Tibetan Royal Year of 2151 | Year of the Wood Dragon

ཨོ་སི་ཊོ་ལི་ཡས་རྒྱ་ནག་གི་ཉེན་བརྡར་ལྟོས་མེད་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་གླེང་ངེས་ཡིན་ཞེས་གསུངས་འདུག

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

རྒྱ་ནག་གི་ངོས་ནས་ལོ་དགུའི་རྗེས་ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སླར་གསོ་བྱ་རྒྱུའི་རྣམ་པ་ཆེད་བཏོན་བྱས་ཡོད་ཀྱང་། དེ་ལྟ་བུའི་གྲོས་མོལ་དེ་ཡོང་བར་ཐོག་མར་ཨོ་སི་ཊོ་ལི་ཡའི་ངོས་ནས་རྒྱ་ནག་ལ་མིང་རྗེས་ངན་པ་བཟོ་རྒྱུ་མེད་པ་སོགས་ཀྱི་ཆ་རྐྱེན་ཁག་གཅིག་བཏོན་ཡོད་སྟབས། ཨོ་སི་ཊོ་ལི་ཡའི་གཞུང་གིས་ཉེན་བརྡ་དེར་ལྟོས་མེད་རྒྱ་ནག་དང་ལྷན་དུ་བློ་འཚབ་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གཙོ་བོར་གདེང་འཇོག་གནང་སྟེ་མུ་མཐུད་གླེང་སློང་གནང་རྒྱུ་ཡིན་པར་གསུངས་འདུགཨོ་སི་ཊོ་ལི་ཡ་དང་རྒྱ་ནག་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གྲོས་མོལ་ཐེངས་དང་པོ་དེ་ཕྱི་ལོ་ ༡༩༩༧ ལོར་གནང་ཡོད་པ་དང་དེ་རྗེས་ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གྲོས་མོལ་མཐའ་མ་དེ་གནང་ཡོད།

འདི་ལོའི་ཟླ་ ༡ ཚེས་ ༣༠ ཉིན་ The Guardian གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་དབར་གྱི་ཕྱི་འབྲེལ་ཐབས་བྱུས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁྲོད་འདིར་ཉེ་ལམ་རྒྱ་ནག་གཞུང་གིས་ལོ་ངོ་དགུའི་རྗེས་སུ་ཨོ་སི་ཊོ་ལི་ཡར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གྲོས་མོལ་བྱ་རྒྱུའི་བརྡ་ལེན་སྤྲད་ཡོད་པ་དེ་ལྟར་ཡང་། ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པ་ Xiao Qian གིས་ཨོ་སི་ཊོ་ལི་ཡའི་ངོས་ནས་ཐོག་མར་རྒྱ་ནག་ཐོག་འཛིན་པའི་བཞེངས་ཕྱོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་དགོས་པ་དང་། སྤྱིར་རྒྱ་ནག་གིས་ཕྱོགས་གཉིས་ཀར་དགེ་མཚན་ཡོད་པའི་བསམ་ཚུལ་སོགས་ལ་དགའ་བསུ་ཡོད་ཀྱང་། སྨྲ་བརྗོད་རང་དབང་སོགས་ཀྱི་གནད་དོན་གླེང་སློང་བརྒྱུད་ནས་རྒྱ་ནག་ལ་མིང་རྗེས་ངན་པ་བཟོ་རྒྱུ་དང་ཡང་ན་རྒྱ་ནག་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་ལ་སྣང་ཆུང་གཏང་ན་དེ་ནི་འགྲིག་ཐབས་མེད་པ་ཞིག་རེད་ཅེས་བཤད་ཡོད་པ་རེད། ད་དུང་ཁོ་པས་སྔ་ལོའི་ཕྱི་ཟླ་ ༨ པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་འདོན་སྤེལ་གནང་བའི་ཤིན་ཅང་གི་སྙན་ཐོ་དེ་ནི་ཆབ་སྲིད་གཡོ་བྱུས་ཤིག་ཡིན་པ་བཤད་འདུག

གནད་དོན་དེ་དང་འབྲེལ་ནས་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨོ་སི་ཊོ་ལི་ཡ་གཞུང་གིས་ད་བར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གནང་མུས་ཡིན་པ་མ་ཟད། མ་འོངས་པར་རྒྱ་ནག་དང་ལྷན་དུ་གནད་དོན་དེ་གལ་ཆེ་ཤོས་ལ་ངོས་འཛིན་གྱིས་ཐད་ཀར་གླེང་སློང་གནང་རྒྱུ་ཡིན་པར་གསུངས་འདུགཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་ Penny Wong མཆོག་གིས་ཀྱང་ཤིན་ཅང་གི་སྙན་ཐོ་དེ་ནི་ཧ་ཅང་སེམས་སྡུག་གི་གནད་དོན་ཞིག་ཡིན་པ་དང་འབྲེལ། ཟླ་བ་སྔོན་མར་ཁོང་ཡུ་གུར་ཚོགས་པའི་ཚོགས་མི་རྣམས་དང་ཐུག་འཕྲད་གནང་ཡོད་པ་དང་། ཁོང་གིས་ང་ཚོའི་རིན་ཐང་དང་མངོན་འདོད་མཐུན་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཐབས་བྱུས་བཀོལ་སྤྱོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་ལྕམ་ Elaine Pearson ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་རྒྱ་ནག་གཞུང་ཚབ་ཀྱིས་ཆ་རྐྱེན་བཞག་པ་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལས་གཡོ་ཐབས་ཀྱི་ཐབས་བྱུས་ཤིག་ཡིན་པ་དང་འབྲེལ། ཤིན་ཅང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐོག་རྒྱ་ནག་ལ་འགན་ལེན་ཡོད་པ་ཞིག་ངེས་པར་དུ་བཟོ་དགོས་ཞེས་གསུངས་འདུག

ཨོ་སི་ཊོ་ལི་ཡར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་སྤྱི་ཟུར་སྐྱིད་འཛོམས་གདོང་འདུས་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་དེ་ནི་ཆ་རྐྱེན་གང་ཡང་མེད་པར་གནང་དགོས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བ་མ་ཟད། རྒྱ་ནག་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སླར་གསོ་ཡོང་བར་ཐོག་མར་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་བཞིན་བཟོ་དགོས་སྐོར་བཤད་པ་དེ་ནི་དོན་ངོ་མར་བོད་དང་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བསྐྱུར་ཆེད་ཡིན་པ་དང་ཆབས་ཅིག བོད་མི་དང་ཡུ་གུར་བ་རྣམས་ཀྱིས་ཕྱོགས་གཉིས་ཀྱི་གྲོས་མོལ་དེ་མིང་ཙམ་མིན་པར་དངོས་དོན་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡར་རྒྱས་གོང་འཕེལ་ལ་སྨན་པ་ཞིག་དགོས་སྐོར་སོགས་གསུངས་འདུག

 

 

འབྲེལ་ཡོད་གསར་གནས།

གསར་གནས།