལི་ཁེ་ཆིང་གི་རླངས་འཁོར་འགྲོ་སའི་གཞུང་ལམ་ཉེ་འགྲམ་དུ་བོད་ཀྱི་རྒྱལ་དར་འཁྱེར་ནས་བཞུགས་ཡོད་སྟབས་ཡུལ་དེའི་ཉེན་རྟོག་པ་བདུན་བརྒྱད་ཙམ་ཡོང་ནས་བཀག་སྡོམ་གྱིས་རྒྱལ་དར་ལག་ནས་འཕྲོག་སྐབས་ཁོང་གིས་ FreeTibet ཞེས་འབོད་ཚིག་སྒྲོག་བཞིན་སྐད་འབོད་གནང་འདུག དེ་བཞིན་རེས་གཟའ་ཟླ་བའི་ཉིན་ཡུལ་དེའི་གྲོས་ཚོགས་ནང་ LMP ཚོགས་པའི་འཐུས་མི་དང་མ་འོངས་པར་ཚོགས་པ་དེའི་སྲིད་བློན་འོས་མི་ཡིན་པ་གྲོས་ཚོགས་འཐུས་མི Bernadett Szel ལགས་ཀྱིས་ལུས་ལ་བོད་ཀྱི་རྒྱལ་དར་གྱོན་སྟབས་ཉེན་རྟོག་པས་ཡུལ་དེའི་མི་སེར་ཞིག་ལ་བོད་དོན་ལས་འགུལ་སྤེལ་རྒྱུར་བཀག་སྡོམ་བྱས་ཡོད་པར་སྐྱོན་བརྗོད་གནང་བ་སྦྲགས། ཁོང་ནས་ཀྱང་ FreeTibet ཞེས་འབོད་ཚིག་སྒྲོག་ནས་རང་ཉིད་ཀྱི་གཏམ་བཤད་མཇུག་སྡོམ་གནང་འདུག རྩ་བའི་སྐུ་ཞབས་ Hendry ལགས་ནི་ Shambala Tibet Center ཞེས་པའི་ཡུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡིན་པ་དང། ཁོང་ནས་དེ་སྔོན་ཕྱི་ལོ་ ༢༠༡༢ ལོར་ཡང་ལི་ཁེ་ཆིང་རྒྱ་ནག་སྲིད་བློན་གཞོན་པའི་གནས་བབ་ཐོག་ཡུལ་དེར་སླེབས་སྐབས་བོད་ཀྱི་རྒྱལ་དར་བསྣམས་ནས་ངོ་རྒོལ་གནང་རྐྱེན་འཛིན་བཟུང་བྱེད་མྱོང་ཡོད་པ་དང། སྐབས་དེར་ཡུལ་དེའི་ཆེས་མཐོའི་ཁྲིམས་ཁང་གི་ངོས་ནས་སྐུ་ཞབས་ Hendry ལགས་ལ་ཨ་སྒོར་ ༡༩༠༠ དང་ཁོང་གི་ཁྲིམས་རྩོད་པའི་གླ་ཆ་ཡོངས་རྫོགས་སྤྲོད་དགོས་པའི་ཉེས་ཆད་བཏང་ཡོད་པ་རེད་འདུག

བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐབས་ལམ་ཡང་དག་ཞིག་རེད།

དེ་རིང་སྔ་དྲོ་ཚོུད་ ༩༌༣༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་ཨ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་གསུམ་ལས་གྲུབ་པའི་གྲོས་འཐུས་སྐུ་ཚབ་ཚོགས་ཆུང་ནས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐབས་ལམ་ཡང་དག་ཞིག་རེད་ཅེས་གསུངས་སོང་། སྐུ་ཚབ་ཚོགས་ཆུང་ཁྲོད་ཨོ་སི་ཊོ་ལི་ཡའི་ Justice འམ་དྲང་བདེན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Derryn Hinch ལགས་དང་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kevin Andrews ལགས། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕ་སྐུ་ Kimberly Kitching ལགས། དེ་བཞིན་ Meryl Swanson ལགས་བཅས་ཕེབས་ཡོད་པ་དང་། ཁོང་རྣམས་འདས་པའི་ཉིན་གྲངས་བཞིའི་རིང་ལ་བོད་མིའི་སྒྲིག་འཛུགས་གཙོས་པའི་གཞུང་དང་འཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ལ་གཟིགས་ཞིབ་གནང་ཡོད་པ་ལྟར། དེ་རིང་གསར་འགོད་ལྷན་ཚོགས་སྐབས་ཁོང་རྣམ་པས་རང་ཉིད་ཀྱི་མྱོང་འཚོར་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད། སྐབས་དེར་སྐུ་ཞབས་ Derryn Hinch ལགས་ཀྱིས་ང་ཚོས་ཐེངས་འདིའི་འཚམས་གཟིགས་ཁྲོད་བོད་མི་རྣམས་ནས་རང་ཉིད་ཀྱི་མཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་ཁག་མུ་མཐུད་སྲུང་སྐྱོབ་བྱེད་བཞིན་པ་དང་། བོད་རྒྱའི་བཀའ་རྙོག་སེལ་ཐབས་སུ་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་མང་དག་ཞིག་ནས་གོམ་པ་མདུན་སྤོས་གནང་བཞིན་པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པ་མ་ཟད། ལྷག་དོན་དེང་སྐབས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་སྟོབས་ཤུགས་སྔར་ལྷག་རྒྱ་སྐྱེད་འགྲོ་བཞིན་སྐབས་ཨ་རི་གཙོས་རྒྱལ་སྤྱིའི་འགོ་ཁྲིད་མང་པོ་ཞིག་ནས་མུ་མཐུད་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཞག་སྟེ་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་ཡོད་སྟབས། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐབས་ལམ་ཡང་དག་ཞིག་རེད་ཅེས་གསུངས་སོང་། དེ་བཞིན་སྐུ་ཞབས་ Kevin Andrews ལགས་ནས་ཁོང་རྣམས་ད་རེས་བཞུགས་སྒར་དུ་བཅར་དོན་གཙོ་བོ་ནི་ཨོ་སི་ཊོ་ལི་ཡའི་སྲིད་གཞུང་ནས་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་མངོན་གསལ་གནང་རྒྱུ་དང་། མའོངས་པར་སྲིད་བྱུས་དེའི་འོག་བོད་རྒྱ་གཉིས་ཞི་འགྲིག་ཡོང་ཐབས་སུ་འབད་རྩོན་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་མ་ཟད། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕ་སྐུ་ Kimberly Kitching ལགས་དང་ Meryl Swanson ལགས་རྣམ་གཉིས་ཀྱང་འཚམས་གཟིགས་གནང་པའི་མྱོང་འཚོར་དང་འབྲེལ། བོད་པའི་སློབ་གྲྭ་ཁག་གྱི་ཤེས་ཡོན་ལམ་ལུགས་ཁྲོད་སློབ་ཕྲུག་རྣམ་ལ་རང་ཉིད་ཀྱི་རིག་གཞུང་གཙོས་པའི་དེང་དུས་ཀྱི་ཤེས་ཡོན་ཐོག་སློབ་འཁྲིད་གནང་བཞིན་པར་ཡི་རང་བསྔགས་བརྗོད་ཡོད་པ་གསུངས་སོང་། ཁོང་རྣམས་ནས་གསར་འགོད་པའི་དྲི་བར་ལན་འདེབས་གནང་པར་ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་དབར་ལ་ཚོང་དོན་གྱི་འབྲེལ་བ་ཆེན་པོ་ཡོད་ཀྱང་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་སུ་འདྲ་ཞིག་གཞུང་འཛིན་ཆགས་ཀྱང་བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་ངེས་ཡིན་པ་མ་ཟད་མ་འོངས་པར་རིམ་པས་ཁོང་རྣམས་ནས་བོད་ཕྲུག་གང་མང་ཞིག་ཁུལ་དེར་སློབ་སྦྱང་ཆེད་བསྐྱོད་ཐུབ་རྒྱུར་རེ་བ་ཡང་གནང་བཞིན་ཡོད་སོགས་གསུངས་ཡོད། གཞིན་རྩའི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་ཟླ་བ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Taj Mahal གསོལ་མགྲོན་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུ་རྒྱུ་བྱུང་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་འཆར་ཞིག་བཏོན་འདུག

ཁ་ཉིན་རེས་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཚོགས་དུས་ ༡༡༥ ཐོག་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Cruz ལགས་དང་། Robert Menendez ལགས། Marco Rubio ལགས། དེ་བཞིན་ Bernie Sanders ལགས་གཙོས་པའི་གྲོས་ཚོགས་འཐུས་མི་གཞན་བཞིས་སྣེ་ཁྲིད་འོག་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་ལ་ཨ་རི་གཞུང་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་བོད་ཀྱི་གནད་དོན་དེ་ངེས་པར་དུ་གནད་ཆེར་ངོས་འཛིན་དགོས་པའི་གྲོས་འཆར་ཞིག་བཏོན་འདུག དེའི་ནང་གཙོ་བོ་ཁོང་གྲོས་ཚོགས་འཐུས་མི་རྣམས་ནས་སྲིད་འཛིན་སྐུ་ཞབས་ Trump མཆོག་ལ་ཨ་རི་གཞུང་ནས་དེ་སྔ་ཨ་རིའི་གྲིས་ཚོགས་སུ་གཏན་འབེབས་གནང་བའི་ཨ་རི་ཐོག་འཛིན་པའི་སྲིད་བྱུས་ ༢༠༠༢ ཞེས་པ་དེ་ལག་བསྟར་གནང་སྟེ་ཨ་རིའི་མི་སེར་བོད་ནང་རང་དབང་ཐོག་ནས་འགྲོ་བསྐྱོད་བྱེད་རྒྱུ་དང་། ལྷག་པར་དུ་རྒྱ་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་ཐོག་བོད་ཀྱི་གནད་དོན་སེལ་ཐབས་སུ་ངེས་པར་དུ་ཤུགས་སྣོན་བརྒྱབ་དགོས་པ་འཁོད་འདུག དེ་བཞིན་ཨ་རི་གཞུང་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་དགོས་པ་དང་། རྒྱ་ནག་དེ་མུ་མཐུད་དམིགས་བསལ་གྱི་སེམས་འཚབ་བྱེད་ཡུལ་རྒྱལ་ཁབ་ཁོངས་སུ་བཞག་དགོས་པ་མ་ཟད། གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་ནས་ཨ་རི་གཞུང་ནས་རྒྱ་ནག་ལྷན་དུ་རྒྱ་ནག་གིས་བོད་ཀྱི་ཆོས་སྡེ་ཁག་གཏོར་བཤིག་གཏོང་བཞིན་པའི་གནད་དོན་དང་། བོད་ཀྱི་འབྲོག་པའི་གནས་སྟངས། དེ་བཞིན་རྒྱ་ནག་གི་ཕྱི་མི་འགྲོ་བསྐྱོད་དང་འབྲེལ་བའི་ཁྲིམས་ལུགས་ཁག་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་གྱི་ཡོད་མེད་སོགས་ཀྱི་ཐད་ལ་ངེས་པར་དུ་གླེང་སློང་གནང་དགོས་པ་གསུངས་འདུག དེ་སྔ་ཨ་རི་གྲོས་ཚོགས་ནས་༸གོང་ས་མཆོག་གིས་ཀུན་ཁྱབ་འགན་ཁུར་གྱི་ལྟ་གྲུབ་འོག་འཛམ་གླིང་སྤྱི་ལ་བྱམས་སྙིང་རྗེ་དང་། བརྩེ་བ། བཟོད་བསྲན། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་ཐད་ལ་ལམ་བསྟོན་བཀའ་སློབ་རབས་དང་རིམ་མ་གནང་བཞིན་པར་ངོས་འཛིན་གྱིས་མགོན་པོ་༸གང་ཉིད་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་སྐོར་ཟུར་འདོན་ཞུས་འདུག ཁ་ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Ted Cruz ལགས་ནས་གྲོས་ཆོད་དེ་འདོན་སྤེལ་གནང་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་སྡུག་རྩུབ་ཅན་གྱི་དབང་བསྒྱུར་སྲིད་བྱུས་འོག་དེང་སྐབས་རྒྱ་ནག་རང་ཉིད་ཀྱི་ས་གནས་ཁག་ཅིག་ཏུ་ཡང་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་བོད་ནང་ཆོས་དད་ཀྱི་རང་དབང་དང་སྨྲ་བརྗོད་ཀྱི་རང་དབང་། དེ་བཞིན་ཆབ་སྲིད་ཀྱི་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སོགས་ཀྱི་གནས་སྟངས་ཆེས་ཞན་པོ་བཟོ་བཞིན་ཡོད་པ་མངོན་གསལ་གནང་འདུག གཞི་རྩའི་གྲོས་ཚོགས་གོང་མའི་ནང་ལ་ཆེད་བཏོན་ཞུས་པའི་གྲོས་འཆར་དེ་ཉེ་ཆར་ཨ་རིའི་སྲིད་འཛིན་རྒྱ་ནག་གཙོས་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ཏུ་འཚམས་གཟིགས་སུ་མ་ཕེབས་པའི་སྔར་རོལ་ཏེ། ཟླ་བ་འདིའི་ཚེས་ ༡ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་འདོན་སྤེལ་གནང་ཡོད་པ་རེད། གྲོས་འཆར་དང་འབྲེལ་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགནས་འཛིན་སྐུ་ཞབས་ Matteo Mecacci ལགས་ནས་ཉེ་ཆར་སྲིད་འཛིན་ Trump མཆོག་རྒྱ་ནག་ནང་བསྐྱོད་སྐབས་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ་གླེང་སློང་ཙམ་ཡང་མ་གནང་པའི་དུས་སྐབས་འདིར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་དོན་རྒྱབ་སྐྱོར་དང་འབྲེལ་གྲོས་ཆོད་ཅིག་བཏོན་ཐུབ་པ་དེ་ནི་དུས་ཚོད་ཀྱི་ཆ་ནས་འོས་འཚམས་དང་། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་མང་ཚོགས་ནས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་གི་ཡོད་པའི་བརྡ་ལན་ཞིག་ཀྱང་ཆགས་ཡོད་པ་གསུངས་འདུག

བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ལ་ཐུགས་ཞིབ་གནང་མུས་ཡིན་པ་གསུངས་འདུག

ཁེ་ན་ཌ་ཕྱི་སྲིད་བློན་ཆེན་ Chrystia Freeland ལགས་ཀྱིས་ཁེ་ན་ཌའི་གཞུང་གིས་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་བོད་མིའི་ཆབ་སྲིད་བཙོན་པར་དྲང་བདེན་གྱི་ཁྲིམས་གཏུགས་ཡོང་ཐབས་སོགས་ཀྱི་བརྒྱུད་ནས་བོད་མི་དེ་དག་གི་གནས་སྟངས་ཐོག་ཐུགས་ཞིབ་གནང་དང་གནང་མུས་ཡིན་པ་གསུངས་འདུག དེ་ཡང་ཁ་སང་ Canada Tibet Committee ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཁེ་ན་ཌ་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Randall Garrison ལགས་ཀྱིས་དེ་སྔོན་ཕྱི་ཟླ་ ༦ པའི་ནང་ཁེ་ན་ཌ་གཞུང་ལ་ཡིག་ཐོག་ནས་དྲི་བ་ཁག་གཅིག་ཕུལ་ཏེ། གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བ་ཚོར་རྒྱབ་སྐྱོར་གྱི་སྲིད་བྱུས་ལག་བསྟར་གནང་ཕྱོགས་དང་ལྷག་པར་དུ་བོད་མིའི་ཆབ་སྲིད་བཙོན་པའི་གནད་དོན་དང་འབྲེལ་བའི་སྲིད་བྱུས་ལག་བསྟར་གནང་ཕྱོགས། དེ་བཞིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཁེ་ན་ཌ་གཞུང་ཚབ་ལས་ཁུངས་ཀྱི་ངོས་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་མཇལ་འཕྲད་ཞུ་ནས་ཁོང་གི་གནས་སྟངས་རྒྱུས་ལོན་གནང་རྒྱུར་འབད་བརྩོན་གང་དང་གང་གནང་ཡོད་མེད་བཅས་འཁོད་ཡོད་པ་རེད། ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ Chrystia Freeland མཆོག་གིས་ཉེ་ཆར་དྲི་བ་དེ་དག་ལ་ཡིག་ཐོག་ལན་འདེབས་གནང་འདུག་པ་དང་། ཁེ་ན་ཌ་གཞུང་གིས་བོད་མིའི་ཆབ་སྲིད་བཙོན་པའི་གནས་སྟངས་ལ་ཐུགས་ཞིབ་གནང་མུས་ཡིན་པ་མ་ཟད། དྲང་བདེན་གྱི་ཁྲིམས་གཏུགས་ཡོང་ཐབས་སོགས་ལ་འབད་བརྩོན་གནང་དང་གནང་མུས་ཡིན་པ་གསུངས་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་དང་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་གི་དམིགས་བསལ་མགྲིན་ཚབ་པ་གཉིས་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ལྷན་དུ་མཇལ་འཕྲད་ཡོང་ཐབས་སུ་འབད་སྤུངས་ལྷོད་མེད་གནང་མུས་ཡིན་སྐོར་ཡང་གསུངས་ཡོད་པ་རེད། བློན་ཆེན་མཆོག་གིས་ད་དུང་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་ནང་དུ་བསྐྱོད་རྒྱུའི་གནད་དོན་དང་འབྲེལ་ཅིང་གཞུང་ཚབ་ལས་ཁང་ལ་དཀའ་ངལ་དུ་མ་འཕྲད་མུས་ཡིན་སྐོར་གསུངས་པ་དང་། དེ་ལྟར་ཡོང་ཐབས་སུ་ཐབས་ཤེས་མུ་མཐུད་གནང་རྒྱུ་ཡིན་ཞེས་གསུངས་འདུག ལྷག་དོན་བོད་མི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་བོད་ཀྱི་ས་ཁུལ་ཁག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏང་དགོས་པའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན་པ་གསུངས་འདུག རྩ་བའི་ཁེ་ན་ཌ་དང་རྒྱ་ནག་གི་གྲོས་ཚོགས་གཉིས་དབར་འབྲེལ་ལམ་ལས་གཞིའི་ཁྲོད་འདི་ལོའི་ཕྱི་ཟླ་ ༨ པའི་ནང་ཁེ་ན་ཌ་གྲོས་ཚོགས་འཐུས་མི་ཁག་གཅིག་མཚོ་སྔོན་དང་ཟི་ཁྲོན་སོགས་བོད་ཀྱི་ས་ཁུལ་ཁག་ཏུ་སྐོར་བསྐྱོད་གནང་ཡོད་པ་རེད། སྐབས་དེར་ཁོང་རྣམས་ཀྱིས་བོད་མིའི་ཆབ་སྲིད་བཙོན་པའི་གནད་དོན་སྐོར་གླེང་སློང་གནང་ཡོད་མེད་ཀྱི་གསལ་བཤད་གང་ཡང་གནང་མེད་པ་རེད་འདུག

ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཁྲོད་བོད་ཀྱི་གནད་དོན་གལ་ཆེར་བརྩི་དགོས།

ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་བདུན་ཕྲག་རྗེས་མའི་ནང་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་ཕེབས་ཀྱི་ཡོད་པ་དང་བསྟུན། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་མཉམ་འབྲེལ་གྱིས་ཉེ་ཆར་ཡུལ་དེའི་གྲོས་ཚོགས་ནང་༸གོང་ས་མཆོག་དང་བོད་མིར་རྒྱབ་སྐྱོར་གྱི་གྲོས་འཆར་ཞིག་བཏོན་གནང་སྟེ་སྲིད་འཛིན་ཊོམ་མཆོག་གི་འཚམས་གཟིགས་སྐབས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་བོད་ཀྱི་གནད་དོན་དེ་གལ་ཆེར་བརྩི་དགོས་པའི་འབོད་སྐུལ་ཞུས་འདུག ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་མ་ཕེབས་སྔོན་སྟེ་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ཨ་རིའི་གྲོས་ཚོགས་ནང་ཡོད་པའི་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་གྲོས་ཚོགས་སུ་བཏོན་པའི་གྲོས་འཆར་ནང་སྲིད་འཛིན་ཊམ་མཆོག་ནས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཆ་ཚང་བ་ཞིག་དོན་འཁྱོལ་ལག་བསྟར་གནང་ཐོག་རྒྱ་གཞུང་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་ཡོང་རྒྱུར་རེ་འདུན་ཤུགས་ཆེ་བཏོན་དགོས་པ་དང་། བོད་ཀྱི་ས་ཁུལ་ཁག་ནས་ཆབ་སྲིད་དང་ཆོས་ཕྱོགས་རང་དབང་རྩོད་ལེན་བྱེད་མཁན་བཙོན་པ་རྣམས་ལ་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པ། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་ཤིག་གསར་འཛུགས་དགོས་པ། བོད་ཀྱི་ས་ཁུལ་དུ་ལྟ་སྐོར་ཡོང་མཁན་ཨ་རིའི་མེ་སེར་ལ་རམ་འདེགས་ཞུ་རྒྱུ་གཙོས་པའི་བོད་ནང་གི་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་རིག་གཞུང་བཅས་པར་ཡར་རྒྱས་གཏང་རྒྱུའི་ལས་དོན་ཐོག་ལྟ་ཞིབ་ནན་པོ་བྱེད་དགོས་སྐོར་སོགས་འཁོད་འདུག ད་རེས་ཀྱི་གྲོས་འཆར་འདོན་མཁན་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ནི་ལྕམ་སྐུ་ Ileana Ros-Lehtinen ལགས་དང་། སྐུ་ཞབས་ Eliot Engel ལགས། སྐུ་ཞབས་ Ted Yoho ལགས། སྐུ་ཞབས་ Brad Sherman ལགས་བཅས་ཡིན་པ་རེད། གྲོས་འཆར་བཏོན་མཁན་ལྕམ་ Ileana Ros-Lehtinen ལགས་ཀྱིས་བརྒྱུད་ལམ་ཐོག་ཏུ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་རྐྱེན་གྱིས་བོད་ཀྱི་ས་ཁུལ་དུ་བརྟན་ལྷིང་ཡོང་གི་མེད་པ་མངོན་གསལ་ཆགས་ཡོད་སྟབས། ངེས་པར་དུ་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ནང་དུ་གལ་འགངས་ཆེན་པོར་བརྩི་དགོས་ཞེས་གསུངས་འདུག་པ་མ་ཟད། སྲིད་འཛིན་ཊམ་མཆོག་གིས་བདུན་ཕྲག་རྗེས་མའི་ནང་རྒྱ་ནག་ཏུ་འཚམས་གཟིགས་སྐབས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཁྲོད་ཨ་རིའི་ངོས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་གསལ་པོ་འཛིན་ཐོག་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང་ཐུབ་ཚོད་ཀྱི་རང་བཞིན་ལྡན་པའི་བྱ་སྤྱོད་ཁག་ལ་གདོང་ལེན་ནན་པོ་བྱེད་དགོས་ཞེས་བརྗོད་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Eliot Engel ལགས་ཀྱིས་དེང་སྐབས་རྒྱ་གཞུང་གིས་བོད་མིའི་ཐོག་ཐབས་བརྒྱ་བྱུས་སྟོང་གིས་དྲག་གནོན་བྱེད་ཤུགས་ཧ་ཅང་ཆེ་རུ་གཏོང་བཞིན་ཡོད་པར་སྐྱོན་བརྗོད་གནང་བ་དང་འབྲེལ། སྲིད་འཛིན་ཊམ་མཆོག་གིས་རྒྱ་ནག་ནང་གི་འཚམས་གཟིགས་སྐབས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་ནི་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཀྱི་སྙིང་པོ་ཞིག་ཡིན་པ་མངོན་གསལ་བཟོ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག ཨ་རིའི་གྲོས་ཚོགས་སུ་སྲིད་འཛིན་ཊམ་མཆོག་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་དགོས་པའི་གྲོས་འཆར་བཏོན་པ་ཙམ་མ་ཟད་ཨ་རི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་ཀྱང་སྲིད་འཛིན་མཆོག་ནས་རྒྱ་ནག་ཏུ་འཚམས་གཟིགས་གནང་སྐབས་རྒྱ་ནག་ནང་ཆོས་དད་རང་དབང་སྤྱི་དང་སྒོས་བོད་ཀྱི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཤར་ཏུ་ཀི་སི་ཏན་གྱི་ Gulmira Imin  གཉིས་གློད་བཀྲོལ་ཡོང་རྒྱུར་གླེང་སློང་དགོས་པའི་ཞུ་འབོད་བྱས་འདུག ཨ་རི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་རྒྱ་ནག་ནང་གི་མི་འབོར་ཐེར་འབུམ་གཅིག་ལྷག་ཡོད་པའི་ཁྲོད་ནས་མང་ཚོགས་ཧ་ཅང་མང་པོ་ཞིག་རང་ཉིད་ཀྱི་ཆོས་ལུགས་ལ་དད་མོས་དང་ཆོས་ཕྱོགས་བྱེད་སྒོ་ཁག་གི་ཐོག་དམ་དྲག་དང་སྟངས་འཛིན་འོག་གནས་ཡོད་པ་འགྲེལ་བརྗོད་ཀྱང་བྱས་འདུག རྒྱ་གཞུང་གིས་སྤེལ་བཞིན་པའི་དམ་དྲག་གྱི་སྲིད་བྱུས་དེས་བོད་མི་དང་ཡུ་གུར་མི་རིགས་ཀྱི་རིག་གཞུང་མེད་པ་བཟོ་བཞིན་ཡོད་པ་དང། ལྷག་དོན་སྤྱི་ཚོགས་གཏན་ལྷིང་དང་མང་ཚོགས་ཀྱི་བདེ་འཇགས་སོགས་ལ་ཁ་གཡར་ཏེ་ཤར་ཏུ་ཀི་སི་ཏན་ནང་གི་ཁ་ཆེ་མི་མང་ཚོའི་མཆོད་ཁང་སྟོང་ཕྲག་ལྷག་དང་སེར་རྟ་བླ་རུང་ཆོས་སྒར་བཅས་གཏོར་བཤིག་གཏོང་བཞིན་ཡོད་པ་གསུངས་འདུག དེ་དེ་བཞིན་བོད་པའི་ནང་པ་དང་ཡུ་གུར་ཁ་ཆེ་བ། ཆོས་ལུགས་ཉམ་ལེན་བྱེད་མཁན་དང་གྲངས་ཉུང་མི་རིགས་རྣམས་ལ་དཀའ་ངལ་དུ་མ་འཕྲད་བཞིན་ཡོད་པ་ཐེར་བཏོན་གནང་སྟེ་སྲིད་འཛིན་ཊམ་མཆོག་གི་འཚམས་གཟིགས་དེའི་བརྒྱུད་ནས་རྒྱ་ནག་ནང་མ་འོངས་པར་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་སྟངས་འཛིན་བྱེད་ཤུགས་ཆུང་དུ་འགྲོ་བར་རེ་འདུན་ཤུགས་ཆེ་བཏོན་འདུག རྩ་བའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་ཉིན་གྲངས་ ༡༢ རིང་ཨེ་ཤ་ཡ་ཁུལ་དུ་ཉི་ཧོང་དང་ལྷོ་ཀོ་རི་ཡ། རྒྱ་ནག ཝི་ཏི་ནམ་བཅས་རྒྱལ་ཁབ་བཞིའི་ནང་དུ་རྒྱལ་དོན་འཚམས་གཟིགས་ཕེབས་ཀྱི་ཡོད་པ་རེད།

ཕ་རན་སི་རྒྱལ་སྤྱིའི་རང་དབང་གོམ་བགྲོད་ནང་བོད་མི་མཉམ་ཞུགས་གནང་འདུག

ཕ་རན་སི་རྒྱལ་ས་པེ་རིས་ནང་རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཐེངས་ ༡༠ ཐོག་བོད་མི་རྣམས་ནས་མཉམ་ཞུགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་འགོ་ཁྲིད་པའི་དམར་ཤོག་ཚོགས་པའི་སྲིད་གཞུང་ལ་ངོ་རྒོལ་གནང་འདུག ཨི་ཊ་ལིར་རྟེན་གཞི་བྱས་པའི་རང་དབང་ཚོགས་པས་གོ་སྒྲིག་འོག་ཕྱི་ལོ་ ༢༠༠༨ ལོ་ནས་འགོ་འཛུགས་ཀྱིས་ལོ་ལྟར་ཡོ་རོབ་རྒྱལ་ཁབ་ France དང། Italy དེ་བཞིན་ Bel gium བཅས་ཀྱི་ནང་བཙན་བྱོལ་བ་རྣམས་ཀྱིས་རང་ཉིད་ཀྱི་སྲིད་གཞུང་གིས་དྲག་གནོན་དང་བཙན་གནོན་སྲིད་བྱུས་ལ་ངོ་རྒོལ་གྱི་རྒྱལ་སྤྱིའི་རང་དབང་གོམ་བགྲོད་གནང་སྲོལ་ཡོད་པ་རེད། འདི་ལོའི་ཡོ་རོབ་ཕ་རན་སི་རྒྱལ་ཁབ་ནང་རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཐེངས་ ༡༠ དེ་དེ་རིང་ཉིན་རྒྱབ་ཡུལ་དེའི་རྒྱལ་ས་ Paris ནང་གནང་གི་འདུག་པ་དང། ཐེངས་དེའི་གོམ་བགྲོད་ལས་འགུལ་ནང་ས་གནས་བོད་མི་དང་། ཝི་ཏི་ནམ། ཁམ་བྷོ་ཌི་ཡ། བྷར་མ། ཤར་ཏུ་ཀིས་ཐན།  དེ་བཞིན་ལྭོས་བཅས་ཁུལ་དེའི་བཙན་བྱོལ་བ་ཚོ་མཉམ་ཞུགས་གནང་འདུག སྐབས་དེར་ལས་འགུལ་བ་ཚོ་ Eiffel Tower ནས་ Statue of liberty བར་གྱི་གོམ་བགྲོད་གནང་པའི་ཁྲོད་ས་གནས་བོད་མི་ཚོས་བོད་ཀྱི་རྒྱལ་དར་འཕྱར་ཞིང། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་ལྷག་དོན་རྒྱ་ནག་ཏུ་འཚོགས་བཞིན་པའི་ཏང་གི་ཚོགས་ཆེན་ཐེངས་ ༡༩ པར་སྐྱོན་བརྗོད་དང་འབྲེལ། ཞི་ཅིང་ཕིང་གི་འདས་པའི་སྲིད་འཛིན་གྱི་དུས་ཡུན་ལོ་ལྔའི་ནང་བོད་ནང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་ཕྱིན་པ་སོགས་འཁོད་པའི་འཕྲེད་དར་དང། ཡིག་ཆ་བཅས་མང་ཚོགས་ལ་འགོད་འགྲེམས་གནང་ཡོད་པ་རེད་འདུག རྩ་བའི་དེ་རིང་གི་ཉིན་མོ་འདིར་ཨི་ཊ་ལི་རྒྱལ་ས་རོམ་ Rome ནང་དང། བྷེལ་འཇམ་གྱི་རྒྱལ་ས་ Brussels བཅས་སུ་བཙན་བྱོལ་བའི་མི་རིགས་ཁག་འདུ་འཛོམས་ཐོག་ལོ་ལྟར་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་རྒྱལ་དར་འཕྱར་ནས་རྒྱལ་སྤྱིའི་རང་དབང་གོམ་བགྲོད་ལས་འགུལ་སྤེལ་གྱི་ཡོད་པ་མ་ཟད ། ས་གནས་སོ་སོའི་ནང་དུ་ཡོད་པའི་བོད་མི་ཚོས་ཀྱང་གོམ་བགྲོད་དེའི་ནང་མཉམ་ཞུགས་གནང་གི་ཡོད་པ་རེད།

ཨ་རིའི་ངོས་ནས་རྒྱ་གར་དང་འབྲེལ་བ་གཏིང་ཟབ་ཏུ་གཏང་རྒྱུ་ཡིན་ཞེས་གསུངས་འདུག

ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Rex Tillerson ལགས་ཀྱིས་དེང་སྐབས་ཨེ་ཤ་ཡའི་ནང་ལ་རྒྱ་ནག་གི་སྟོབས་ཤུགས་སྔར་ལྷག་རྒྱ་སྐྱེད་འགྲོ་བཞིན་པའི་དུས་སྐབས་འདིར་ཨ་རིའི་ངོས་ནས་རྒྱ་གར་དང་ལྷན་དུ་འབྲེལ་བ་སྔར་ལྷག་དམ་ཟབ་གཏང་སྟེ་ལས་དོན་སྤྱིའི་ཐོག་མཉམ་ལས་བྱ་རྒྱུ་ཡིན་ཞེས་གསུངས་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༡༨ ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Rex Tillerson ལགས་ནས་ཁུལ་དེར་རྟེན་གཞི་བྱས་པའི་ CSIS ཞེས་རྒྱལ་སྤྱིའི་ཐབས་བྱུས་སློབ་གཉེར་ལྟེ་གནས་ཁང་དུ་རྒྱལ་སྤྱིའི་ཐབས་བྱུས་ཉམས་ཞིབ་པ་ཁག་ཅིག་ལ་ཨ་རི་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ཁོང་ནས་ད་བར་ཨ་རིའི་ངོས་ནས་རྒྱ་ནག་དང་ལྷན་དུ་དོན་ཕན་ལྡན་པའི་འབྲེལ་བ་ཡོང་ཐབས་བྱས་ཡོད་ཀྱང་། རྒྱ་ནག་གིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཙམ་མ་ཟད་འཛམ་གླིང་གི་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་སྤེལ་ནས་ཨེ་ཤ་ཡའི་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཚོའི་བདག་དབང་ལ་ཐེ་བྱུས་ཀྱིས་མགོ་རྟིང་སློག་ཐབས་དང་། ལྷག་པར་དུ་ཨ་རི་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་རྣམས་ཀྱི་དབར་ལ་མུ་མཐུད་འགལ་རྐྱེན་བཟོ་བཞིན་ཡོད་སྟབས། ཨ་རི་དང་རྒྱ་ནག་གཉིས་དབར་ལ་ཨ་རི་དང་རྒྱ་གར་དབར་འབྲེལ་བ་གནང་པ་ལྟར་ཡོང་གི་མ་རེད་ཅེས་གསུངས་འདུག ལྷག་པར་འདི་ལོ་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་རྣམ་གཉིས་མཇལ་འཕྲད་གནང་སྐབས་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་རྒྱུའི་ཐད་ལ་གྲོས་མོལ་གཏིང་ཟབ་བྱུང་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཨ་རིའི་ངོས་ནས་ད་ཆ་ཨེ་ཤ་ཡའི་ནང་ལ་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པའི་མཚམས་འདིར་རྒྱ་གར་དང་ལྷན་དུ་འབྲེལ་བ་སྔར་ལྷག་ཟབ་ཏུ་གཏང་སྟེ་ལས་དོན་སྤྱི་ཡོངས་ཐོག་མཉམ་ལས་བྱ་རྒྱུ་ཡིན་ཞེས་གསུངས་འདུག ཨ་རི་དང་རྒྱ་གར་གཉིས་ནི་མང་གཙོའི་རྒྱལ་ཁབ་གཅིག་མཚུངས་ཡིན་པ་དང་མ་འོངས་པའི་མདུན་ལམ་ཡང་གཅིག་པ་རེད་ཅེས་གསུངས་པ་དང་འབྲེལ། རྒྱ་གར་དང་ཨ་རིའི་ངོས་ནས་རྒྱལ་ཁབ་གཞན་རྣམས་ལ་རང་ཉིད་སོ་སོའི་བདག་དབང་སྲུང་སྐྱོབ་ཐུབ་རྒྱུར་མཐུན་སྦྱོར་གནང་དགོས་པ་མ་ཟད། རྒྱལ་ཁབ་སོ་སོའི་ཁེ་ཕན་དང་དཔལ་འབྱོར་གནས་བབས་ཡར་རྒྱས་གཏོང་རྒྱུར་འཛུགས་བསྐྲུན་གྱི་ལས་གཞི་སོགས་ལ་ཡང་རྒྱབ་སྐྱོར་གནང་གལ་ཡིན་པ་གསུངས་འདུག གཞི་རྩའི་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Rex Tillerson ལགས་ཀྱི་གསུང་བཤད་དེ་ནི་ཁོང་རྒྱ་གར་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ལ་ཉེ་བའི་དུས་སྐབས་དང་། ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པའི་མཛད་སྒོའི་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་གྱི་ལས་བསྡོམས་སྒྲོག་སྦྱང་གྲུབ་རྗེས་གནང་པ་ཞིག་ཆགས་ཀྱི་ཡོད་པ་དང་། ཁོང་ནས་རྒྱ་ནག་གི་ཚོགས་ཆེན་ཐོག་ཞི་ཅིང་ཕིང་གིས་ད་ཆ་འཛམ་གླིང་ནང་རྒྱ་ནག་གི་སྟོབས་ཤུགས་ཆེན་པོ་ཆགས་ཡོད་པ་མ་ཟད། དམར་ཤོག་གི་ལམ་ལུགས་ཐོག་ནས་བྱུང་བའི་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་དེ་རྒྱལ་སྤྱིའི་ཐོག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་ལ་གདམ་ཀ་གསར་པ་ཞིག་སྤྲོད་ཀྱི་ཡོད་སྐོར་སོགས་ཟུར་ཟ་དང་འབྲེལ། རྒྱ་ནག་གཞུང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཁོང་ཁྲོ་སློང་གཞིའི་བྱ་སྤྱོད་མུ་མཐུད་སྤེལ་བཞིན་པ་དེ་དག་ནི་ཨ་རི་དང་རྒྱ་གར་གྱིས་སྲུང་སྐྱོབ་བྱེད་བཞིན་པའི་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཐད་ཀར་འགལ་བ་ཞིག་ཆགས་ཀྱི་ཡོད་ཅེས་ཞི་ཅིང་ཕིང་གི་གཏམ་བཤད་ལ་སྐྱོན་བརྗོད་གནང་ཡོད་པ་རེད། སྐྱོན་བརྗོད་དེ་དང་འབྲེལ་ཨ་རི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ནས་བསྒྲགས་གཏམ་ཞིག་གི་བརྒྱུད། རྒྱ་ནག་གཞུང་ནས་རྒྱལ་ཁབ་གཞན་གྱི་ཁེ་ཕན་ལ་དོ་ཕོག་བཏང་སྟེ་རང་ཉིད་ཀྱི་ཁེ་ཕན་བསྒྲུབ་ཐབས་བྱས་མེད་པ་དང་། ད་བར་རྒྱ་ནག་གིས་འཛམ་གླིང་གི་ཁྲིམས་ལུགས་ཁག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ཅེས་ལན་འདེབས་བྱས་འདུག གཞི་རྩའི་གཟའ་འཁོར་རྗེས་མའི་ནང་ལ་ཨ་མི་རི་ཀའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Rex Tillerson ལགས་རྒྱ་གར་ནང་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་ཀྱི་ཡོད་པ་མ་ཟད། ཟླ་བ་རྗེས་མའི་ནང་ལ་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་ཉི་ཧོང་དང་ལྷོ་ཀོ་རི་ཡ། དེ་བཞིན་ ཝི་ཏི་ནམ། རྒྱ་ནག་སོགས་ཨ་ཤ་ཡའི་རྒྱལ་ཁབ་མང་དག་ཞིག་གི་ནང་ཆེས་ཐོག་མའི་གཞུང་འབྲེལ་འཚམས་གཟིགས་ཀྱི་ཕེབས་ཀྱི་ཡོད་པ་རེད།

Latest news