Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་བྱུང་རབས་ལ་སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཆགས་ཡོད་པར་གསུངས་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩་༥༥ ཐོག་བཞུགས་སྒར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་གི་འཁྲུངས་གཞིས་ངག་རྒྱུན་གྱི་ལོ་རྒྱུས་དབུ་འབྱེད་དང་འབྲེལ། སྲིད་སྐྱོང་མཆོག་གིས་བོད་ཀྱི་བྱུང་རབས་ལ་སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་གསུངས་སོང་།

དབུ་འབྱེད་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་དང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། སྐུ་མགྲོན་གཞན་དུ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་བཀའ་ཟུར་འཕགས་པ་ཚེ་རིང་མཆོག དེ་བཞིན་མི་མང་བཅས་ལྷན་ཞུགས་གནང་འདུག

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་འཁྲུངས་གཞིས་ངག་རྒྱུན་ལོ་རྒྱུས་ཀྱི་དཔེ་དེབ་དེ་ནི་བོད་ཀྱི་བྱུང་རབས་ལོ་རྒྱུས་ལ་གནད་འགག་ཆེན་པོ་ཞིག་ཆགས་ཡོད་སྐོར་དང་འབྲེལ། ངག་རྒྱུན་གྱི་ལོ་རྒྱུས་དེ་དག་གི་ཐོག་ནས་བོད་མདོ་དབུས་ཁམས་གསུམ་གྱི་དུས་སྐབས་སོ་སོའི་སྤྱི་ཚོགས་ཀྱི་གནས་སྟངས་གང་ཙམ་ཤེས་རྟོགས་ཐུབ་ངེས་ཡིན་པ་དང་། ཕྱི་མི་རིགས་རྣམས་ལ་བོད་ཀྱི་གནད་དོན་ངོ་སྤྲོད་གནང་ཆེད་ཕན་ཐོགས་ཆེན་པོ་ཡོད་པ། དེ་བཞིན་བོད་ཀྱི་བྱུང་རབས་དེ་དག་ལ་སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཞིག་ཡིན་ཅིང་། དཔེ་དེབ་འདི་དང་འབྲེལ་ནས་མ་འོངས་པ་མཁས་པ་ཁག་གདན་ཞུ་གནང་སྟེ་གལ་ཆེའི་གནད་དོན་དང་འབྲེལ་ནས་བགྲོ་གླེང་གནང་དགོས་གལ་ཡིན་པ་སོགས་གསུངས་སོང་།

དེ་བཞིན་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གིས༸སྐྱབས་རྗེ་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱིས་མདོ་སྨད་ཕྱོགས་ཡོངས་ལ་བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས་ཚུལ་ཐོག་གསུང་བཤད་གནང་བའི་ཁྲོད་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་སྐུ་ཕྲེང་རིམ་བྱོན་རྣམས་རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་ལ་ཐོས་བསམ་སློབ་གཉེར་མཛད་ཡོད་སྐོར་དང་འབྲེལ། རིན་པོ་ཆེ་མཆོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེ་བསྟོད་མཛད་ཡུལ་ཞིག་ཡིན་ཅིང་། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅིུག་གི་འཁྲུངས་གཞིས་ངག་རྒྱུན་ལོ་རྒྱུས་དཔེ་དེབ་དེ་ནི་མ་འོངས་པའི་ཕྱི་རབས་ཀྱི་ཉམས་ཞིབ་གནང་མཁན་རྣམས་ལ་རྒྱུ་ཆ་ཞིག་དང་ལོ་རྒྱུས་དོན་གཉེར་ཅན་རྣམས་ལ་ཕན་ཐོགས་ཡོད་པ་སོགས་གསུངས་སོང་།

དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་སྔོན་བྱོན་སྐྱེས་ཆེན་གོང་མ་རྣམས་ཀྱི་རྣམ་ཐར་ཤེས་པ་དང་ལྷན་དུ་ཁོང་རྣམ་པའི་འཁྲུངས་གཞིས་དང་འབྲེལ་བའི་ལོ་དྲུག་བརྒྱ་ལྷག་རིང་གི་ངག་རྒྱུན་ལོ་རྒྱུས་ཤེས་ཐབས་གནང་དགོས་གལ་ཡིན་པར་གསུངས་སོང་བ་དང་ཆབས་ཅིག ད་ལྟའི་བོད་ཀྱི་གནས་སྟངས་ལ་གཞིགས་ནས་བོད་ཀྱི་རིག་གཞུང་ཐོག་ཕྱག་ལས་ཚད་ལྡན་གནང་མཁན་རྣམས་ལ་ངོས་འཛིན་གནང་དགོས་གལ་ཡིན་ཅིང་། བོད་ཀྱི་དཔེ་མཛོད་ཁང་གིས་བོད་ཀྱི་ལོ་རྒྱུས་གཙོས་ངག་རྒྱུན་ལོ་རྒྱུས་འདི་ཉིད་གལ་འགངས་ཆེན་པོར་བརྩིས་ཏེ་ལས་དོན་མུ་མཐུད་གཉེར་བཞིན་ཡོད་ཅེས་གསུངས་སོང་། 

ད་ཡོད་སྐུ་འཚོ་བཞུགས་མཁས་པ་རྣམས་ཀྱིས་ལས་དོན་ཇི་ལྟར་གཉེར་བ་རྣམས་ཚེས་གྲངས་དང་བཅས་ཐོ་འགོད་བྱས་ཚེ་བོད་ཀྱི་ལོ་རྒྱུས་དང་མི་རབས་གཞོན་པ་རྣམས་ལ་ཕན་ཐོགས་རླབས་ཆེན་ཡོང་རྒྱུ་ཡིན་པ་སོགས་གསུངས་ཡོད།

གཞི་རྩའི་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅིུག་གི་འཁྲུངས་གཞིས་ངག་རྒྱུན་ལོ་རྒྱུས་འདི་ཀིརྟི་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་ཡུལ་གཟའ་རོང་འབྲོག་ཐུན་མོང་ནས་འགྲེམས་སྤེལ་ཞུས་པ་ཞིག་ཡིན་ཅིང་། དཔེ་དེབ་དེར་སྟོད་ སྨད་ཆ་གཉིས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།