Tibetan Royal Year of 2151 | Year of the Wood Dragon

ཀོ་ལེ་གྷལ་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བར་མཛའ་བརྩེའི་འཚམས་འདྲི་སྩལ་བ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་ལ་དགའ་བསུའི་འཚམས་འདྲི་མཛད་འདུག

དེ་ཡང་ཁ་ཉིན་ཚེས་ ༡༧ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་མི་མང་ཚོགས་ཁང་ནང་དོན་ལྡན་གླིང་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་སྲུང་བརྩི་མཛད་སྒོ་འཚོགས་ཡོད་པ་ལྟར། ༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷརྨ་སཱ་ལཱའི་༸རྒྱལ་བའི་ཕོ་བྲང་ནས་ཀོ་ལེ་གྷལ་གཞིས་མི་ཡོངས་དང་ཕྱི་ནང་གི་སྐུ་མགྲོན་བཅས་པར་མཛའ་བརྩེའི་འཚམས་འདྲི་མཛད་པ་དང་འབྲེལ། གཞིས་ཆགས་ཟུར་འཛུགས་དགོས་པའི་དམིགས་ཡུལ་ནི་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་དང་ཡུལ་གོམས་གཤིས་ལུགས་བཅས་པ་མི་ཉམས་རྒྱུན་འཛིན་ཆེད་ཡིན་པ་ལྟར་ད་ཆ་ཕྱོགས་ཚང་མ་ནས་ངལ་ཁུར་དང་ལེན་ཕྱར་གྲུ་མཉམ་འདེགས་གནང་བའི་འབྲས་བུར་རང་རེའི་མིག་གི་སྤྱོད་ཡུལ་དུ་གྱུར་པ་འདི་ཡིན་ཞེས་བཀའ་སྩལ་ཏེ་སླད་མར་གཞིས་ཆགས་ཁག་གི་ནང་རྒན་རྒོན་ནད་གཅོང་ཉམ་ཐག་ཧྲེང་པོ་ཡོད་རིགས་ཀྱི་འཚོ་བའི་གནས་སྟངས་ཐོག་དམིགས་བསལ་དོ་སྣང་ལྟ་རྟོག་དང་འབྲེལ་དེ་དག་གི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ཐོག་ལའང་ལྟ་ཞིབ་མི་ལྷོད་པ་དགོས་གལ་ཡིན་པའི་ལམ་སྟོན་སྩལ་འདུག

ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་བོད་གཞིས་ལུས་མི་མང་རྣམས་གཞན་དབང་འོག་ཏུ་ཚུད་ཡོད་ཀྱང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཆོལ་ཁ་གསུམ་ཁ་བྲལ་དུ་གཏོང་ཐུབ་མེད་ཀྱང་འདི་ཕྱོགས་རང་རེ་བཙན་བྱོལ་ནང་སྤྱི་སེམས་ཀྱིས་ཕོངས་པའི་ཅོལ་ཆུང་ཁག་གཅིག་གིས། ཕྱོགས་རིས་འཐེན་འཁྱེར་གྱི་བྱ་བ་སྤེལ་བ་དེ་ནི་ཞབས་འདྲེན་བློ་ཕམ་གྱི་གནས་ཡིན་པས་སེར་སྐྱ་འགོ་དམངས་ཚང་མས་ཅིས་ཀྱང་ཡིད་གཟབ་དགོས་གལ་བློ་འཇགས་གྱིས་ཞེས་བཀའ་ནན་སྩལ་འདུག

གཞན་ཡང་ཁ་ཉིན་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ལྔ་བཅུའི་དུས་སྟོན་གྱི་སྲུང་བརྩིའི་མཛད་སྒོ་ཐོག་ཕེབས་པའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་ལྔ་བཅུའི་དུས་སྟོན་དང་འབྲེལ་བའི་གསུང་བཤད་ནང་སྐབས་ ༡༦ འི་བཀའ་ཤག་གིས་བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་ལ་ངོས་འཛིན་ཡོང་ཐབས་སུ་འབད་བརྩོན་གནང་བཞིན་པའི་ཁྲོད་འདི་ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཚད་མཐོའི་རྒྱབ་སྐྱོར་ཐོག་ནས་གཏན་འབེབས་བྱུང་བའི་གྲུབ་འབྲས་ཐོན་པའི་གནས་ཚུལ་ངོ་སྤྲོད་གནང་བ་དང་སྦྲགས། ཀོ་ལེ་གྷལ་གཞིས་ཆགས་ཀྱི་གཞིས་མི་ཟུར་པ་ཚོས་གཞིས་ཆགས་ནང་གི་གཞུང་ལམ་དང་སྤྱི་ཁང་གསར་རྒྱག་སོགས་ཀྱི་འཛུགས་སྐྲུན་ལས་གཞི་ཁག་གི་ཐོག་རོགས་རམ་གནང་སྟེ་ཕྱག་ལས་མང་དག་ཅིག་གནང་བ་དེ་ནི་བོད་པས་བོད་པར་རོགས་རམ་དང་རང་ཁ་རང་གསོ་གནང་བའི་ཁ་ཕྱོགས་ཤིག་ཡིན་པའི་བསྔགས་བརྗོད་གནང་འདུག

དེ་བཞིན་སྲིད་སྐྱོང་མཆོག་གིས་ང་ཚོ་བཙན་བྱོལ་ནང་འབྱོར་བ་ནས་བཟུང་སྟེ་ད་བར་གཙོ་ཆེ་ཤོས་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་དང་དེ་བཞིན་རྒྱ་གར་གཞུང་མང་དང་རོགས་ཚོགས་ཁག་གིས་རྒྱབ་སྐྱོར་གནང་ལ་བརྟེན་ནས་འཚོ་བཞིན་ཡོད་སྟབས་ཚང་མར་བཀའ་དྲིན་རྗེས་དྲན་ཞུས་པ་དང་དམིགས་བསལ་བཙན་བྱོལ་བོད་མི་རྣམས་ནས་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ཁག་ལེགས་པར་རྟོགས་ནས་༸གང་ཉིད་མཆོག་ཐུགས་ཕམ་མི་ཡོང་བ་དང་བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་ལ་དོ་ཕོག་མི་ཡོང་བའི་སླད་འབད་བརྩོན་གནང་རྒྱུ་ནི་ཧ་ཅང་གལ་གནད་ཆགས་ཡོད་པའི་གཞེན་སྐུལ་གནང་འདུག

རྩ་བའི་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀའི་མངའ་སྡེའི་ཅམ་རཱཇ་ན་གར་རྫོང་ནང་རྟེན་གཞི་བྱས་པའི་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་འདི་ནི་ཐོག་མར་བཙན་བྱོལ་བོད་མི་གྲངས་ ༣༤༠༠ ཙམ་གྱི་དཀའ་ངལ་སེལ་ཆེད་ཕྱི་ལོ་ ༡༩༧༤ ལོའི་ཟླ་ ༤ ཚེས་ ༢༧ ཉིན་གསར་འཛུགས་གནང་ཞིང་། ད་ལྟའི་ཆར་གཞིས་ཆགས་དེར་གྲོང་སྡེ་ ༢༢ དང་དགོན་ཁག་དགུ དེ་བཞིན་སློབ་གྲྭ་གཅིག་དང་སྔོན་འགྲོའི་སློབ་གྲྭ་གསུམ་བཅས་བསྡོམས་པའི་གཞིས་མི་ཁྱོན་ ༣༡༠༣ ཡོད་པ་དང་གཞིས་མི་རྣམས་ཀྱི་འཚོ་རྟེན་གཙོ་བོ་ནི་སོ་ནམ་ཞིང་ལས་དང་དགུན་དུས་སུ་བལ་གོས་ཀྱི་ཚོང་ལས་གཉེར་གྱི་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་ ༡༩༨༠ ནས་ ༢༠༠༩ བར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཞིས་ཆགས་འདིའི་ནང་ཐེངས་བདུན་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།