Tibetan Royal Year of 2151 | Year of the Wood Dragon

གཞི་རིམ་སློབ་གྲྭའི་སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་ཟབ་སྦྱོང་ཐེངས་གསུམ་པ་འཚོགས་བཞིན་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཟླ་བ་འདིའི་ཕྱི་ཚེས་ ༡༧ ནས་དབུ་འཛུགས་ཀྱིས་འདི་ཚེས་ ༢༩ བར་ཉིན་གྲངས་ ༡༣ རིང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། ཝཱ་ཎ་གཙུག་ལག་སློབ་ཁང་ཟུང་སྦྲེལ་ཐོག་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་ཟབ་སྦྱོང་ཐེངས་གསུམ་པ་འཚོགས་བཞིན་འདུག

ལས་གཞི་དེ་ནི་དེ་སྔོན་ཕྱི་ལོ་ ༢༠༢༠ ལོར་རྒྱུས་སྨད་གྲྭ་ཚང་དང་། ཕྱི་ལོ་ ༢༠༢༣ ལོར་འབྲས་སྤུངས་བློ་གསལ་གླིང་ཚན་རིག་དང་སྒོམ་སྒྲུབ་བསྟི་གནས་ཁང་དུ་གོ་སྒྲིག་ཞུས་ཡོད་ཅིང་། དེ་རེས་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་དུ་དེ་འབྲེལ་ལས་གཞི་ཐེངས་གསུམ་པ་གོ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་འདུག

ཁ་སྔོན་ཕྱི་ཚེས་ ༡༧ ཉིན་སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་ཟབ་སྦྱོང་ངམ་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱི་རིགས་ལམ་འདུ་འཛོམས་དང་སྦྱོང་བརྡར་གྱི་ལས་གཞི་དེའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་དབང་ཕྱུག་རྡོ་རྗེ་ནེ་གི་མཆོག་དང་། རིགས་དྲུང་ Dr. Sunita Chandra ཝཱ་ཎ་དགེ་འོས་སྡེ་ཚན་གྱི་འགན་འཛིན་ Dr. Himanshu Pandae དེ་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་དང་། སེ་ལ་ཁུའི་བོད་ཁྱིམ་གྱི་ལྟ་གྲུབ་དགེ་རྒན་དགེ་བཤེས་བསྟན་འཛིན་ཐེག་མཆོག་ལགས། ཝཱ་ཎ་དགེ་འོས་སྡེ་ཚན་གྱི་ལྟ་གྲུབ་དགེ་རྒན་དགེ་བཤེས་བློ་བཟང་རྒྱ་མཆོ་ལགས་ཀྱིས་གཙོས་པའི་དགེ་ལས་དང་། རིགས་ལམ་དེའི་ཁྲོད་མཉམ་ཞུགས་གནང་མཁན་སེ་ལ་ཁུའེ་དང་དཔེ་སྟོན་སློབ་གྲྭའི་སློབ་མ་བུ་ ༢༧ དང་བུ་མོ་ ༡༦ བཅས་ལྷན་ཞུགས་གནང་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་སློབ་ཕྲུག་རྣམས་ལ་རིགས་ལམ་དང་ཤེས་ཡོན་ཐོག་བཀའ་སློབ་གནང་བའི་ཁྲོད། རིགས་ལམ་ནི་སློབ་སྦྱོང་གི་རྨང་གཞི་ཡིན་ཞིང་། རིགས་ལམ་གཏན་ལ་ཕབ་པའི་དོན་གང་ཡིན་དང་དེའི་དམིགས་ཡུལ་ངེས་པར་དུ་ཤེས་དགོས་གལ་དང་འབྲེལ། དེ་ནི་ཤེས་ཡོན་ཡར་རྒྱས་ཆེད་དུ་བེད་སྤྱོད་གཏང་དགོས་པ་དང་ལྷག་པར་ཕྱི་ནང་གི་ཡར་རྒྱས་གང་ཡིན་ཡང་གཞི་རྩ་ཤེས་ཡོན་ལ་ཐུག་གི་ཡོད་པ་དང་། དེ་བཞིན་ཤེས་བྱའི་རྣམ་གྲངས་ཤིན་ཏུ་མང་ཡང་དེ་དག་ལས་སོ་སོ་རང་ཉིད་ལ་ཕན་ཐོགས་གང་ཡོད་པ་རྣམས་དང་དུ་བླངས་དགོས་སྐོར་གསུངས་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ནང་ཆོས་ལ་དོ་སྣང་ཆེན་པོ་གནང་དགོས་གལ་ཡིན་པ་སོགས་གསུངས་འདུག

འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་སྐབས་ཁོང་གིས། ད་རེས་ཀྱི་རིགས་ལམ་འདུ་འཛོམས་དེའི་ཐོག་མཉམ་ཞུགས་གནང་མཁན་ཡོངས་རྫོགས་བཙན་བཀའ་མིན་པར་དང་བླངས་ཐོག་ནས་མཉམ་ཞུགས་གནང་བ་ཞིག་ཆགས་ཀྱི་ཡོད་ཅིང་། ལས་གཞི་དེའི་བརྒྱུད་ནས་སློབ་ཕྲུག་རྣམས་ཟབ་ཁྲིད་རྗེས་ཕྱིར་སློབ་གླིང་དུ་འཁོར་སྐབས་སློབ་ཕྲུག་ཕན་ཚུན་བར་རིགས་ལམ་གྱི་རྨང་གཞི་སློབ་ཁྲིད་ལེགས་པོ་ཞིག་ཡོང་བའི་རེ་བ་གནང་གི་ཡོད་པ་དང་། ལྷག་པར་ལས་གཞི་འདི་ནི་བོད་པའི་སློབ་གྲྭ་ཁག་གི་གུང་སེང་དང་སྟབས་བསྟུན་ཉིན་གྲངས་ ༡༢ ནས་ ༡༤ ཙམ་གྱི་བར་སྤེལ་གྱི་ཡོད་པར་འགྲེལ་བརྗོད་གནང་སོང་། མ་ཟད་དེ་སྔོན་ལས་གཞིའི་ཁྲོད་མཉམ་ཞུགས་གནང་མཁན་ཕལ་ཆེ་བ་རྒྱ་གར་བྱང་ཕྱོགས་ཁུལ་གྱི་སློབ་གྲྭ་ཁག་ཡིན་སྟབས། འདི་ལོའི་ ༢༠༢༤ དང་ ༢༠༢༥ རྩིས་ལོའི་ནང་འཁོད་སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་ཟབ་སྦྱོང་ཐེངས་བཞི་པ་འདི་བཞིན་གསལ་བསྒྲགས་སྔོན་སོང་ལྷོ་ཕྱོགས་བོད་པའི་སློབ་གྲྭ་ཁག་གི་གུང་སེང་དང་བསྟུན། ཕྱི་ཟླ་ ༥ པའི་ནང་ལྷོ་ཕྱོགས་ཁུལ་གྱི་སློབ་གྲྭ་ཁག་ལ་གོ་སྐབས་ཕུལ་རྒྱུ་ཡིན་པ་གསུངས་སོང་།

རྩ་བའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་གྲྭ་ཁག་གི་ནང་དུ་རིགས་ལམ་སློབ་ཁྲིད་དང་། ལྷག་པར་དེང་རབས་ཀྱི་སློབ་ཚན་དེ་དག་རིགས་ལམ་ཐོག་ནས་སློབ་ཁྲིད་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག་ཅེས་བཀའ་སློབ་སྔ་ཕྱི་རིམ་པ་ཕེབས་ཡོད་ཅིང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཐོག་མགོན་པོ་༸གང་ཉིད་མཆོག་གིས་རིགས་ལམ་ཐོག་ནས་སློབ་ཚན་གཞན་རྣམས་སློབ་ཁྲིད་བྱ་རྒྱུར་ཤེས་རིག་ལས་ཁུངས་དང་ཆོས་རིག་ལས་ཁུངས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་དེ་འབྲེལ་ཀློག་དེབ་རིགས་བཟོ་ཐུབ་ཚེ། མ་འོངས་པར་བཙན་བྱོལ་བོད་མིའི་སློབ་གྲྭ་ཙམ་མིན་པར་རིམ་པས་ཧི་མ་ལ་ཡ་རི་རྒྱུད་དང་རྒྱ་གར། དེ་བཞིན་འཛམ་གླིང་སྤྱི་ལ་སློབ་ཁྲིད་གནང་སྟངས་རིགས་པ་གསར་པ་ཞིག་དང་། ལམ་སྟོན་གསར་པ་ཞིག་ཆགས་པའི་ཐུགས་རེ་ཡོད་ཅེས་བཀའ་སློབ་ཕེབས་ཡོད་པ་རེད།

གཞི་རྩའི་ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་ཟབ་སྦྱོང་དེའི་ཁྲོད་མཉམ་ཞུགས་གནང་མཁན་སློབ་ཕྲུག་རྣམས་ནས་ཕྱིར་རང་རང་སོ་སོའི་སློབ་གླིང་དུ་འཁོར་སྐབས་སློབ་ཕྲུག་ནང་ཁུལ་རིགས་ལམ་གྱི་རྨང་གཞི་སློབ་ཁྲིད་གནང་ཐུབ་པ་དང་འབྲེལ། ལྟ་གྲུབ་དགེ་རྒན་རྣམས་ཀྱིས་སློབ་ཕྲུག་བྱིངས་ཀྱི་རིགས་ལམ་གནས་ཚད་གོང་མཐོར་གཏོང་བར་སྔར་ལྷག་འབད་བརྩོན་ཡོང་ཐབས་བཅས་ལ་དམིགས་པ་ཞིག་ཡིན་པ་རེད་འདུག

པར་དབང་ཝཱ་ཎ་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་ངོ་དེབ།

འབྲེལ་ཡོད་གསར་གནས།

གསར་གནས།