Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རིས་མེད་བཙུན་མ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

༸གོང་ས་མཆོག་གིས་བོད་ཀྱི་ཆོལ་གསུམ་དང་ཆོལ་བརྒྱུད་ཁག་གི་དབར་དམ་ཚིག་འོ་ཆུ་གཅིག་འདྲེས་ལྟར་གནང་དགོས་ཞེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༣ ཚེས་ ༢ དང་བོད་ཟླ་ ༡ ཚེས་ ༡༦ ཉིན་བཅོ་ལྔ་མཆོད་པའི་ཆོས་ཕྱོགས་ཀྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ནས་གསར་དུ་འབྱོར་བ་དང་ཕྱི་ནང་གི་དད་ལྡན་སེར་སྐྱ་སྟོང་ཕྲག་ལྷག་ལ་སྐྱེས་རབས་སོ་བཞི་དང་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཆོལ་གསུམ་དང་ཆོས་བརྒྱུད་ཁག་གི་དབར་སྔར་ལྷག་དམ་ཚིག་འོ་ཆུ་གཅིག་འདྲེས་ལྟར་དགོས་གལ་ཆེན་པོ་ཡིན་པར་ལམ་སྟོན་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞིའི་བཀའ་ཆོས་བསྩལ་གྲུབ་མཚམས་སུ་༸རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཤད་ལུང་བསྩལ་བ་ལས་བོད་གངས་ཅན་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་འདི་ནི་འཛམ་བུ་གླིང་གི་སྤྱི་ནོར་ཞིག་ཆགས་ཡོད་པ་དང་། དེང་གི་དུས་སུ་སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་ཆ་ཚང་བ་དང་དེ་བཞིན་བཀའ་བསྟན་པོ་ཏི་ ༣༠༠ བཅས་ཡོད་པ་དེ་དག་འགྲེལ་བརྗོད་ཕྱིན་ཅི་མ་ལོག་པ་རྒྱག་ཐུབ་མཁན་དེ་བོད་ཡིག་ཁོ་ན་ཆགས་ཡོད་སྐོར་བཀའ་ནན་བསྩལ་ཡོད། ལྷག་པར་དུ་བོད་ཡིག་དེ་ལ་བརྟེན་ནས་ད་ལྟའི་འཆར་བོད་ཆོལ་གསུམ་ཡོངས་རྫོགས་གཅིག་ཏུ་གནས་ཐུབ་པ་བྱུང་ཡོད་པས་བོད་ཆོལ་གསུམ་དང་ཆོས་བརྒྱུད་ཁག་གི་དབར་སྔར་ལྷག་དད་དམ་གཡོ་བ་མེད་པའི་ཐོག་ནས་དམ་ཚིག་འོ་ཆུ་གཅིག་འདྲེས་ལྟར་གནང་དགོས་གལ་ཆེན་པོ་རེད་ཅེས་བཀའ་ནན་མཛད་སོང་། དེ་བཞིན་༸གོང་ས་མཆོག་གིས་དེང་སྐབས་འཛམ་གླིང་ཐོག་ཆོས་ལུགས་ཕན་ཚུན་དབར་ལ་འཁྲུག་འཛིང་དང་གསོད་རེས་ཀྱི་གནས་ཚུལ་འབྱུང་བཞིན་པའི་དུས་སྐབས་འདིར་བོད་ཀྱི་ཆོས་བརྒྱུད་ཁག་གིས་འཛམ་གླིང་ཐོག་གི་མི་རིགས་གཞན་ཚོའི་ངོས་ནས་མིག་ལྟོས་འོས་པ་ཞིག་གནང་དགོས་གནད་ཡིན་པའི་ལམ་སྟོན་རྒྱ་ཆེ་བསྩལ་ཡོད་པ་རེད། བོད་མི་སེར་སྐྱ་མང་ཚོགས་ཚོས་བོད་ཡིག་ཐོག་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་གཉེར་གནང་དགོས་གལ་ཡིན་པ་དང་། ནང་ཆོས་དེས་འཛམ་གླིང་ཐོག་བོད་ཀྱི་སྐད་ཡིག་གི་གཟི་བརྗིད་ཐོན་ཐུབ་པ་ཙམ་མ་ཟད། ལྷག་པར་དུ་འཛམ་གླིང་ཐོག་རང་གཞན་གཉིས་ལ་ཕན་པ་བསྒྲུབ་ཐུབ་པའི་ནུས་པ་ཁྱད་པར་བ་ཞིག་ཡོད་སྟབས་སེམས་འདུལ་ཐབས་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་བཀའ་བསྩལ་ཡོད།

རིས་མེད་བཙུན་མ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བཙུན་མ་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་ ༣ ཚེས་ ༡ ཉིན་སྔ་དྲོ་ཚོུད་ ༨།༣༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་རེད་འདུག དེའང་ཐེངས་འདིའི་བརྟན་བཞུགས་དེ་གཙོ་བོ་ད་བར་༸རྒྱལ་མཆོག་༸སྐུ་འཕྲེང་རིམ་བྱོན་རྣམས་ནས་བོད་ཀྱི་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་བཙུན་མ་རྣམས་ལ་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་པ། ལྷག་པར་དུ་༸རྒྱལ་དབང་༸སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བཙུན་མའི་བསླབ་པ་སློབ་གཉེར་ཐོག་ལམ་བསྟོན་བཀའ་སློབ་དང་མཐུན་འགྱུར་སོགས་གནང་བར་བཀའ་དྲིན་རྗེས་དྲན་མཚོན་ཆེད་དང་། རང་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་ཚེ་རབས་ཐོག་མེད་ནས་བསགས་པའི་ལས་སྨོན་གྱི་རྟེན་འབྲེལ་གོང་འཕེལ། ཁྱད་པར་དུ་མགོན་པོ་༸གང་ཉིད་མཆོག་བསྟན་འགྲོ་ཡོངས་ཀྱི་སླད་དུ་༸སྐུ་ཚེ་མི་འཇིག་རྡོ་རྗེ་ཁམས་སུ་བརྟན་ཅིང་རླབས་ཆེན་གྱི་ཐུགས་བཞེད་མཐའ་དག་ལྷུན་གྱིས་གྲུབ་པ་སོགས་ལ་དམིགས་ཏེ་ཕུལ་བ་ཞིག་ཡིན་པ་རེད་འདུག ཐེངས་འདིའི་བརྟན་བཞུགས་དང་འབྲེལ་དེ་རིང་སྔ་ཐོག་གཙུག་ལག་ཁང་དུ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བརྟན་བཞུགས་ཀྱི་སྒྲུབ་བཤག་ཆོ་ག་དབུ་འཛུགས་གནང་ཡོད་པ་དང་། བོད་ཚེས་ ༡༤ ཉིན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་དང་སྐུ་ཚབ་བཅས་ཆེད་ཕེབས་གནང་གི་ཡོད་པ་དང་།  བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་ནས་མཉམ་ཞུགས་གནང་གི་འདུག ཤེས་རྟོགས་བྱུང་བར་བོད་ཀྱི་ཆོས་བརྒྱུད་རིས་མེད་ཁག་གི་བཙུན་མ་ཐུན་མོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དེ་ནི་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད།

Latest news

- Advertisement -spot_img