Tibetan Royal Year of 2151 | Year of the Wood Dragon

གྲོས་ཚོགས་ཚོགས་དང་མ་ཚོགས་དེ་སྤྱི་འཐུས་རྣམ་པའི་ཐུགས་འགན་རེད་མ་གཏོགས་བདེ་སྲུང་ལས་ཁུངས་ཀྱི་འགན་མ་རེད་ཅེས་གསུངས་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བཙན་བྱོལ་བོད་མིའི་སྐབས་ ༡༧ པའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་མུ་མཐུད་བསྐོང་ཚོགས་གནང་མ་ཐུབ་ནས་ཉིན་གྲངས་བཞི་འགྲོ་བཞིན་པའི་ཁྲོད་འདིར་ཁ་སང་བོད་མི་མང་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་གྲོས་ཚོགས་མུ་མཐུད་ཚོགས་ཐུབ་ཐབས་ཀྱི་དགོངས་ཚུལ་དང་འབྲེལ་ནས་བཅར་འདྲི་ཞུས་པར་བདེ་སྲུང་ལས་ཁུངས་ནས་གསལ་བཤད་གནང་རྒྱུའི་ཞལ་བཞེས་གནང་བ་ལྟར་གང་མགྱོགས་གསལ་བཤད་ཕེབས་དགོས་པ་དང་། བདེ་སྲུང་ལས་ཁུངས་ནས་ཚོགས་གཙོ་སྦྲེལ་པོ་མཆོག་ལ་སྤྱི་འཐུས་གང་ཟག་ཅིག་རྒྱའི་སོ་པ་དང་འབྲེལ་བ་ཡོད་མེད་ཀྱི་གནད་དེ་གཙང་བཟོ་དང་འབྲེལ་བའི་དགོས་ངེས་དུས་ཚོད་ལ་གྲོས་བསྡུར་གནང་དགོས་པར་གསུངས་ཡོད།  

དེ་རིང་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསར་འགོད་པའི་བཅར་འདྲི་ངོས་བཞེས་དང་འབྲེལ་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་རིམ་ཁྲོད་སྤྱི་འཐུས་གང་ཟག་ཅིག་རྒྱའི་སོ་པ་དང་འབྲེལ་བ་ཡོད་མེད་ཀྱི་གནད་དེ་གྲོས་ཚོགས་སུ་སྤྱི་འཐུས་ཕན་ཚུན་དབར་གྱི་བཀའ་མོལ་ཁྲོད་བདེ་སྲུང་ལས་ཁུངས་དྲུད་ནས་སླེབས་པ་ཞིག་ལས་བདེ་སྲུང་ལས་ཁུངས་ཀྱིས་བཀའ་མོལ་གནང་བའི་གནས་ཚུལ་ཞིག་མིན་པར་གསལ་བཤད་དང་ཆབས་ཅིག གནད་དོན་དེ་གཙང་བཟོ་གནང་རྒྱུར་བདེ་སྲུང་ལས་ཁུངས་ནས་ལས་དོན་ཁག་གནང་བཞིན་ཡོད་ཀྱང་། གནད་དོན་དེ་ནི་གཞན་དབང་སྟབས་བསྟུན་ཞིག་ཡིན་སྟབས་དུས་ཚོད་ངེས་ཅན་ཞིག་གི་ནང་གསལ་བཟོ་གནང་ཐབས་དཀའ་སྐོར་གསུངས་པར་མ་ཟད། གྲོས་ཚོགས་ཚོགས་དང་མ་ཚོགས་དེ་སྤྱི་འཐུས་རྣམ་པའི་ཐུགས་འགན་རེད་མ་གཏོགས་བདེ་སྲུང་ལས་ཁུངས་ཀྱི་འགན་མ་རེད་ཅེས་གསུངས་སོང་།

འདི་ག་རླུང་འཕྲིན་ཁང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་མཆོག་ལ་བཅར་འདྲི་ཞུ་ཐབས་ཞུས་ཀྱང་དེ་རིང་སླར་ཡང་ཞལ་བཞེས་གནང་མ་སོང་།     

དེའི་བར་ན། དེ་རིང་སྔ་དྲོ་སྤྱི་འཐུས་ ༡༩ ཡིས་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་གྲོས་ཚོགས་ཀྱི་ལས་ཉིན་དང་པོ་ནས་ཁྲིམས་ཞིབ་པ་བསྐོ་གཞག་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་རེ་འབོད་ཀྱི་ལས་འགུལ་སྤེལ་མཁན་ཚོ་དང་ཐུག་འཕྲད་གནང་སོང་བ་དང་། སྐབས་དེར་གཞི་རིམ་མི་མང་རེ་འབོད་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས་སུ་ཞུ་འབོད་ཁྲོད་ཀྱི་བོད་མི་བགྲེས་སོང་ཁག་གཅིག་ད་ཆ་སྨན་ཁང་དུ་སྨན་གཏུག་གནང་དགོས་པའི་གནས་སྟངས་དང་། ད་ཆ་གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་ཁྲོད་ལས་འགུལ་མུ་མཐུད་སྤེལ་འཆར་ཡོད་མེད་སོགས་དང་འབྲེལ་བའི་བཅར་འདྲི་ཞུ་སྐབས་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མ་སྟེ་ཕྱི་ཚེས་ ༢༨ ཉིན་ཐེངས་འདིའི་ལས་འགུལ་མཇུག་སྒྲིལ་གནང་རྒྱུ་དང་། སྤྱི་ཟླ་གསུམ་པའི་གྲོས་ཚོགས་སྐབས་སུ་ལས་འགུལ་གང་གནང་དགོས་མིན་ཐད་གྲོས་བསྡུར་གནང་འཆར་ཡོད་པར་གསུངས་སོང་།  

འབྲེལ་ཡོད་གསར་གནས།

གསར་གནས།