Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་རྒྱ་གཞུང་ནས་༸རྒྱལ་བའི་ཡང་སྲིད་ཐད་ཐེ་བྱུས་བྱ་རྒྱུ་མེད་པ་གསུངས་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ Australia ཨོསྟྲེ་ལི་ཡཱའི་གཞུང་འབྲེལ་སྐོར་བསྐྱོད་ཁྲོད། དེ་རིང་སྔ་དྲོ་ཡུལ་དེའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་གླེང་སྟེགས་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་ཞི་བདེ་བསྐྲུན་ཐབས་སྐོར་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བདམ་པའི་པཎ་ཆེན་རྒྱལ་ཚན་ནོར་བུར་ངོས་འཛིན་ཐོབ་ཐབས་བྲལ་བའི་གནད་དོན་ནས་བློ་སྐྱེད་བླངས་ཏེ། མ་འོངས་པར་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་ཀྱིས་རྙོག་གླེང་བཟོ་རྒྱུ་མེད་པ་གསུངས་འདུག

དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རང་དབང་ཁང་པའི་སྙན་ཐོ་རིམ་པའི་ནང་བོད་དེ་འཛམ་གླིང་ནང་རང་དབང་གི་གནས་སྟངས་ཆེས་ཞན་པའི་ཁོངས་སུ་མིང་བཏོན་གནང་ཡོད་པ་ལུང་འདྲེན་དང་སྦྲགས། དེང་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཚད་མཐོའི་ལྟ་སྲུང་འཕྲུལ་ཆས་དང་། བོད་མིའི་རིགས་རྫས་བསྡུ་རུབ་བརྒྱུད་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་དང་། གཏན་འཇག་སློབ་གྲྭའི་ལམ་ལུགས་ལག་བསྟར་བརྒྱུད་བོད་མིའི་ངོ་བོ་རྩ་མེད་གཏོང་བཞིན་པ། ཕྱི་ཕྱོགས་ཀྱི་གསར་འགོད་པ་དང་གཞུང་འབྲེལ་མི་སྣ་སོགས་བོད་ནང་འགྲུལ་བསྐྱོད་བྱ་རྒྱུར་བཀག་སྡོམ་གྱིས་བོད་དེ་བཙོན་ཆེན་ལྟ་བུར་གྱུར་ཡོད་པ་སོགས་གསུངས་འདུག

དེ་བཞིན་ད་བར་བོད་མི་ ༡༥༧ ནས་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་གནང་ཡོད་པར་དེ་དག་ཐམས་ཅད་རང་དབང་མེད་པའི་གནས་བབ་ཀྱི་འོག་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་གནས་སྟངས་འགྲེལ་བརྗོད་དང་། རིམ་པས་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐོག་ཐེ་བྱུས་དང་། ལྷག་དོན་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་བཞིན་པ་དེ་ནི་འགྲིག་ཐབས་རྩ་བ་ནས་མེད་མ་ཟད། རྒྱ་ནག་གཞུང་གིས་བདམ་པའི་པཎ་ཆེན་རྒྱལ་ཚན་ནོར་བུར་ངོས་འཛིན་ཐོབ་ཐབས་བྲལ་བའི་གནད་དོན་ནས་བློ་སྐྱེད་བླངས་ཏེ། མ་འོངས་པར་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་ཀྱིས་རྙོག་གླེང་བཟོ་རྒྱུ་མེད་པ་གསུངས་འདུག

མ་ཟད་སྲིད་སྐྱོང་མཆོག་གིས་བོད་མིའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་པ་ངོ་སྤྲོད་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཆེད་བོད་རྒྱ་གཉིས་དབར་གྲོས་མོལ་ལ་རྒྱབ་སྐྱོར་གནང་གི་ཡོད་ཚེ། རྒྱ་ནག་གཞུང་གིས་གནོན་ཤུགས་འོག་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་རྒྱུ་མེད་པ་མ་ཟད། བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་གནས་བབ་ཞིག་ཡིན་པ་ངོས་ལེན་གནང་དགོས་སྐོར་གསུངས་འདུག

མ་ཟད་སྲིད་སྐྱོང་མཆོག་གིས་རང་བྱུང་ཁོར་ཡུག་གི་གལ་གནད་དང་འབྲེལ་རྒྱ་གཞུང་གིས་བོད་ཀྱི་གཙང་པོ་ཆེ་ཁག་ཐོག་ལ་ཆུ་མཛོད་འཛུགས་སྐྲུན་བྱེད་བཞིན་པ་སོགས་ཀྱི་བྱ་སྤྱོད་ལ་གཞིགས་ན་མ་འོངས་པར་བོད་ཀྱི་ཉེ་གནས་རྒྱལ་ཁབ་ཁག་ཏུ་ཆུ་ལོག་དང་འཐུང་ཆུ་སོགས་ཀྱི་དཀའ་ངལ་ཤུགས་ཆེ་འཕྲད་ངེས་ཡིན་སྐོར་གསུངས་པ་མ་ཟད། གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས་ཨི་གླིང་གཞུང་གི་ཁྲིམས་སྒྲིག་ཁག་ལག་བསྟར་བྱེད་སྐབས་རྒྱ་ནག་དང་འབྲེལ་བའི་གནད་དོན་ཐོག་ལ་སྣང་མེད་བསྐྱུར་འཇོག་བྱ་རྒྱུ་མེད་པ་སོགས་གསུངས་འདུག

གཞི་རྩའི་ཨོ་གླིང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱིས་ཐབས་བྱུས་སྣ་ཚོགས་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་དེ་རིང་གི་མཛད་རིམ་དེ་ཕྱིར་འཐེན་ཡོང་ཐབས་བྱས་ཡོད་ཀྱང་། ཨོསྟྲེ་ལི་ཡཱའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ནས་མཛད་རིམ་དེ་ཕྱིར་འཐེན་མ་གནང་བ་ཟད། ད་རེས་ཀྱི་མཛད་རིམ་ཐོག་ཡུལ་དེའི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། གསར་འགོད་པ། ཤེས་ལྡན་མི་སྣ། དེ་བཞིན་ས་གནས་བོད་མི་སོགས་ནས་མཉམ་ཞུགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།