Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་ཤྲི་ལངྐར་གནོན་ཤུགས་སྤྲད་པ་དེས་རང་ཉིད་ལ་གདེང་ཚོད་མེད་པ་མངོན་གསལ།

འདས་ལོའི་ཕྱི་ཟླ་ ༡༢ ནང་ཤྲི་ལངྐའི་ནང་པའི་གནད་ཡོད་དབུ་ཁྲིད་ཁག་གཅིག་གིས་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་པ་དང་བསྟུན་མགོན་པོ་༸གང་ཉིད་མཆོག་ཤྲི་ལངྐར་ཆིབས་བསྒྱུར་བཀྲིན་མཛད་གནང་ཡོང་བའི་གདན་ཞུའི་གསོལ་འདེབས་ཞུས་པའི་གནས་ཚུལ་ཐོན་མ་ཐག་རྒྱ་གཞུང་གིས་ཤྲི་ལངྐའི་ནང་པའི་དབུ་ཁྲིད་ཚོར་ཕྱོགས་ཡོངས་ནས་གནོན་ཤུགས་ཆེས་ཆེར་སྤྲོད་བཞིན་པར་གཞིགས་ཚེ་༸གོང་ས་མཆོག་གི་གནད་དོན་ལ་ཐུག་སྐབས་རྒྱ་ནག་གཞུང་ལ་གདེང་ཚོད་རྩ་བ་ནས་མེད་པ་དང་རང་གི་ཁེ་ཕན་སླད་རྒྱལ་ཁབ་ཆུང་གྲས་ལའང་བཙན་ཤེད་ཇི་ཙམ་བྱེད་ཀྱི་ཡོད་པ་གསལ་པོ་ཆགས་ཀྱི་ཡོད་པ་གསུངས་འདུག

དེ་རིང་རྒྱལ་སྤྱིའི་ The Diplomat གསར་ཁང་གི་ལྷོ་ཨེ་ཤ་ཡའི་རྩོམ་སྒྲིག་པ་ལྕམ་སྐུ་ Sudha Ramachandran ལགས་ཀྱིས་དཔྱད་རྩོམ་ཞིག་སྤེལ་བར་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༩ ནས་ ༣༡ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཆོས་སྩལ་སྐབས་ཤྲི་ལངྐའི་ནང་པའི་དབུ་ཁྲིད་ཁག་གཅིག་ནས་མགོན་པོ་༸གང་ཉིད་མཆོག་ལ་མཇལ་བཅར་ཞུས་པ་དང་བསྟུན་མགོན་པོ་༸གང་ཉིད་མཆོག་རྒྱལ་ཁབ་དེའི་ནང་ཆིབས་བསྒྱུར་བཀའ་དྲིན་མཛད་གནང་ཡོང་བའི་གདན་ཞུའི་གསོལ་འདེབས་ཞུས་པར་བརྟེན་ཉེ་ལམ་ཤྲི་ལངྐར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པ་ Hu Wei ཟེར་བས་ཆེས་སེམས་འཚབ་དང་བཅས་གྲོང་ཁྱེར་ Colombo ནས་དབུས་གྲོང་ཁྱེར་ Kandy ལ་ཆེད་བསྐྱོད་ཀྱིས་ནང་པའི་དབུ་བླ་མཐོ་ཤོས་ Thibbatuwawe Sri Siddhartha Sumangala Thero ལགས་དང་ཐད་ཀར་ཐུག་འཕྲད་བརྒྱུད་ནས་༸གོང་ས་མཆོག་ནི་རབ་བྱུང་དཀྱུས་མ་ཞིག་མ་ཡིན་པར་ཁ་བྲལ་རིང་ལུགས་པ་དང་བོད་རང་བཙན་ཁྱབ་བསྒྲགས་མཛད་མཁན་ཞིག་ཡིན་ཚུལ་གྱི་སྐྱོན་བརྗོད་ཞུས་པ་དང་འབྲེལ་ཤྲི་ལངྐ་གཞུང་གི་ངོས་ནས་༸གོང་ས་མཆོག་ཡུལ་དེར་གདན་ཞུ་གསོལ་འདེབས་ཕུལ་རྒྱུ་མེད་པ་མ་ཟད། རྒྱ་ནག་དང་ཤྲི་ལངྐའི་ལོ་རྒྱུས་ཀྱི་འབྲེལ་ལམ་སྲུང་སྐྱོབ་ལས་འགོག་རྐྱེན་དུ་མི་འགྲོ་བ་བྱེད་དགོས་པའི་འཇིགས་སྐུལ་བྱས་ཡོད་སྐོར་བཀོད་འདུག

དེ་བཞིན་རྒྱ་གཞུང་གིས་གལ་སྲིད་ཤྲི་ལངྐ་གཞུང་གིས་༸གོང་ས་ཆེ་མཆོག་རྒྱལ་ཁབ་དེའི་ནང་གདན་འདྲེན་ཞུ་རྒྱུ་ཕྱིར་འཐེན་མ་བྱས་ཚེ་ཤྲི་ལངྐའི་གཞུང་ལ་བུ་ལོན་གྱི་ཐོག་ནས་གནོད་ཤུགས་སྤྲོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་བར་མངོན་གནང་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་འཛམ་གླིང་གི་ས་ཕྱོགས་གང་དུ་ཆིབས་བསྒྱུར་མཛད་ཀྱང་རྒྱ་གཞུང་གིས་དེར་དགག་བྱ་བྱེད་ཀྱི་ཡོད་པ་དང་ལྷག་པར་རྒྱ་གར་ལྟ་བུ་མཚོན་ན། ༸གོང་ས་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་མཛད་སྐབས་རྒྱ་གཞུང་གིས་ངོ་རྒོལ་བསྒྲགས་གཏམ་སྤེལ་བ་མ་ཟད། ཕྱི་ལོ་ ༢༠༡༦ ལོར་༸གོང་ས་མཆོག་ནང་པའི་རྒྱལ་ཁབ་སོག་པོར་ཆིབས་བསྒྱུར་མཛད་རྗེས་རྒྱ་གཞུང་གིས་ཚོང་འབྲེལ་གྱི་ཐོག་ནས་སོག་པོའི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད་སྐོར་བཀོད་འདུག

ཤྲི་ལངྐ་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་གནད་དོན་དེའི་ཐོག་གསར་འགོད་བསྒྲགས་ཤིག་སྤེལ་བའི་ནང་རྒྱ་ནག་གཞུང་གིས་ད་བར་ཤྲི་ལངྐར་རྒྱབ་སྐྱོར་མུ་མཐུད་བྱས་པའི་ཁྲོད་འདས་པའི་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་སྐབས་དང་། ད་ལྟའི་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཐོག་རོགས་སྐྱོར་བྱེད་མུས་ཡིན་པ་ལུང་འདྲེན་གྱིས་༸གོང་ས་མཆོག་ཤྲི་ལངྐར་གདན་འདྲེན་ཞུ་རྒྱུ་མཚམས་འཇོག་དགོས་པའི་བཙན་སྐུལ་བྱས་ཡོད་ཅེས་གསུངས་ཡོད།

རྩ་བའི་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་ཤྲི་ལངྐ་ནང་རྒྱ་ནག་གི་མཐུན་ཕྱོགས་སྲིད་དོན་ཚོགས་པར་འོས་བསྡུའི་ཁྲོད་ཕམ་ཉེས་བྱུང་བའི་ཟླ་ཤས་རྗེས་རྒྱལ་ཁབ་དེའི་ནང་པའི་དབུ་ཁྲིད་ཁག་གཅིག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸གོང་ས་མཆོག་གི་མཇལ་ཁ་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་ཤྲི་ལངྐ་ནང་ཆིབས་བསྒྱུར་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་རྗེས་ལོ་དེར་རྒྱ་གཞུང་གིས་ཤྲི་ལངྐའི་ནང་སྲིད་ལ་ཐེ་བྱུས་བྱས་པ་མ་ཚད་པར་ཤྲི་ལངྐའི་ཕྱི་སྲིད་ལྷན་ཁང་གིས་༸གོང་ས་མཆོག་ནི་མི་སྣ་གནད་ཆེ་ཞིག་ཡིན་ཀྱང་ཤྲི་ལངྐ་དང་རྒྱ་ནག་གི་འབྲེལ་ལམ་དེ་བས་ཀྱང་གལ་ཆེ་བ་ཆགས་ཡོད་སྟབས། ནང་པའི་རྗེས་འབྲང་པ་ཚོས་མགོན་པོ་༸གང་ཉིད་མཆོག་གདན་ཞུ་ཕུལ་ཆོག་ཀྱང་རྒྱལ་ཁབ་དེ་ཉིད་ཀྱི་གཞུང་གི་ངོས་ནས་མཐོང་མཆན་ཕུལ་གྱི་མ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

ལྕམ་སྐུ་ Sudha Ramachandran ལགས་ཀྱིས་རང་ཉིད་ཀྱི་དཔྱད་རྩོམ་ནང་སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་མི་སྣས་ད་ལྟའི་ཆར་༸གོང་ས་མཆོག་ཤྲི་ལངྐ་ནང་ཆིབས་བསྒྱུར་མཛད་རྒྱུའི་མཛད་འཆར་གང་ཡང་ཐུགས་གཏན་ཁེལ་མེད་ལ། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཀྱང་ཆིབས་བསྒྱུར་མཛད་རྒྱུའི་དགོངས་བཞེས་མཛད་ཀྱི་མེད་སྐོར་བཀའ་སྩལ་བ་ལུང་འདྲེན་གནང་བ་དང་། ཤྲི་ལངྐ་གཞུང་གི་ངོས་ནས་དེ་སྔའི་གནང་ཕྱོགས་ལ་གཞིགས་ན་རྒྱ་ནག་གཞུང་ལ་ཞེད་སྣང་རྐྱེན་པས་༸གོང་ས་མཆོག་ཡུལ་དེར་གདན་ཞུ་ཐུབ་མེད་སྟབས་ཤྲི་ལངྐར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པ་ Hu Wei ཟེར་བས་ཆེས་སེམས་འཚབ་དང་བཅས་གྲོང་ཁྱེར་ Colombo ནས་དབུས་གྲོང་ཁྱེར་ Kandy ལ་ཆེད་བསྐྱོད་ཀྱིས་དངངས་སྐྲག་བྱས་ནས་ནང་པའི་དབུ་བླར་དེ་ལྟ་བུའི་གནོན་ཤུགས་སྤྲོད་དགོས་གལ་མེད་སྐོར་གསུངས་པ་དང་ཆབས་ཅིག རྒྱ་ནག་གཞུང་གི་བྱེད་སྟངས་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མགོན་པོ་༸གང་ཉིད་མཆོག་གི་མཚན་སྙན་གྲགས་ལ་ཐུག་སྐབས་རྒྱ་ནག་གཞུང་རང་ཉིད་ལ་གདེང་ཚོད་རྩ་བ་ནས་མེད་པ་དང་རྒྱ་ནག་རང་གི་ཁེ་ཕན་སླད་རྒྱལ་ཁབ་ཆུང་གྲས་ལའང་བཙན་ཤེད་ཇི་ཙམ་བྱེད་ཀྱི་ཡོད་པ་གསལ་པོ་ཆགས་ཀྱི་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།