Tibetan Royal Year of 2151 | Year of the Wood Dragon

འབྲི་ཆུའི་བཞུར་རྒྱུན་དུ་ཆུ་མཛོད་གསར་རྒྱག་ལ་ངོ་རྒོལ་གནང་མཁན་བོད་མི་ ༡༠༠༠ ལྷག་འཛིན་བཟུང་ཐད་སྐྱོན་བརྗོད།

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

ཟླ་བ་འདིའི་ཕྱི་ཚེས་ ༡༤ ནས་བཟུང་འབྲི་ཆུའི་བཞུར་རྒྱུན་དུ་རྒྱ་གཞུང་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཆེད་ས་གནས་ཀྱི་བོད་མི་གནས་སྤོ་དང་དགོན་སྡེ་ཁག་གཏོར་བཤིག་གཏང་རྒྱུའི་བཙན་བཀའ་བཏང་རྐྱེན་ས་གནས་བོད་མི་སེར་མང་ཚོགས་ནས་ངོ་རྒོལ་དང་ཞུ་འབོད་རིམ་པ་གནང་ཡོད་པ་དང་། ལྷག་པར་འཛིན་བཟུང་བཙན་འཁྲིད་བྱས་པའི་བརྙན་ཐུང་ཁག་ཕྱིར་གྱུར་བྱུང་ཡོད་པའི་ཁྲོད་བོད་མི་ ༡༠༠༠ ལྷག་དེ་འབྲེལ་གནས་ཚུལ་རྐྱེན་པས་འཛིན་བཟུང་བྱས་ཡོད་པར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གཅིག་གིས་ཐུགས་འཚབ་མངོན་གསལ་གནང་འདུག

རྩ་བའི་རྒྱ་གཞུང་གིས་དེ་སྔོན་རྒྱ་ནག་རྒྱལ་ཡོངས་ནང་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་བཅུ་བཞི་བ་སྟེ། ཕྱི་ལོ་ ༢༠༢༡ ནས་ ༢༠༢༥ བར་གྱི་ལས་འཆར་ཁོངས་སུ་བོད་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་འགོ་འཛུགས་བྱས་ཡོད་པ་དང་། དེའི་ཁྲོད་རྨ་བྱ་ཁ་འབབ་དང་ཡར་ཀླུང་གཙང་པོའི་ཆུ་རྒྱུན་སོགས་སུ་ཆུ་མཛོད་ཆེ་གྲས་གསར་བ་ཞིག་རྒྱག་བཞིན་ཡོད་ཅིང་། ལྷག་པར་སྡེ་དགེ་རྫོང་ནང་གློག་ཁང་ཆེ་གྲས་གསར་རྒྱག་གི་ལས་གཞི་སྤེལ་ཆེད་རྫོང་དེའི་ནང་གི་འབྲི་ཆུའི་བཞུར་རྒྱུན་བཀག་པ་དང་། སྐམ་ཐོག་ཆུ་གློག་ཁང་ཟེར་བ་འཛུགས་སྐྲུན་བྱ་རྒྱུ་ལ་ཁ་གཡར་ཏེ། སྡེ་དགེ་རྫོང་ཁུལ་གྱི་དབོན་སྟོད་དགོན་དང་། ཡེ་ན་དགོན། མཁའ་མདོ་དགོན་པ། རབ་བསྟན་དགོན་པ། དགོན་སར་དགོན་པ། བཀྲ་ཤིས་དགོན་བཅས་དགོན་སྡེ་དྲུག་བཙན་གཏོར་དང་། གྲོང་ཚོ་གཉིས་བཙན་སྤོ་བྱ་དགོས་པའི་བཙན་བཀའ་བཏང་ཡོད་སྟབས། འདི་ཚེས་ ༡༤ ཉིན་རྫོང་དེའི་ཁོངས་གཏོགས་བོད་མི་ ༣༠༠ ཙམ་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད། དེ་བཞིན་འདི་ཚེས་ ༢༠ དང་། ༢༡ ༢༢  བཅས་སོ་སོར་ཁུལ་དེའི་བོད་མི་སེར་སྐྱ་མང་ཚོགས་ཀྱིས་རྒྱ་གཞུང་ལ་མུ་མཐུད་རེ་སྐུལ་དང་ངུ་འབོད་སོགས་གནང་ཡོད་པ་དེ་ལྟར་ཡང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་པ་ཕོན་ཆེན་བསླེབས་ཏེ། དགེ་འདུན་པ་དང་མང་ཚོགས་བརྒྱ་ཕྲག་སྡེབས་འཛིན་གྱིས་འདྲི་རྩད་དང་། ཉེས་རྡུང་བཏང་རྐྱེན་སྨན་ཁང་ནང་བསྐྱལ་དགོས་བྱུང་ཡོད་པ། དེ་བཞིན་ས་གནས་མི་མང་གི་འགྲོ་འདུག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུལ་བྱུང་བཞིན་ཡོད་འདུག

འདི་ཚེས་ ༢༣ ཉིན་དེ་འབྲེལ་གནས་ཚུལ་རྐྱེན་པས་བོད་མི་ ༡༠༠༠ ལྷག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཁོང་རྣམས་ས་ཕྱོགས་གང་སར་བཀག་ཉར་བྱས་ཡོད་ཅིང་། བཟའ་ཆས་སོགས་འཁྱེར་དགོས་པའི་བཙན་བཀའང་བཏང་བའི་གནས་ཚུལ་ཐོན་འདུག་པ་མ་ཟད། ཨ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་ལ་གནས་ཚལ་མཁོ་སྤྲོད་གནང་བའི་ནང་དབོན་སྟོད་ཁུལ་དང་ཡེ་ན་དགོན་པའི་མི་ཡིན་ཕྱིན་ཁོང་ཚོའི་སྤུན་མཆེད་རྒྱ་ནག་གཞུང་ཞབས་ལས་བྱེད་ཚོར་ཉེན་བརྡ་དང་། ད་དུང་མ་ཉན་ཚེ་སྒྲིག་གཞི་གཞིར་བཟུང་གླ་ཕོགས་དང་རྒན་ཕོགས་གཅོག་རྒྱུའི་ཉེན་བརྡའང་བཏང་ཡོད་པ་འཁོད་འདུག

གནད་དོན་དེ་དང་འབྲེལ་ཁ་སང་ཕྱི་ཚེས་ ༢༥ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Uzra Zeya ཨ་ཛིི་རཱ་ཛི་ཡཱ་མཆོག་གིས་ X སྤྱི་ཚོགས་དྲ་ལམ་ཐོག་རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞི་དང་འབྲེལ་ནས་ས་གནས་བོད་མི་གནས་སྤོ་དང་དགོན་སྡེ་ཁག་གཏོར་བཤིག་གཏང་དགོས་པའི་གནད་དོན་ཐད་བོད་མི་ངོ་རྒོལ་གནང་མཁན་ཕོན་ཆེན་ཞིག་འཛིན་བཟུང་བྱས་པར་ཐུགས་འཚབ་མངོན་གསལ་དང་འབྲེལ། རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་ལ་ངེས་པར་དུ་གུས་བརྩི་ཞུ་དགོས་པའི་ཐོག བོད་མི་རྣམས་འཕེལ་རྒྱས་གཙོས་པའི་གཙང་ཆུ་དང་ས་ཞིང་བདག་ཉར་བཅས་ཀྱི་སྲིད་བྱུས་ལག་བསྟར་ནང་ངེས་པར་དུ་ཚུད་དགོས་པ་ནན་བརྗོད་གནང་འདུག

ད་དུང་ལོ་རྒྱུས་ལྡན་པའི་དགོན་སྡེ་དེ་དག་ནི་དུས་རབས་མང་པོའི་རིང་བོད་བརྒྱུད་ནང་བསྟན་གྱི་དགེན་འདུན་པ་བརྒྱ་ཕྲག་མང་པོའི་བཞུགས་གནས་ཡིན་ཞིང་། ལྷག་པར་དགོན་སྡེ་དེ་དག་གི་ནང་བོད་ཀྱི་རྩ་ཆེའི་རིག་གནས་བཞུགས་ཡོད་སྟབས། དེ་ལ་ཚབ་འཐུས་གཞན་ཞིག་མེད་ཅེས་ནན་བརྗོད་ཀྱིས་ཨ་རིས་བོད་མིའི་ཐུན་མིན་གྱི་ལེགས་བྱང་དང་། ཆོས། སྐད་རིགས་བཅས་ཀྱི་ངོ་བོ་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག

ཕྱོགས་མཚུངས་ཁ་སྔོན་ཕྱི་ཚེས་ ༢༤ ཉིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པའི་ཐོག་དེ་འབྲེལ་བསྒྲགས་གཏམ་སྤེལ་ཡོད་པ་དེའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་གཞུང་གིས་ཁམས་སྡེ་དགེ་ཁུལ་དུ་བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ངོ་རྒོལ་ལ་དམ་བསྒྲགས་བྱས་པ་དེ་ནི་སྐྱོན་བརྗོད་ཀྱི་ཚད་ལས་བརྒལ་བ་ཞིག་ཡིན་པ་དང་། རྒྱ་ནག་དཔོན་རིགས་རྣམས་ཀྱིས་བོད་མིའི་ཐོབ་ཐང་ལ་བརྩི་འཇོག་མི་བྱེད་པ་དེ་ནི་ཁས་ལེན་ཐུབ་ཐབས་བྲལ་བ་ཞིག་ཡིན་པ་མ་ཟད། དེ་ལྟ་བུའི་ཁྲིམས་ཆད་འཕོག་ངེས་ཀྱི་བྱ་སྤྱོད་དེས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལས་ཁོང་ཚོའི་ལྟ་བ་དང་འདོད་པ་གལ་གནད་ཆེ་བ་འཛིན་གྱི་ཡོད་པ་མཚོན་ཐུབ་ཅེས་སྐྱོན་བརྗོད་གནང་འདུག

ལྷག་པར་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་ངོས་ནས་བོད་མིའི་མངོན་འདོད་དང་ཐོབ་ཐང་ལ་གུས་བརྩི་ཐོག་དེ་འབྲེལ་འཛིན་བཟུང་བཀའ་ཉར་འོག་ཡོད་པའི་བོད་མི་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཀྱང་བོད་མིའི་དཀའ་སྡུག་འབོད་སྒྲར་ངེས་པར་དུ་གསན་འཇོག་གནང་དགོས་པ་མ་ཟད། རྒྱ་གཞུང་གིས་བོད་ནང་ཁྲིམས་འགལ་གྱི་བྱ་སྤྱོད་དེར་ཁ་གཏད་དམ་གདོང་ལེན་ནན་པོ་བྱ་དགོས་པའི་འབོད་སྐུལ་གནང་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཐོག་གི་འགན་འཛིན་ཟུར་པ་ Sophie Richardson ལགས་ཀྱིས་ཀྱང་དེ་འབྲེལ་གནད་དོན་ཐད་རྒྱ་གཞུང་དཔོན་རིགས་ཚོར་ངེས་པར་དུ་འགན་ཁུར་ཐུབ་པ་ཞིག་བཟོ་དགོས་ཞེས་སྐྱོན་བརྗོད་ནན་པོ་གནང་འདུག་ཅིང་། ལྷག་པར་ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཀྱང་བོད་མི་འཇུ་བཟུང་བྱས་པའི་གནད་དོན་ཐོག་ཐུགས་འཚབ་ཆེན་པོ་ཡོད་པ་མངོན་གསལ་དང་འབྲེལ། ཁོང་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་དང་དེ་འབྲེལ་གནད་སྟངས་ཐད་ལྟ་ཞིབ་ནན་པོ་བྱེད་བཞིན་ཡོད་ཅེས་གསུངས་འདུག

གཞི་རྩའི་དགོན་པ་དེ་དག་ཡུན་རིང་ལོ་རྒྱུས་ལྡན་པ་ཞིག་ཡིན་མོད། ཁྱད་པར་དབོན་སྟོད་དགོན་ལྟ་བུ་ཆ་མཚོན་ན་སྡེ་དགེ་རྫོང་དབོན་པོ་སྟོད་ཤང་ཕྱུག་ཐང་སྒང་གྲོང་པ་རུ་ཆགས་ཡོད་པ་དང་།  རྫོང་དང་བར་ཐག་སྤྱི་ལེ་ ༧༣ ཡོད་པའི་འབྲི་ཆུའི་འགྲམ་ངོགས་སུ་ཆགས་ཡོད་པ་རེད།  དགོན་པ་དེ་ནི་ས་སྐྱའི་ཆོས་ལུགས་གྲུབ་མཐའ་རུ་གཏོགས་ཤིང་།  ཕྱི་ལོ་ ༡༩༨༣ ལོར་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་ཆོས་སྒོ་ཕྱེས་ཡོད་པ་རེད་འདུག དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་བསྒྲིགས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་གྱི་དགོན་པའི་ལོ་རྒྱུས་སུ་བཀོད་པ་ལྟར་ན།  དབོན་སྟོད་དགོན་པ་ནི་བོན་པོའི་དགོན་པ་ཞིག་ཡིན་འདུག་ལ་རྗེས་སུ་རྙིང་མའི་གྲུབ་མཐའ་རུ་བསྒྱུར་ནས་མཚན་ལ་ལྷ་ཁང་མདའ་བསྣུན་མ་ཞེས་གསོལ་འདུག ཕྱི་ལོ་ ༡༢༧༦ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ནས་ཕྱིར་ས་སྐྱ་དགོན་དུ་ཕེབས་སྐབས་ས་སྐྱའི་གྲུབ་མཐར་བསྒྱུར་བ་མ་ཟད།  སྡེ་དགེ་རྒྱལ་པོ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱི་རྒྱབ་སྐྱོར་འོག་ཏུ་དགོན་པའི་འདུ་ཁང་སོགས་རྟེན་དང་བརྟེན་པ་བཅས་བཞེངས་བསྐྲུན་གནང་ཤིང་།  རིག་གནས་གསར་བརྗེ་སྐབས་ཕལ་ཆེར་ཉམ་ཆག་མ་ཐེབས་པར་ལྷག་ལུས་བྱུང་ཡོད་པ་བཀོད་འདུག ལྷག་པར་དགོན་པ་དེའི་ནང་ཆེས་རྙིང་པའི་གནའ་རབས་ཀྱི་དཔལ་ལྡན་ལྷ་མོའི་ལྷ་ཁང་དང་།  ལྷ་ཁང་དུ་སངས་རྒྱས་ཤཱཀྱ་ཐུབ་པ་དང་མགོན་པོ་འོད་དཔག་མེད།  རྒྱལ་བ་རིགས་ལྔ་དང་རྡོ་རྗེ་འཆང་།  སྒྲོལ་ལྗང་། གནས་བརྟན་བཅུ་དྲུག  ཀུན་རིག་རྩ་ལྷ་སོགས་ལྡེབས་རིས་ཁག་བཅུ་ཙམ་བཞུགས་ལ།  ལྡེབས་རིས་ཀྱི་ནང་དོན་རྒྱ་ཆེ་བ་དང་།  སྒྱུ་རྩལ་གྱི་ཁྱད་ཆོས་ཆེན་མོ་ལྡན་པར་ལྡེབས་རིས་དེ་དག་དུས་རབས་ ༡༤ ནས་ ༡༥ བར་བཞེངས་བར་གྲགས་ལ། རི་མོ་སྒྱུ་རྩལ་ལ་ཞིབ་འཇུག་ཆེད་རིན་ཐང་གལ་ཆེན་ལྡན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།