Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཚོགས་སྡེ་ ༢༣༠ ཡིས་ལྕམ་སྐུ་ Michelle མཆོག་གཙོ་འཛིན་གྱི་ལས་གནས་ནས་དགོངས་ཞུ་གནང་དགོས་ཞེས་གསུངས་པ།

བོད་མི་དང་ཤིན་ཅང། ཧོང་ཀོང་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོག་ཐུགས་ཁུར་ཡོད་པའི་ཚོགས་སྡེ་ ༢༣༠ ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle མཆོག་གི་ཉེ་ལམ་རྒྱ་ནག་ནང་དུ་འཚམས་གཟིགས་གནང་བར་སྐྱོན་བརྗོད་དང་སྦྲགས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་གསང་ཐབས་བྱས་པར་རྒྱུ་མཚན་དུ་བྱས་ཏེ་ལྕམ་སྐུ་མཆོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ལས་གནས་ནས་དགོངས་ཞུ་གནང་དགོས་པ་དང་། རྒྱལ་ཚོགས་ནས་ཤིན་ཅང་དང་དང་འབྲེལ་བའི་སྙན་ཐོ་མགྱོགས་མྱུར་ཕྱིར་བསྒྲགས་གནང་དགོས་པར་མ་ཟད། རྒྱལ་ཚོགས་ཀྱི་དྲུང་ཆེ་ནས་ཀྱང་ལྕམ་སྐུ་མཆོག་གི་གྲུབ་དོན་སྙན་ཐོ་འདོན་རྒྱུའི་དུས་ཚེས་ལ་ཕར་འགྱངས་བྱ་རྒྱུར་ཆོག་མཆན་ཕུལ་མི་འཐུས་པའི་ཞུ་གཏུག་གནང་འདུགཚོགས་སྡེ་ཁག་གིས་ཉེ་ལམ་ཕྱི་ཟླ་ ༥ པའི་ནང་ཉིན་དྲུག་གི་རིང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle མཆོག་ཤིན་ཅང་གཙོས་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་སྐྱོད་སྐབས་སུ་རྒྱ་ནག་གི་གནོན་ཤུགས་འོག་རྒྱ་ནག་གི་དྲིལ་བསྒྲགས་ལྟ་བུར་གྱུར་བའི་གཟིགས་ཚུལ་སྣ་ཚོགས་བྱུང་བ་དང་། ལོ་ངོ་བཞིའི་རིང་གཙོ་འཛིན་གྱི་ཐུགས་འགན་བཞེས་པའི་ཁྲོད་བོད་ཀྱི་གནད་དོན་གཅིག་ཀྱང་གླེང་མྱོང་མེད་པར་མ་ཟད་སྐོར་སྐྱོད་ཁྲོད་བོད་དུ་ཕྱོགས་སྐྱོད་གནང་རྒྱུའི་འཆར་གཞི་ཙམ་ཡང་གནང་མེད་པ་དེ་ལྟར་ཡང་། དེ་སྔ་འཚམས་གཟིགས་གྲུབ་ རྗེས་གསར་འགོད་ལྷན་ཚོགས་ཐོག་བོད་དོན་གླེང་སློང་ཡོད་ཀྱང་། བོད་ནང་དངོས་སུ་སྐད་ཡིག་དང་བོད་མིའི་ངོ་བོ་སོགས་རྩ་མེད་གཏོང་བཞིན་པའི་གནད་དོན་སོགས་ཀྱི་སྐོར་ལ་གླེང་སློང་གནང་རྒྱུ་ལས་ལྡོག་ནས་རྒྱ་ནག་གིས་ངོས་འཛིན་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་བཀོལ་སྤྱོད་བྱས་ཏེ་རྒྱ་ནག་གཞུང་གི་མངོན་འདོད་བསྒྲུབས་ཡོད་པར་སྐྱོན་བརྗོད་ནན་པོ་གནང་འདུག ལྷག་པར་དུ་ཐེངས་འདིའི་འཚམས་གཟིགས་ཁྲོད་རྒྱ་ནག་གི་འདོད་ཕྱོགས་ཁོ་ནའི་ཐོག་བཀའ་མོལ་གནང་བ་ལས་ཤིན་ཅང་ཡུ་གུར་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་སོགས་ལ་འཐེར་འདོན་གང་ཡང་གནང་མེད་པའི་ཁར་རྒྱ་ནག་གཞུང་གི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་གཏོང་ལུགས་སོགས་རྒྱ་ནག་གི་འདོད་ཕྱོགས་ཁོར་བཀའ་མོལ་གནང་བའི་བྱ་སྤྱོད་དེ་དག་ནི་ལྕམ་སྐུ་མཆོག་གི་འཚམས་གཟིགས་ཁྲོད་རྒྱ་ནག་གི་འགོ་ཁྲིད་དང་ཐུག་རྒྱུ་བྱུང་བ་དེ་གོ་སྐབས་ཆུད་ཟོས་སུ་བཏང་བ་གང་ཞིག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྔར་ལྷག་སྡུག་ཏུ་འགྲོ་ངེས་ཡིན་མ་ཟད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེ་མཐོང་མེད་པ་བཟོ་འཇུག་ཡོད་ཅེས་བཀོད་འདུག ཐེངས་འདིའི་ཞུ་གཏུག་ལས་འགུལ་ཐོག་བོད་མི་དང་ཤིན་ཅང། ཧོང་ཀོང་དང་རྒྱ་རིགས་མང་གཙོ་དོན་གཉེར་བའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ ༢༣༠ ནས་མཉམ་ཞུགས་གནང་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་གཞོན་ནུ་དང་བེུད་ལྷན་ཚོགས་གཙོས་བོད་རང་དབང་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ།  དེ་བཞིན་འཕགས་བོད་མཛའ་འབྲེལ་ཚོགས་པ། བོད་གནས་ལྟ་ཞིབ་ཁང་སོགས་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ ༡༠༧ ལྷག་ནས་མཉམ་ཞུགས་གནང་ཡོད།

དྲུག་བཞི་དོན་རྐྱེན་བྱུང་ནས་ལོ་ངོ་ ༣༣ འཁོར་བར་གདུང་སེམས་མཉམ་བསྐྱེད།

ཁ་ཉིན་ཕྱི་ཟླ ༦ ཚེས ༤ སྟེ། ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོར་མོ་ཆེའི་ཐང་ཆེན་གྱི་དམར་གསོད་དོན་རྐྱེན་བྱུང་ནས་མི་ལོ་ ༣༣ འཁོར་བའི་དུས་དྲན་དང་བསྟུན། བཙན་བྱོལ་བོད་མི་རྣམས་གཙོས་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ཁག་གིས་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་སྤེལ་ཏེ་ཉིན་མོ་དེར་དྲན་གསོ་ཞུས་པ་མ་ཟད་ཨ་རི་གཞུང་གིས་གནམ་སྡེ་སྒོར་མོ་ཆེའི་ལས་འགུལ་བ་རྣམས་ཀྱི་སྙིང་སྟོབས་ནམ་ཡང་བརྗེད་ཀྱི་མ་རེད་ཅེས་གསུངས་པ་དང་འབྲེལ། རྒྱ་ནག་གིས་ལོ་རྒྱུས་ནག་བསུབ་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་ཨ་རིའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་མུ་མཐུད་སྤེལ་རྒྱུ་ཡིན་སྐོར་གསུངས་འདུག རེས་གཟའ་པ་སངས་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གིས་མི་ལོ་ ༣༣ སྔོན་རྒྱ་ནག་ནང་མང་གཙོ་དང་རང་དབང་ཆེད་ངོ་རྒོལ་གནང་མཁན་ཀུན་ལ་གུས་འདུད་དང་ང་ཚོས་དྲུག་བཞི་དོན་རྐྱེན་ནམ་ཡང་བརྗེད་ཀྱི་མ་རེད་ཅེས་གསུངས་པ་དང་འབྲེལ། ཧོང་ཀོང་ནང་མང་གཙོ་དང་རང་དབང་རྩོད་ལེན་གྱི་འཐབ་རྩོད་གཅིག་རྗེས་གཉིས་མཐུད་དུ་བྱུང་ཞིང་། གནམ་སྡེ་སྒོར་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་ལ་རྗེས་དྲན་ཞུས་པའི་ཉིན་མོ་དེ་ཧོང་ཀོང་ནང་བཀག་སྡོམ་བྱས་ཡོད་སྟབས། ང་ཚོས་མུ་མཐུད་རྒྱ་ནག་གཞུང་གིས་ཧོང་ཀོང་དང་ཤིན་ཅང་། བོད་བཅས་སུ་འགྲོ་བ་མའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་གནང་སྟེ་རྒྱ་ནག་གི་བྱ་སྤྱོད་ལ་འགན་འཁྲི་དགོས་པའི་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་འདུག ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཀྱང་དྲ་རྒྱའི་ཐོག་རྒྱ་ནག་ནང་གདོང་ལེན་བྱ་དགོས་པའི་གནད་དོན་ཇེ་མང་དང་ཇེ་ཆེར་འགྲོ་བཞིན་པའི་ཁྲོད་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ནས་བློ་སྟོབས་མ་ཞུམ་པར་མུ་མཐུད་རང་དབང་སླད་འཐབ་རྩོད་གནང་མཁན་ཀུན་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་བཀོད་པ་དང་འབྲེལ། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་ད་ལྟའི་ཆར་ Ukraine མི་མང་གི་རང་དབང་སླད་རྒྱབ་སྐྱོར་ཤུགས་ཆེར་གནང་བཞིན་པ་མངོན་རྒྱུ་ཡོད་པ་ལྟར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་གདུག་རྩུབ་དང་བཙན་གནོན་མྱོང་བཞིན་པའི་བོད་དང་ཡུ་གུར། རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ལ་རྒྱལ་སྤྱིའི་རྒྱལ་ཁབ་ནས་རྒྱབ་སྐྱོར་གནང་དགོས་པར་མ་ཟད། དྲུག་བཞི་དོན་རྐྱེན་གྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་མི་མང་ལ་རྒྱབ་སྐྱོར་གནང་མ་ཐུབ་པ་ནི་རྒྱལ་སྤྱིའི་རྒྱལ་ཁབ་ནས་གོ་མ་ཆོད་པའི་ལས་དོན་ཞིག་ཡིན་སྐོར་གསུངས་འདུག སྤྱིར་བཞུགས་སྒར་དྷརྨ་སཱ་ལཱར་མཚོན་ན། རེས་གཟའ་སྤེན་པའི་ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་མེག་ལོཊ་བཞི་མདོར་གཏམ་བརྗོད་འཁྲབ་སྟོན་བརྒྱུད་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་དང་། ལས་འགུལ་སྐབས་རྩོམ་པ་པོ་དང་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་མཉམ་ཞུགས་གནང་འདུག ཁོང་གིས་རླུང་འཕྲིན་ཁང་གི་བཅར་འདྲིར་དང་ལེན་གྱིས་བཞུགས་སྒར་ཁུལ་དུ་དྲུག་བཞི་དོན་རྐྱེན་གྱི་ལས་འགུལ་ ༢༠༠༣ ལོ་ནས་དབུ་འཛུགས་གནང་ནས་ད་བར་རྒྱུན་མ་ཆད་པར་ལས་འགུལ་སྤེལ་ཡོད་པ་དང་། རྒྱ་རིགས་མང་གཙོ་དོན་གཉེར་བར་བོད་མིས་གདུང་སེམས་མཉམ་བསྐྱེད་ཞུས་པའི་སྒོ་ནས་གྲོགས་འདྲིས་བཟོ་རྒྱུ་དེ་ཡིན་པར་གསུངས་སོང་།ཉི་ཧོང་གི་ཁུལ་དུ་གནམ་སྡེ་སྒོར་མོ་ཆེའི་ལས་འགུལ་ཚོགས་པས་རྒྱ་ནག་གཞུང་ཚབ་ཀྱི་མདུན་ཐང་དུ་ངོ་རྒོལ་དང་དགོང་དྲོ་མར་མེ་ཁྲོམ་སྐོར་སོགས་གནང་བ་སྐབས་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་གདན་ཞུ་གནང་འདུག་པ་དང་། སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་མི་ལོ་ ༣༣ གྱི་གོང་ལ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་རྣམས་ནས་མང་གཙོའི་སླད་འབོད་སྒྲ་སྒྲོག་མཁན་རྣམས་ལ་དྲག་གནོན་བྱས་ནས་བཅོམ་ཐབས་བྱས་པའི་རྒྱ་རིགས་གཞོན་སྐྱེས་ཚོའི་འབོད་སྒྲ་དེ་ད་དུང་ཡང་རྒྱ་ནག་མི་མང་ས་ཡ་མང་པོའི་སེམས་ཁོངས་སུ་གསོན་པོར་གནས་ཡོད་པར་མ་ཟད། རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ཀྱི་སེམས་ཁོངས་སུའང་གསོན་པོར་གནས་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་བཙན་གནོན་སྡུག་སྦྱོང་དང་། ལྷག་པར་དུ་ཆོས་དད་རང་དབང་ལ་དྲག་གནོན་བྱས་པའི་གནད་དོན་གཙོས་ད་བར་བོད་མིས་སྐུ་ལུས་མཆོད་མེར་ཕུལ་དོན་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་ནས་མི་ལོ་ ༣༣ གོང་གནམ་བདེ་སྒོར་མོ་ཆེའི་ཐང་ཆེན་དུ་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་འགན་འཁྱེར་དགོས་པའི་དུས་ལ་བབས་ཡོད་སྐོར་གསུངས་པ་དང་འབྲེལ། ཚོགས་པའི་ཉམས་ཞིབ་པ་ YaqiuWang ལགས་ཀྱིས་ལོ་རྒྱུས་ཐོག་ནས་སྲིད་འཛིན་ཞི་ཅིན་ཕིང་གིས་བཀོད་བྱུས་འོག་དྲག་གནོན་ཇི་ལྟར་བྱས་ཀྱང་། དེས་གནམ་བདེ་སྒོར་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་དེ་མི་མང་གི་སེམས་ཁོངས་ནས་རྩ་བ་ནས་བསུབ་ཐབས་མེད་ཅེས་གསུངས་ཡོད།

 རྒྱ་གཞུང་གིས་མུ་མཐུད་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་མངོན་གསལ།

ཁ་སང་ཕྱི་ཟླ་ ༦ ཚེས་ ༢ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བ་དང་སྦྲགས་ཏེ་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་མུ་མཐུད་རྡོག་རོལ་གཏོང་བཞིན་པར་མངོན་གསལ་གནང་འདུགའདས་ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་རྒྱལ་ཁབ་དང་ས་ཁུལ་ ༢༠༠ ཙམ་གྱི་ཆོས་ལུགས་རང་དབང་གི་གནས་བབས་ལ་ཞིབ་འཇུག་གནང་སྟེ་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་།  ཁ་སང་སྙན་ཐོ་འདོན་སྤེལ་གྱི་གསར་འགོད་གསལ་བསྒྲགས་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་ཕྱི་ལོ་ ༢༠༢༡ ལོའི་སྙན་ཐོ་ནང་རྒྱལ་ཁབ་ཁག་ཅིག་ཏུ་ཆོས་ལུགས་རང་དབང་གི་གནས་སྟངས་ཐད་ཡར་རྒྱས་ཀྱི་རྣམ་པ་ཐོན་ཡོད་ཀྱང་། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ཏུ་སྲིད་གཞུང་ནས་མང་ཚོགས་ཀྱི་གཞི་རྩའི་རང་དབང་ལ་གུས་བརྩི་མེད་པར་མི་མང་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་བྱས་དང་བྱེད་བཞིན་ཡོད་པ་མཐོང་རྒྱུ་ཡོད་སྟབས། ཨ་རི་གཞུང་གིས་འཛམ་གླིང་གི་ཆོས་ལུགས་རང་དབང་གོང་མཐོར་སླད་མུ་མཐུད་རྒྱལ་ཁབ་གཞན་གྱི་གཞུང་དང་ཚོགས་སྡེ་ཁག་དང་ལྷན་ཕྱག་ལས་གནང་རྒྱུ་ཡིན་པར་གསུངས་ཡོད། སྙན་ཐོ་ནང་བོད་ཀྱི་སྡེ་ཚན་ནང་ཆོས་ལུགས་ཀྱི་མི་འབོར་གྲངས་རྩིས་དང་སྲིད་གཞུང་གི་ཆོས་དད་རང་དབང་ཐད་བརྩི་མཐོང་། སྤྱི་ཚོགས་ཀྱི་ཆོས་དད་རང་དབང་ལ་གུས་བཀུར་གྱི་གནས་བབས།  དེ་བཞིན་ཨ་རི་གཞུང་ནས་འཛིན་པའི་སྲིད་བྱུས་བཅས་སྡེ་ཚན་བཞིར་ཆ་བགོས་གནང་འདུག དེའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མང་ཚོགས་ནས་ཆོས་དད་རང་དབང་ཡོངས་སུ་ལོངས་སྤྱོད་བྱ་རྒྱུའི་རང་དབང་ཡོད་ལུགས་འཁོད་ཡོད་ཀྱང་དངོས་ཡོད་ཐོག་རྒྱ་གཞུང་གིས་མང་ཚོགས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་བྱེད་ཀྱི་ཡོད་པ་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གཞན་ཁག་ནས་གྲྭ་བཙུན་གཙོ་བོར་གྱུར་པའི་བོད་མི་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་འབྲེལ་གང་བྱུང་དུ་འཛིན་བཟུང་བཀག་སྐྱིལ་གྱིས་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བར་མ་ཟད།  ཁག་ཅིག་གར་སོང་ཆ་མེད་དུ་བཏང་བའི་ཁོངས་ཆོས་ལུགས་རང་དབང་རྡོག་རོལ་དང་འབྲེལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་འབུར་འདོན་གནང་བ་དང་ཆབས་ཅིག བོད་བརྒྱུད་ནང་བསྟན་དེ་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་མུ་མཐུད་སྤེལ་བཞིན་ཡོད་པ་སོགས་གསལ་འདོན་གནང་འདུག ད་དུང་རྒྱ་གཞུང་གིས་མུ་མཐུད་བོད་པའི་དགོན་པའི་གནང་སྒོར་ཐེ་གཏོགས་བྱས་ཏེ་རྒྱ་གཞུང་གིས་མོས་མཐུན་ཡོད་པའི་དགེ་འདུན་པ་དགོན་པའི་ལྟ་རྟོག་སླད་བསྐོ་གཞག་དང་གྲྭ་བཙུན་རྣམས་ལ་མུ་མཐུད་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་པ་དང་། དེ་བཞིན་བོད་པའི་དགོན་སྡེ་དང་ཆོས་ཕྱོགས་ཀྱི་བསྟི་གནས་ཁག་དེབ་སྐྱེལ་ཐད་སྟངས་འཛིན་བྱེད་བཞིན་སྐོར་མངོན་གསལ་གནང་འདུག གཞན་ཡང་སྙན་ཐོ་དེའི་ནང་།  གྲྭ་བཙུན་གཙོས་བོད་མི་རྣམས་ལ་མགྲོན་ཁང་དང་མོ་ཊ་གླ་རྒྱུ་སོགས་ལ་དཀའ་ངལ་འཕྲད་པ་དང་ལྷག་པར་དུ་ལས་ཀའི་བརྒྱུད་རིམ་ཁྲོད་དབྱེ་འབྱེད་བྱས་དང་བྱེད་མུས་ཡིན་པའི་གནད་དོན་མངོན་གསལ་གནང་འདུག་པར་མ་ཟད་རྒྱ་ནག་གཞུང་གིས་ཧན་ནང་པ་མང་པོ་ཞིག་ནས་བོད་བརྒྱུད་ནང་བསྟན་ཐོག་དོ་སྣང་ཤུགས་ཆེར་གནང་བཞིན་པའི་ཁྲོད་འདིར་ཧན་ནང་པ་ཚོ་བོད་པའི་དགོན་སྡེ་ཁག་ལ་བསྐྱོད་རྒྱུའང་རྒྱ་གཞུང་གིས་སྐབས་རེ་དམ་དྲག་བྱེད་ཀྱི་ཡོད་པར་མངོན་གསལ་གནང་ཡོད།རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Rashad Hussain ལགས་ཀྱིས་ཁ་སང་གསར་འགོད་གསལ་བསྒྲགས་སྐབས་སྲིད་གཞུང་མང་པོ་ཞིག་ནས་དབྱེ་འབྱེད་ཀྱི་སྒྲིག་གཞི་ལག་བསྟར་བྱེད་དེ་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་རྡོག་རོལ་དང་།  དེའི་ཁྲོད་རྒྱ་གཞུང་གིས་མུ་མཐུད་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་དང་བོད་མིའི་རིག་གཞུང་དང་སྐད་ཡིག་གོང་མཐོར་གཏོང་མཁན་གྱི་གང་ཟག ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཉར་ཚགས་གནང་མཁན་སོགས་འཛིན་བཟུང་གིས་མནར་གཅོད་བཏང་བར་འགྲེལ་བརྗོད་ཀྱིས་དེར་སྐྱོན་བརྗོད་གནང་འདུག གཞི་རྩའི་རྒྱ་གཞུང་གིས་བོད་ནང་བོད་མིའི་ཚོའི་ཆོས་ལུགས་རང་དབང་ལ་མུ་མཐུད་རྡོག་རོལ་གཏོང་བཞིན་པའི་གནད་དོན་རིམ་པ་འཐོན་བཞིན་པར་མ་ཟད།  ལྷག་དོན་ཁ་སྔོན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ལས་དོན་ལྷན་ཁང་དང་དཔལ་འབྱོར་ལྷན་ཁང་གཉིས་ཀྱིས་ཆོས་ཕྱོགས་དང་འབྲེལ་བའི་དཔལ་འབྱོར་གྱི་ལས་དོན་ལ་ཚོད་འཛིན་དམ་དྲག་གི་ཁྲིམས་སྒྲིག་ཅིག་ཁ་སྔོན་ཕྱི་ཚེས་ ༡ ནས་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་བསྟུན་བོད་ནང་གི་དགོན་སྡེ་ཁག་ལ་སྔར་ལྷག་དམ་དྲག་གི་དཀའ་ངལ་འཕྲད་ངེས་ཡིན་པར་གསུངས་ཡོད།

བུ་འཁྲིད་དཀར་པོ་ཆེ་ལགས་སླར་ཁེ་ན་ཌའི་ Parkdale-High Park ས་གནས་གྲོས་ཚོགས་ཀྱི་འཐུས་མིར་འདེམས་ཐོན།

ཁེ་ན་ཌའི་ Ontario མངའ་ཁུལ་གྱི་ Parkdale ས་གནས་སུ་གནས་སྡོད་བོད་རིགས་བེུད་བུ་འཁྲིད་དཀར་པོ་ཆེ་ལགས་སླར་ཡང་ས་གནས་དེའི་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེམས་བྱུང་ཡོད་པ་རེད། ཁ་སང་ Toronto Star གསར་ཁང་གིས་གནས་ཚུལ་སྤེལ་བར་བུ་འཁྲིད་ལ་དཀར་པོ་ཆེ་ལགས་སུ་ Parkdale High ས་གནས་གྲོས་ཚོགས་ཀྱི་འོས་བསྡུའི་ཁྲོད་བརྒྱ་ཆ་ ༥༣.༣ འམ་འོས་གྲངས་ ༥༩༦༤ བཅས་ཚད་མཐོའི་ཐོག་ནས་སླར་ཁེ་ན་ཌའི་ Parkdale High ས་གནས་ཀྱི་གྲོས་ཚོགས་འཐུས་མིེར་འདེམས་ཐོན་བྱུང་ཡོད་པ་རེད། བུ་འཁྲིད་དཀར་པོ་ཆེ་ལགས་ནི་ཁེ་ན་ཌའི་ཆབ་སྲིད་པ་ཞིག་ཡིན་པ་དང་། Ontario མངའ་ཁུལ་ཀྱི་ New Democratic ཆབ་སྲིད་ཚོགས་པའི་ཚོགས་མི་ཡིན་པ་རེད། ཁོང་དེ་སྔ་ཕྱི་ལོ་ ༢༠༡༨ ཟླ་ ༧ ནས་བཟུང་ Parkdale ས་གནས་གྲོས་ཚོགས་འཐུས་མིའི་འགན་བཞེས་ཀྱི་ཡོད་པ་དང་། སྐབས་དེར་ཕྱིའི་རྒྱལ་ཁབ་ཁག་དང་ལྷག་པར་དུ་བྱང་ཨ་རི་ནང་དུ་བོད་རིགས་ཤིག་དེ་ལྟ་བུའི་ཆབ་སྲིད་ཀྱི་སྡིངས་ཆ་ཆེ་གྲས་ནང་ཕེབས་པ་ཆེས་ཐོག་མ་ ཆགས་ཀྱི་ཡོད་པ་རེད། ཁོང་གིས་ལོ་ ༡༤ ལྷག་རིང་ས་གནས་མི་མང་གི་འཕྲོད་བསྟེན་དང་ཤེས་ཡོན་གཙོས་གལ་ཆེའི་ལས་དོན་མང་དག་ཅིག་གི་གཙོ་འགན་བཞེས་ཡོད་པ་མ་ཟད་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལམ་སྟོན་ཚོགས་ཆུང་གི་ཚོགས་མི་གཙོས་བོད་རིགས་ཚོགས་པ་མི་ཉུང་བའི་ནང་ཚོགས་མི་སོགས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་པ་རེད། གཞི་རྩའི་ཁེ་ན་ཌའི་ Ontario མངའ་ཁུལ་གྱི་ Parkdale-High Park ས་གནས་ནང་འོས་ཤོག་འཕེན་པར་འོས་ཆོས་ལྡན་པའི་མི་གྲངས་ ༨༥༦༣༠ ཡོད་པ་དང་ཁུལ་དེའི་ནང་ཁ་སང་ཁེ་ན་ཌའི་དགོང་དྲོ་ཆུ་ཚོད་ ༩།༢༨ བར་འོས་བསྡུའི་ས་ཚིགས་ཁྱོན་བསྡོམས་ ༡༢༤ ཡོད་པའི་ནང་ནས་ New Democratic ཆབ་སྲིད་ཚོགས་པའི་འོས་བསྡུའི་ས་ཚིགས་ ༢༥ ནང་རྒྱལ་ཁ་ཐོབ་པའམ་མང་མོས་འོས་ཐོབ་པར་བརྩིས་འདུག

ལྕམ་སྐུ་ Michelle མཆོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ལས་འགནས་ནས་དགོངས་ཞུ་གནང་དགོས།

མི་རིགས་རྩ་གཏོར་ལ་འགོག་རྒོལ་གནང་མཁན་ཤེས་ཡོན་ཅན་དང་རང་དབང་རྩོད་ལེན་པ་ཁག་ཅིག་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་ད་ཐེངས་ཤིན་ཅང་ནང་གི་ལྟ་སྐོར་དེ་བསྐྱར་ཟློས་ཙམ་ལས་དོན་དངོས་ཐོག་རྒྱ་གཞུང་ལ་ཤིན་ཅང་གི་མི་རིགས་རྩ་གཏོར་གཏོང་བཞིན་པར་སྐྱོན་བརྗོད་གནང་མེད་པར་འགྲེལ་བརྗོད་ཀྱིས་ལྕམ་སྐུ་མཆོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ལས་འགན་ནས་རྩ་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་འདུགཨ་རིའི་ནང་གི་ Axios གསར་ལས་ཁང་གི་རྒྱ་ནག་སྡེ་ཚན་གྱི་གསར་འགོད་པ་ལྕམ་ Bethany Allen Ebrahimian ལགས་ཀྱིས་མི་རིགས་རྩ་གཏོར་ལ་འགོག་རྒོལ་གནང་མཁན་གྱི་མཁས་ལྡན་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཁག་ཅིག་གིས་ལྕམ་སྐུ་ Michelle མཆོག་གི་ཐེངས་འདིའི་འཚམས་གཟིགས་ལ་སྐྱོན་བརྗོད་གནང་བའི་གནས་ཚུལ་ཁག་ཕྱོགས་བསྡོམས་ཀྱིས་དཔྱད་བརྗོད་གནང་བའི་ནང་ཁོང་གིས་ད་ལན་ལྕམ་སྐུ་ Michelle མཆོག་གི་འཚམས་གཟིགས་དེས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དེ་རྒྱ་ནག་དང་ནུབ་ཕྱོགས་དབར་བར་གནས་གནང་དགོས་བྱུང་ཡོད་པར་འགྲེལ་བརྗོད་དང་འབྲེལ། གང་ལྟར་རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་ལྷན་ཁང་ལ་ཤུགས་རྐྱེན་ཇེ་མང་སྤྲད་ཡོད་པ་མངོན་གསལ་གནང་བ་མ་ཟད་ཨ་རིའི་Washington DC ནང་རྟེན་གཞི་བྱས་པའི་ Newlines Institute for strategy and Police ཐབས་བྱུས་དང་སྲིད་བྱུས་ཀྱི་གསར་འགྱུར་བསྟི་གནས་ཁང་གི་ངེས་སྟོན་པ་སྐུ་ཞབས་ Azeem Ibrahim ལགས་ཀྱིས་རྒྱ་གཞུང་ནས་ལྕམ་སྐུ་མཆོག་གི་འཚམས་གཟིགས་དེ་རྒྱ་ནག་གི་སྲིད་བྱུས་དང་མཐུན་པའི་ལམ་ལྷོང་ལྡན་པ་ཞིག་ཏུ་ཁ་བསྒྱུར་ཐུབ་པ་དེས་རྒྱལ་ཚོགས་ལ་མིང་ངན་བཟོས་ཡོད་པའི་ཟུར་ཟ་གནང་འདུགདེ་བཞིན་སྐུ་ཞབས་ Azeem ལགས་ཀྱིས་ལྕམ་སྐུ་མཆོག་གི་གཟིགས་དེའི་ཁྲོད་ཤིན་ཅང་གཙོས་རྒྱ་ནག་གི་ས་ཁུལ་ཁག་ཅིག་ཏུ་གཞུང་འབྲེལ་སྐོར་སྐྱོད་གནང་སྟེ་་ཟླ་བ་འདིའི་ཕྱི་ཚེས་ ༢༨ ཉིན་གྱི་གཟིགས་སྐོར་མཇུག་སྒྲིལ་སྐབས་བརྙན་པར་བརྒྱུད་གསར་འགོད་ལྷན་ཚོགས་ཤིག་གནང་བར་ལྕམ་སྐུ་མཆོག་གིས་ཤིན་ཅང་ནང་གི་སྲིད་བྱུས་ཁག་དྲག་སྤྱོད་པར་གདོང་ལེན་གྱི་སྲིད་བྱུས་ཤིག་དང་དེ་བཞིན་གཞི་རྒྱ་ཆེ་བའི་དོ་དམ་བཀག་ཉར་གྱི་མཐུན་རྐྱེན་དག་ལ་ལས་རིགས་དང་ཤེས་ཡོན་སློབ་གསོའི་ལྟེ་གནས་སུ་ལུང་འདྲེན་གནང་བ་མ་ཟད། ཁོང་གིས་ཤིན་ཅང་ནང་མི་རིགས་རྩ་མེད་གཏོར་བཞིན་པའི་ཐད་རྒྱ་གཞུང་ལ་ཡོངས་གྲགས་ཐོག་ནས་སྐྱོན་བརྗོད་གནང་མེད་པ་དང་། ད་དུང་ཡུ་གུར་གཙོས་གྲགས་ཉུང་མི་རིགས་ཐོག་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་དགོས་པའི་རེ་སྐུལ་གནང་རྒྱུ་ལས་ལྡོག་ཏེ་རྒྱ་གཞུང་ལ་རྒྱལ་ཁབ་དེའི་ནང་གི་ཉམ་ཐག་ཉུང་དུ་གཏོང་ཐབས་དང་འཕྲོད་བསྟེན་གནས་བབ་ཡར་རྒྱས་གཏོང་རྒྱུར་གྲུབ་འབྲས་སོན་པར་བསྔགས་བརྗོད་གནང་ཡོད་པ་སོགས་ལུང་འདྲེན་གནང་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་ད་ཐེངས་ཀྱི་འཚམས་གཟིགས་ལ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཡུ་གུར་ལས་འགུལ་བ་རྣམས་ཧ་ལས་ཧོར་འཐོར་ནས་ཁོ་མོའི་བྱ་སྤྱོད་ལ་འཕྲལ་མར་སྐྱོན་བརྗོད་གནང་བཞིན་པའི་ཁྲོད་འདིར། ཤིན་ཅང་གི་བཀག་སྐྱིལ་ཁང་ནང་ཡོད་པའི་ཡུ་གུར་བ་ཞིག་གི་སྤུན་མཆེད་ད་ཆ་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པའི་ཕྱག་ལས་གནང་བཞིན་པ་ལྕམ་སྐུ་ Rayhan Asat ལགས་ཀྱིས་ང་ཚོར་རྒྱབ་སྐྱོར་གྱིས་རྒྱ་ནག་ལ་གདོང་ལེན་བྱ་ཐུབ་མཁན་གྱི་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་གི་འགྲེལ་བརྗོད་ལ་མཐུན་འགྱུར་གནང་ཚེ་དེས་གནོད་གཞིར་འགྲོ་ཉེན་སོགས་ཀྱི་དྲི་བ་གནང་འདུག་པ་དང་དེ་བཞིན་ཨོ་ཊ་ཝ་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ཀྱི་སློབ་དཔོན་སྐུ་ཞབས་ Fredrick John Packer ལགས་ཀྱིས་ད་ཆ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དེ་འགྲོ་བ་མིའི་ཐོབ་ཐང་ཐད་ནས་ལྷོད་གཡེང་ཚབས་ཆེན་ཕྱིན་ཡོད་པ་དང་ལྕམ་སྐུ་མཆོག་གི་སྐོར་སྐྱོད་དེའི་འཇུག་འབྲས་ལ་ཁོང་ད་ལྟའང་ཧ་ལས་ཧོན་འཐོར་ཡོད་པར་མ་ཟད་ད་ཐེངས་ཀྱི་གྱོང་གུད་ཚབས་ཆེན་འདིར་འཛམ་གླིང་སུས་ཀྱང་བློས་བཏང་ཐུབ་ཀྱི་མ་རེད་ཅེས་གསུངས་ཏེ་ཁོང་གིས་གཙོས་པའི་ཁོང་ལ་འཇིགས་རྔམ་ཅན་གྱི་ལམ་ཕྱོགས་འདིར་སྐྱོད་དགོས་པའི་ལམ་སྟོན་གནང་མཁན་འབྲེལ་ཡོད་ཀུན་ལས་གནས་ནས་རྩ་དགོངས་ཞུ་དགོས་པར་ནན་བརྗོད་གནང་འདུགཨ་རི་ནང་གི་ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པས་ལྕམ་སྐུ་ Bachellet མཆོག་ལ་ཁོང་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་རང་ཉིད་ཀྱི་ལས་འགན་དང་རྒྱལ་ཚོགས་ཀྱི་གཞི་རྩའི་ལྟ་གྲུབ་ཁག་ལ་བརྩི་མེད་བཏང་ཡོད་སྟབས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ལས་འགན་ནས་རྩ་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་འདུག

ལྕམ་སྐུ་ Michelle མཆོག་ལ་ཤིན་ཅང་ནང་རྟོག་ཞིབ་ཚད་ལྡན་གནང་མ་འཇུག་པ་དེས་རྒྱ་གཞུང་གི་དངོས་ཡོད་གནས་སྟངས་སྦས་བསྐུངས་ཀྱི་ཐབས་ཤེས་མངོན་གསལ།

དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་ཤིན་ཅང་ནང་རང་དབང་གི་རྟོག་ཞིབ་ཚད་ལྡན་གནང་མ་འཇུག་པ་དེས་ཡུལ་དེའི་དངོས་ཡོད་གནས་སྟངས་སྦས་བསྐུངས་ཀྱི་ཐབས་ཤེས་ཁོ་ན་ཡིན་པར་མངོན་གསལ་གནང་འདུགཁ་ཉིན་དབྱིན་ཡུལ་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གཞུང་འབྲེལ་གྱི་དྲ་གནས་ཐོག་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བར་དབྱིན་ཡུལ་གཙོས་རྒྱལ་སྤྱིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་ཡུན་རིང་འབོད་སྐུལ་ཞུས་མུས་ལ་ལྟོས་མེད་རྒྱ་གཞུང་གིས་ལྕམ་སྐུ་ Michelle bachelet མཆོག་གི་ད་ཐེངས་ཀྱི་འཚམས་གཟིགས་འདིར་དམ་དྲག་གིས་ཤིན་ཅང་ནང་རང་དབང་གི་རྟོག་ཞིབ་ཚད་ལྡན་གནང་མ་འཇུག་པ་དེས་རྒྱ་ནག་ནང་གི་དངོས་ཡོད་གནས་སྟངས་སྦས་བསྐུངས་ཀྱི་ཐབས་ཤེས་ཡིན་པར་སྐྱོན་བརྗོད་གནང་བ་དང་འབྲེལ་ཏེ་དབྱིན་ཡུལ་གཞུང་ནས་མུ་མཐུད་དེ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་མཉམ་ལས་གནང་ཐོག་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་འཕྲལ་དུ་མཚམས་འཇོག་གིས་དྲང་བདེན་མིན་པར་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ཀློད་བགྲོལ་གཏོང་དགོས་པ་དང་། ལྷག་དོན་གཙོ་འཛིན་ Bachelet མཆོག་གི་ངོས་ནས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་སྙན་ཐོ་འདོན་སྤེལ་གནང་རྒྱུ་ཞལ་བཞེས་གནང་བ་དེ་འགོར་འགྱངས་མེད་པར་འདོན་སྤེལ་གནང་སྟེ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཡིན་པར་བསྐྱར་བཤད་གནང་འདུགརྩ་བའི་ལྕམ་སྐུ་ Michelle མཆོག་གི་ཤིན་ཅང་གཙོས་རྒྱ་ནག་ནང་གི་འཚམས་གཟིགས་ཀྱི་མཇུག་འབྲས་ལ་བོད་མིའི་ཚོགས་སྡེ་ཁག་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་ཁག་དང་རྒྱལ་སྤྱིའི་རྒྱལ་ཁབ་མང་དག་ཅིག་གིས་སྐྱོན་བརྗོད་དང་བློ་ཕམ་གྱི་རྣམ་པ་ཆེད་བཏོན་གནང་ཡོད་པ་མ་ཟད་ཨ་རི་གཞུང་གིས་ཀྱང་སེམས་འཚབ་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་གཞུང་ནས་ལྕམ་སྐུ་ཁོང་གི་འཚམས་གཟིགས་ལ་དམ་དྲག་གིས་ཤིན་ཅང་ནང་གི་འགྲོ་བ་མིའི་རིགས་རྩ་མེད་གཏོང་བཞིན་པའི་ཐད་རང་དབང་གི་རྟོག་ཞིབ་ཚད་ལྡན་གནང་རྒྱུར་གཡོ་ཐབས་བྱས་པར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Zhao Lijian ཡིས་ཨ་རིར་སྐྱོན་བརྗོད་ཀྱིས་ལན་འདེབས་དང་སྦྲགས་ཏེ་གཙོ་འཛིན་ Michelle མཆོག་ལ་ད་ཆ་རྒྱལ་ཚོགས་ནས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་རྒྱ་གཞུང་ལ་ཁ་རྡུང་གཏང་རྒྱུའི་ཚབ་ཏུ་ཨ་རི་ནང་གི་མེ་མདའི་དོན་རྐྱེན་ཐད་དོ་སྣང་ཆེ་ཙམ་གནང་སྟེ་རྟོག་ཞིབ་གནང་དགོས་པའི་ཟུར་ཟ་གནང་བ་མ་ཟད། ཨ་རི་གཞུང་དེ་འཇོན་ཐང་མེད་ཁར་དཀའ་ངལ་ཁག་སེལ་རྒྱུར་དོ་སྣང་དང་སྙིང་སྟོབས། དེ་བཞིན་སྐུལ་སློང་མེད་པ་གཅིག་མཚུངས་ཡིན་སྐོར་བཤད་དེ་ཨ་རི་རྒྱལ་ནང་གི་གནད་དོན་དག་གིས་ཕྱིའི་རྒྱལ་ཁབ་ཁག་ལ་སྡང་ཟུག་གི་བློ་དེ་འཕེལ་རྒྱུར་ནུས་ཤུགས་ཆེ་རུ་གཏོང་ཡོད་པའི་སྐྱོན་བརྗོད་བྱས་འདུག

ཡོ་རོབ་ནང་ཁུང་ཙི་སློབ་གླིང་གི་སྟོང་ཆ་སྐོང་བའི་ཐེ་ཝན་གྱི་སློབ་གླིང་གསར་པ་འགོ་འཛུགས།

ཡོ་རོབ་ནང་རྒྱ་ནག་དམར་ཤོག་གཞུང་གི་ཤུགས་རྐྱེན་ཐད་དོགས་ཟོན་ཆེས་ཆེར་འགྲོ་བཞིན་པའི་ཁྲོད་རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་ཚབ་ཏུ་ཐེ་ཝན་གཞུང་གིས་གཉེར་བའི་སློབ་གླིང་བརྒྱུད་རྒྱ་ཡིག་ལ་སློབ་གཉེར་བྱ་རྒྱུའི་འདམ་ག་གསར་པ་ཞིག་སྐྲུན་བཞིན་འདུགAsia Nikkei གསར་ཁང་གིས་གནས་ཚུལ་སྤེལ་བར་ཐེ་ཝན་གཞུང་གིས་ཇར་མ་ནིའི་རྒྱལ་ས་ Berlin ནང་ Taiwan Center for Mandarin Learning ཞེས་རྒྱ་ཡིག་སློབ་གཉེར་བྱ་ས་ཞིག་འགོ་འཛུགས་གནང་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་པ་དང་དེ་ནི་ཇར་མ་ནིའི་གྲོང་ཁྱེར་ Hamburg དང་ Heidelberg རྗེས་སུ་ཡུལ་དེའི་ནང་རྒྱ་ཡིག་སློབ་གཉེར་བྱ་སའི་བསྟི་གནས་དེ་ལྟ་བུ་ཞིག་བསྐྲུན་པ་ཐེངས་གསུམ་དེ་ཆགས་ཀྱི་ཡོད་པ་རེད། སྤྱིར་འཇར་མ་ནིའི་གྲོང་ཁྱེར་ Dusseldorf དང་ Hamburg  དེ་བཞིན་ Ingolstadt སོགས་ཀྱི་ནང་དེ་སྔ་རྒྱ་ནག་གི་ཁུང་ཙི་སློབ་གླིང་ལ་འབྲེལ་བ་ཡོད་པའམ་རྒྱ་ནག་གཞུང་གིས་བཀོད་སྒྲིག་བྱས་པའི་བསླབ་གཞི་ལག་བསྟར་བྱེད་མཁན་གྱི་གཙུག་ལག་སློབ་གྲྭ་དང་ཤེས་ཡོན་སྡེ་ཁག་མང་དག་ཅིག་གིས་རྒྱ་ནག་གི་ཆབ་སྲིད་ལ་སྤྱོད་པའི་གཡོ་སྒྱུ་ལྡན་པའི་ཁུང་ཙི་སློབ་གླིང་དང་འབྲེལ་ལམ་བཅད་པའི་གནད་དོན་རིམ་པར་འབྱུང་བཞིན་ཡོད་པ་རེད། ཐེ་ཝན་གཞུང་གིས་གཉེར་བའི་ Taiwan Center for Mandarin Learning  ཞེས་པའི་བསྟི་གནས་ནང་ཐེ་ཝན་དང་ཡང་ན་ཕྱི་སྡོད་རྒྱ་རིགས་མ་གཏོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། Macao དེ་བཞིན་ཧོང་ཀོང་བཅས་ཀྱི་ཕྱི་སྐྱོད་ལག་འཁྱེར་སྤྱོད་མཁན་གྱི་དགེ་རྒན་རིགས་བཞག་གི་མེད་པ་མ་ཚད་པར་སློབ་ཕྲུག་ཚོ་ལའང་རྒྱ་ནག་སྐམ་སའི་ནང་སྤྱོད་པའི་ Simplified Chinese ཞེས་པའི་རྒྱ་ཡིག་མིན་པར་རྒྱུན་དུ་ཐེ་ཝན་དང་ཧོང་ཀོང་སོགས་ཀྱི་ནང་སྤྱོད་བཞིན་པའི་གནའ་བོའི་རིག་གཞུང་ཀྱི་ཁྱད་ཆོས་ལྡན་པའི་རྒྱ་ཡིག་སློབ་ཁྲིད་བྱ་རྒྱུ་ཡིན་སྐོར་བཀོད་འདུགགཞི་རྩའི་རྒྱ་ནག་གི་ཁུང་ཙི་སློབ་གླིང་ནི་ཐོག་མར་ Hanbanདང་རྗེས་སུ་ CIEF ཞེས་པའི་མཐུན་འགྱུར་འོག་གཙོ་བོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐད་ཀར་སྟངས་འཛིན་འོག་གཉེར་བའི་སྐད་རིགས་བརྗེ་ལེན་བྱ་སའི་སློབ་གླིང་ཞིག་ཡིན་ཞེས་ཟེར་ནས་ ༢༠༡༩ ནས་བཟུང་རྒྱལ་ཁབ་ ༡༦༢ ནང་སློབ་གླིང་ ༥༥༠ ཆེད་འཛུགས་དང་ལྷག་དོན་ཡོ་རོབ་རྒྱལ་ཁབ་ ༤༡ ནང་ཁུང་རྩི་སློབ་གླིང་ ༡༨༧ ཆེད་འཛུགས་བྱས་ཡོད་པ་རེད། འོན་ཏང་རྒྱ་ནག་གཞུང་གིས་སློབ་གླིང་དེ་དག་བརྒྱུད་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཁྱབ་སྤེལ་དང་རྒྱལ་སྤྱིའི་སྟེང་དུ་རྒྱ་ནག་དང་འབྲེལ་བའི་ཚོར་བ་རྣོ་བའི་གནད་དོན་ཁག་ལ་གླེང་སློང་བྱ་རྒྱུར་འགོག་རྐྱེན་བཟོ་ཐབས་བྱས་པ། དེ་བཞིན་རྒྱལ་ཁབ་ཀྱི་གསར་གནས་རྐུ་འཁྱེར་སོགས་ཀྱི་གནད་དོན་རིམ་པ་བྱུང་ཡོད་པ་དང་། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་དགོས་པའི་ཞུ་གཏུག་དང་ངོ་རྒོལ་དུ་མ་གནང་དོན་ལྟར། ཕྱི་ལོ་ ༢༠༡༩ ལོར་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཁག་གིས་ཁུ་རྩི་སློབ་གླིང་དང་འབྲེལ་བ་ཡོངས་སུ་མཚམས་འཇོག་གནང་ཡོད་པར་མ་ཟད། ཡོ་རབ་རྒྱལ་ཁབ་བྷེལ་འཇམ་དང་སུད་ཌེན། ཨོ་སི་ཊོ་ལི་ཡ། སི་པཱེན་ལ་སོགས་པས་རྒྱ་ནག་གིས་སློབ་གླིང་དེ་དང་འབྲེལ་ཐག་བཅད་པའི་གནས་ཚུལ་རབ་དང་རིམ་པ་ཐོན་ཡོད།ཐེ་ཝན་གཞུང་གིས་ཉེ་བའི་ལོ་ཤས་ནས་རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་སྟོང་ཆ་སྐོང་བའི་ཐོག་ཡོ་རོབ་དང་ཨ་རི་ནང་རྒྱ་ཡིག་སློབ་གཉེར་བྱ་ཡུལ་སློབ་གླིང་ ༤༥ ཙམ་སྒོ་འབྱེད་བྱས་ཡོད་པའི་ཁྲོད་ཨ་རི་ཁོ་ནར་སློབ་གླིང་ ༣༥ ཙམ་ཡོད་པ་རེད། OCAC ཞེས་ཐེ་ཝན་གྱི་ཕྱིར་སྡོད་སྤྱི་ཚོགས་ཀྱི་ལས་དོན་ལྷན་ཚོགས་ཀྱིས་འགྲེལ་བརྗོད་གནང་དོན་ལྟར་ན་འཇར་མ་ནིའི་རྒྱལ་ས་ Berlin ཁུལ་དུ་ད་རེས་རྒྱ་ཡིག་སློབ་གཉེར་བྱ་ཡུལ་བསྟི་གནས་ཁང་དབུ་འཛུགས་དང་འབྲེལ་རིམ་པས་ལོ་འདིའི་ནང་ཡོ་རོབ་རྒྱལ་ཁབ་ Spain དང་ Italy དེ་བཞིན་ Croatia ཁུལ་དུའང་འདི་ལྟ་བུའི་རྒྱ་ཡིག་སློབ་གཉེར་བྱ་སའི་བསྟི་གནས་ཁང་བརྒྱད་ཙམ་ཆེད་འཛུགས་གནང་རྒྱུ་མ་ཟད། ཡོ་རོབ་རྒྱལ་ཁབ་ཁྱོན་ལ་རིམ་བཞིན་ཆེད་འཛུགས་ཇེ་མང་གནང་རྒྱུ་ཡིན་པར་གསུངས་འདུག

ལྕམ་སྐུ་ Michelle Bachelet མཆོག་གི་རྒྱ་ནག་ནང་གི་འཚམས་གཟིགས་ལ་སྐྱོན་བརྗོད།

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་རྒྱ་ནག་ནང་གི་གཞུང་འབྲེལ་འཚམས་གཟིགས་མཇུག་སྒྲིལ་དང་སྦྲགས། ཁོང་གིས་ཐེངས་འདིའི་འཚམས་གཟིགས་ཁྲོད་རྒྱ་ནག་གི་དཔོན་རིགས་ཚོར་འཇིགས་སྐུལ་ལ་གདོང་ལེན་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པ་དང་། ལྷག་དོན་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་སྲུང་སྐྱོབ་བྱེད་དགོས་པར་ནན་བཤད་གནང་ཡོད་སྐོར་གསུངས་ཡོད་པ་དེ་ལྟར་ནའང་། བོད་མིས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་དང་། ཕྱི་སྡོད་ཡུ་གུར་མི་རིགས་ཚོས་ལྕམ་སྐུ་མཆོག་གི་ངོས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དངོས་ཡོད་གནས་སྟངས་ལ་འཇིགས་ཞུམ་མེད་པར་དྲང་བདེན་ཐོག་ནས་རྟོག་ཞིབ་གནང་ཐུབ་མེད་པར་སྐྱོན་བརྗོད་གནང་འདུགལྕམ་སྐུ་ Michelle Bachele མཆོག་གིས་ཟླ་ ༥ ཚེས་ ༢༣ ནས་དབུ་འཛུགས་ཀྱིས་ཉིན་གྲངས་དྲུག་རིང་ཤིན་ཅང་གཙོས་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་གནང་སྟེ་ཁ་ཉིན་གཟིགས་སྐོར་མཇུག་སྒྲིལ་སྐབས་བརྙན་པར་བརྒྱུད་གསར་འགོད་ལྷན་ཚོགས་ཤིག་གནང་བའི་ནང་ལྕམ་སྐུ་མཆོག་གིས་ད་ལན་རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ལོ་ངོ་ ༡༧ རྗེས་ཆེས་ཐོག་མ་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་འཇུག་པ་དང་། དེ་བཞིན་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་དུ་རྒྱ་ནག་རྒྱལ་ནང་གཙོས་གོ་ལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཐད་ཀར་གྲོས་བསྡུར་གནང་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འཚམས་གཟིགས་ཁྲོད་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཙོས་ཕྱི་སྲིད་བློན་བློན་ཆེན་ Wang Yi དེ་བཞིན་རྒྱ་ནག་ནང་གི་སྤྱི་དམངས་དང་ཤེས་ཡོན་སྡེ་ཁག ཆོས་ལུགས་ཀྱི་དབུ་ཁྲིད་སོགས་དང་ཐུག་འཕྲད་གནང་སྟེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་འདུན་པ་ཆེད་བཏོན་གནང་བ་དང་། འཚམས་གཟིགས་འདི་ནི་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་དུ་ཞལ་གསང་པོའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་རྒྱུའི་གོ་སྐབས་ཤིག་མ་གཏོགས་རྟོག་ཞིབ་བྱ་རྒྱུའི་སྐོར་སྐྱོད་ཅིག་མིན་སྐོར་གསུངས་འདུགཁ་སང་དྲ་ལམ་གྱི་གསར་འགོད་གསལ་བསྒྲགས་དེའི་ཐོག་ལྕམ་སྐུ་མཆོག་གིས་འཚམས་གཟིགས་ཁྲོད་རྒྱ་ནག་གི་མཐོ་གྲས་དཔོན་རིགས་ཚོར་འཇིགས་སྐུལ་ལ་གདོང་ལེན་གྱི་སྲིད་བྱུས་བསྐྱར་ཞིབ་དགོས་པ་དང་ལྷག་དོན་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག བོད་མིའི་ངོ་བོ་བཅས་སྲུང་སྐྱོབ་གནང་དགོས་པའི་གལ་གནད་དང་བོད་མི་རྣམས་ལ་ཆོས་ལུགས་དང་གྲོས་མོལ་གྱི་ཐག་གཅོད་ཁག་གི་ནང་དུ་མཉམ་ཞུགས་གནང་རྒྱུའི་རང་དབང་ཆ་ཚང་སྤྲོད་དགོས་པའི་སྐོར་གླེང་ཡོད་པ་མ་ཟད་བོད་རང་སྐྱོང་ལྗོངས་ནང་གི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གྲོས་བསྡུར་གནང་སྟེ། བོད་ཕྲུག་རྣམས་སོ་སོའི་སྐད་ཡིག་དང་རིག་གཞུང་བཅས་པ་བོད་མིའི་ཁྱིམ་ཚང་དང་བོད་པའི་ཁོར་ཡུག་ནང་ལ་སློབ་སྦྱོང་གནང་འཇུག་པའི་གལ་གནད་སོགས་ཀྱི་སྐོར་ལ་བཀའ་མོལ་ནན་པོ་གནང་ཡོད་པར་གསུངས་འདུག འོན་ཏང་ཨ་རིར་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལྕམ་སྐུ་ Michelle མཆོག་གི་སྐོར་སྐྱོད་ལ་བློ་ཕམ་གྱི་རྣམ་པ་བསྟན་པ་དང་འབྲེལ། ལྕམ་སྐུ་མཆོག་གིས་བོད་དོན་ཐོག་ཚིག་འབྲུ་གཉིས་རང་བཀོད་པ་དེ་ནི་དང་ལེན་རྩ་བ་ནས་གནང་ཐབས་མེད་པ་ཞིག་དང་། ལྕམ་སྐུ་མཆོག་གིས་ཐེངས་འདིའི་སྐོར་སྐྱོད་ཁྲོད་རྒྱ་ནག་ནང་གི་དངོས་ཡོད་གནས་སྟངས་ལ་དྲང་བདེན་དང་འཇིགས་ཞུམ་མེད་པར་རྟོག་ཞིབ་གནང་ཐུབ་མེད་པ་དེ་ནི་རང་ཉིད་ཀྱི་འོས་འགན་བསྒྲུབ་ཐུབ་མེད་པར་ངོས་འཛིན་ཞུ་གྱི་ཡོད་ཅེས་གསུངས་པ་དང་ཆབས་ཅིག་ཏུ་དེས་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་རྒྱལ་ཁ་སྤྲད་ཡོད་སྐོར་གསུངས་འདུག བོད་མིའི་ཚོགས་སྡེ་ཁག་ཅིག་གིས་ཀྱང་ལྕམ་སྐུ་ Michelle མཆོག་གིས་སྐོར་སྐྱོད་དེའི་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་བྱུས་ངན་སྲིད་བྱུས་དེ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོད་ཁས་ལེན་བྱས་པ་ཞིག་ཡིན་པའི་ཟུར་ཟ་གནང་འདུག་པ་མ་ཟད་ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་གནད་དོན་འདིའི་ཐད་སེམས་འཚབ་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་གཞུང་ནས་ལྕམ་སྐུ་ Bachelet མཆོག་གི་འཚམས་གཟིགས་འདིར་དམ་དྲག་གིས་ཤིན་ཅང་ནང་གི་འགྲོ་བ་མིའི་རིགས་རྩ་གཏོར་གཏོང་བཞིན་པའི་ཐད་རང་དབང་གི་རྟོག་ཞིབ་ཚད་ལྡན་བྱ་རྒྱུར་གཡོ་ཐབས་བྱས་པར་སྐྱོན་བརྗོད་གནང་འདུགཡུ་གུར་བ་ས་ཡ་ལྷག་དོ་དམ་བྱེད་སའི་ས་ཚིགས་ཁག་ཏུ་རང་དབང་ངང་གཟིགས་ཞིབ་དང་། ཡང་ན་ཤིན་ཅང་གི་ཕྱིར་སྐྱོད་མི་ཆོག་པའི་དེ་དག་གི་ནང་མི་དང་ལྷག་དོན་ཤིན་ཅང་གི་ངལ་རྩོལ་ར་བའི་ལས་གཞི་ནང་ཞུགས་མྱོང་ཡོད་པའི་ཡུ་གུར་རང་དབང་རྩོད་ལེན་པ་སོགས་དང་ལྷན་གསང་བའི་མཇལ་མོལ་གནང་མེད་པའི་ཐད་ལ་ཆེས་བློ་ཕམ་བྱུང་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱ་གཞུང་ལ་བོད་མི་གཙོས་ཧོང་ཀོང་དང་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བྱས་པའི་ཐོག་ཤིན་ཅང་ནང་གི་བཙན་གནོན་སྲིད་བྱུས་དེ་ཉིད་འཕྲལ་དུ་མཚམས་འཇོག་གིས་དྲང་བདེན་མིན་པར་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ཀློད་བཀྲོལ་གཏོང་དགོས་པ་དང་། བོད་གཙོས་ཤིན་ཅང་དང་རྒྱ་ནག་ཁྱོན་དུ་འགོག་རྐྱེན་མེད་པར་རང་དབང་གི་རྟོག་ཞིབ་མི་སྣ་ཆེད་གཏོང་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་ Dolkun Isa ལགས་ཀྱིས་ཀྱང་ལྕམ་སྐུ་མཆོག་གི་རྒྱ་ནག་ནང་གི་འཚམས་གཟིགས་དེའི་མཇུག་འབྲས་ལ་བློ་ཕམ་གྱི་རྣམ་པ་ཆེད་བཏོན་གནང་བ་དང་སྦྲགས་ཏེ་ཐེངས་འདིའི་འཚམས་གཟིགས་དེ་རྒྱ་གཞུང་ལ་ད་བར་འགྲོ་བ་མིའི་རིགས་དང་སྒོས་ཡུ་གུར་མི་རིགས་རྩ་གཏོར་གཏོང་བའི་བྱས་ཉེས་དག་ལ་སྦས་བསྐུངས་ཀྱིས་དྲིལ་བསྒྲགས་བྱ་རྒྱུའི་གོ་སྐབས་ཤིག་ཏུ་འགྱུར་བར་ཞེད་སྣང་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག

བོད་དོན་འཐབ་རྩོད་ནུས་པ་ཇེ་ཆེར་གཏོང་རྒྱུའི་རྒྱལ་སྤྱིའི་ལྷན་ཚོགས་བསྐོང་ཚོགས།

ཟླ་བ་འདིའི་ཕྱི་ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་སོ་པེན་གྱི་གྲོང་ཁྱེར་སྦར་སི་ལོ་ན་ནང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག ཡོ་རོབ་དང་ཨེ་ཤ། ཨ་རི། ཨ་ཕི་རི་ཀ་བཅས་འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ ༦༠ ལྷག་ལྷན་འཛོམས་ཐོག་རྒྱལ་སྤྱིའི་ནང་བོད་དོན་འཐབ་རྩོད་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་ཀྱི་གོ་བསྡུར་སྦྱང་བཤད་གནང་འདུགརྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་བོད་དོན་ལས་འགུལ་ནུས་པ་ཚགས་ཚུད་དོན་འཕེལ་ཡོང་ཕྱིར་རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཨེ་ཤ་ཡ་དང་ཡོ་རོབ། ཨ་རི་བཅས་ལ་འཆར་འགོད་ཀྱིས་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྲོལ་ཡོད་པ་དེ་ལྟར་ཡང། འདས་པའི་ལོ་གཉིས་ནང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་ཚོགས་འདུ་བསྐོང་ཚོགས་ཐུབ་མེད་སྟབས། ད་ལན་གྱི་སི་པེན་གྱི་གྲོང་ཁྱེར་སྦར་ལི་ལོ་ན་ནང་རྟེན་གཞི་བྱས་པའི་བོད་ཁང་གི་འགན་འཛིན་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱི་མཐུན་འགྱུར་འོག་ཁུལ་དེའི་བོད་ཁང་དུ་ནད་ཡམས་ཁྱབ་གདལ་རྗེས་སུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐེངས་དང་པོ་ཚོགས་ཐུབ་པ་བྱུང་འདུག ཚོགས་འདུ་ཐོག་རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ ༣༠ ལྷག་གི་ཚོགས་བཅར་བ་ ༦༠ ལྷག་དང་དེ་བཞིན་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་རྣམ་གཉིས་བཅས་ལྷན་ཞུགས་གནང་འདུགརྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོང་ཡུག་ཉམས་ཞིབ་པ་དང་ཐེངས་འདིའི་ཚོགས་འདུའི་གསར་འགོད་འབྲེལ་མཐུད་པ་བློ་བཟང་དབྱངས་འཛོམས་ལགས་ཀྱིས་ཚོགས་འདུ་ཐོག་དེ་སྔ་དང་མི་འདྲ་བར་གཞོན་སྐྱེས་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་ཚོགས་བཅར་གནང་ཐུབ་པ་བྱུང་ཡོད་ཅེས་གསུངས་སོང་།ཚོགས་འདུ་དེའི་ཐོག་བོད་དོན་ལས་འགུལ་ཁང་གི་འདས་པའི་ལས་འགུལ་སྤེལ་ཕྱོགས་ལ་བསྐྱར་ཞིབ་དང་འབྱུང་འགྱུར་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རྒྱལ་སྤྱིའི་སྟེང་ནུས་པ་རྒྱ་ཆེ་རུ་གཏོང་ཕྱོགས་དང་སྒོས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་གཏན་འཇགས་སློབ་གྲྭ་ཆེད་བཙུགས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་ཀྱི་སྲིད་བྱུས་ལ་གདོང་ལེན་བྱེད་ཕྱོགས། དེ་འབྲེལ་རྒྱལ་སྤྱིའི་ནང་གི་གཞུང་སྒེར་ཚོགས་སྡེ་ཁག་ལ་བོད་དོན་ཞུ་གཏུག་དང་ལས་འགུལ་གྱི་ནུས་པ་ཤུགས་ཆེ་རུ་ཇི་ལྟར་གཏོང་རྒྱུ་སོགས་ཐོག་ཆེད་ལས་མི་སྣ་གདན་ཞུས་ཀྱིས་ཟབ་སྦྱོང་དང་ཚོགས་བཅར་བ་ནང་ཁུལ་དབར་གོ་བསྡུར་སྦྱང་བཤད་སོགས་གནང་ཡོད།རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་མཐུད་ཀྱི་ལས་གཞི་སྤེལ་ཏེ་ད་ལྟའི་ཆར་རྒྱལ་ཁབ་མི་འདྲ་བ་ ༢༠༠ ཐམ་པའི་ནང་བོད་དོན་འབྲེལ་མཐུད་ཀྱི་ལས་དོན་སྤེལ་དང་སྤེལ་མུས་ཡིན་པ་རེད།

Latest news