Tibetan Royal Year of 2151 | Year of the Wood Dragon

མགོན་པོ་སྐྱིད་ལགས་ཀྱིས་སླར་ཡར་རྡོ་རྗེ་བཀྲིས་ལགས་ལ་དྲང་བདེན་གྱི་ཁྲིམས་བཤེར་དགོས་པའི་ཞུ་འབོད།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཕྱི་ལོ་ ༢༠༠༨ ནས་བཟུང་རྒྱ་ནག་གི་བཙོན་ཁང་ནང་བུ་ལོན་གཡོ་ལེན་གྱི་མ་ཉེས་ཁག་གཡོག་འོག་ཚེ་བཙོན་གྱི་ཁྲིམས་ཆད་མྱོང་བཞིན་པའི་བོད་མི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲིས་ལགས་ཀྱི་སྲིང་མོ་མགོན་པོ་སྐྱིད་ལགས་ནས་སླར་ཡང་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བའི་མདུན་དུ་རྡོ་རྗེ་བཀྲིས་ལགས་ལ་དྲང་བདེན་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་སྤེལ་འདུག

Gonpo Kyi

དེ་ཡང་དེ་རིང་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཚོགས་དྲ་ལམ་ཐོག བོད་ནས་ཕྱི་གྱར་བྱུང་བའི་བརྙན་པར་ཞིག་འདོན་སྤེལ་གནང་བའི་ནང་དུ། ཁ་སང་ཕྱི་ཚེས་ ༤ ཉིན་བོད་མི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲིས་ལགས་ཀྱི་སྲིང་མོ་མགོན་པོ་སྐྱིད་ལགས་ཀྱིས་ལག་ཏུ་ཞུ་འབོད་ཀྱི་ཡི་གེ་བསྣམས་ཏེ་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བའི་མདུན་དུ་ཞི་བའི་ལས་འགུལ་སྤེལ་བཞིན་པ་མངོན་རྒྱུ་འདུག

ཞུ་འབོད་ཀྱི་ཡི་གེ་དེའི་ནང་། རྒྱ་ནག་ཁྲིམས་ཁང་ནས་རྒྱལ་ཁབ་ཀྱི་ཁྲིམས་གཞིར་བཟུང་རྡོ་རྗེ་བཀྲིས་ལགས་ལ་དྲང་བདེན་གྱི་ཁྲིམས་བཤེར་བྱ་དགོས་པ་དེ་ལྟར་ཡང་། ང་ཚོར་ཁྲིམས་བཤེར་བསྐྱར་དུ་བྱ་དགོས་པའི་རེ་བ་འདོན་རྒྱུའི་ནུས་པ་དང་ཐོབ་ཐང་གཉིས་ཀ་མེད་པ་ཡིན་སྟབས། རྡོ་རྗེ་བཀྲིས་ལགས་མུ་མཐུད་བཙོན་ཁང་ནང་ལུས་ཡོད་པ་གསུངས་འདུག

མ་ཟད་ང་ཚོ་ཕྱི་ཕྱོགས་ཡོད་པ་རྣམས་ལ་ཡང་བདེན་པ་དང་དངོས་ཡོད་གནས་ཚུལ་བཤད་རྒྱུའི་ཐོབ་ཐང་མེད་པར་བཙོན་པ་ལྟ་བུའི་ལྟ་ཕྱོགས་འཛིན་བཞིན་པ་དང་། དེའང་ང་ཚོར་ཐོབ་ཐང་མེད་པའི་རྐྱེན་གྱིས་བྱ་སྤྱོད་དེ་དག་མྱོང་བཞིན་ཡོད་པ་གསུངས་འདུག

Gonpo Kyi

རྩ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་དང་འབྲེལ་བ་བཏགས་ནས་བོད་མི་ཚོང་པ་གྲགས་ཆེན་རྡོ་རྗེ་བཀྲིས་ལགས་འཛིན་བཟུང་བྱས་ཀྱང་། ལོ་གཉིས་ཙམ་བཀག་ཉར་བྱས་པའི་རྗེས་སུའང་ཁོང་གི་ཐོག་བཀལ་བའི་ཆབ་སྲིད་ཀྱི་ནག་ཉེས་རྣམས་ཁུངས་སྐྱེལ་མ་ཐུབ་སྟབས། གསང་བའི་ཁྲིམས་ར་ཚོགས་པའི་ཐོག རྡོ་རྗེ་བཀྲིས་ལགས་ལ་བུ་ལོན་གཡོ་ལེན་བྱས་པའི་ཉེས་འཛུགས་གཡོག་སྟེ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ད་ཆ་ལོ་ངོ་བཅུ་ལྷག་འགྲོ་བཞིན་ཡོད་པའི་ཁྲོད། བཙོན་ཁང་ནང་དུ་ཁོང་ལ་མནར་གཅོད་བཏང་བ་སོགས་ཀྱིས་རྐྱེན་པས། ཁོང་གི་གཟུགས་གཞིའི་གནས་སྟངས་ཞན་པོ་ཡོད་ཀྱང་སྨན་བཅོས་ཀྱི་མཐུན་རྐྱེན་མ་སྦྱར་བ་དང་། ནང་མིའི་ལྷན་དུ་ཐུག་འཕྲད་ཀྱི་ཐོབ་ཐང་མེད་པ། མ་ཟད་རང་གི་ཁྲིམས་རྩོད་པའི་ལྷན་དུ་ཐུག་འཕྲད་ཀྱི་གོ་སྐབས་མེད་པ་རེད།

དེའི་ཁྲོད་ཁོང་གི་སྲིང་མོ་མགོན་པོ་སྐྱིད་ལགས་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་གཉིས་ཀྱིས་ལོ་མང་ནས་ཁྲིམས་ཁང་གི་མདུན་དུ་རྡོ་རྗེ་བཀྲིས་ལགས་ལ་མ་ཉེས་ཁ་གཡོག་བྱས་ཡོད་པ་དང་། ཁོང་ལ་དྲང་བདེན་གྱི་ཁྲིམས་བཤེར་དགོས་པ། དེ་བཞིན་བཙོན་ཁང་ནང་དུ་ཁོང་དང་ཐུག་འཕྲད་བྱེད་དུ་བཅུག་དགོས་པ་སོགས་ཀྱི་དགོས་འདུན་དང་སྦྲགས་ནས་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།