Tibetan Royal Year of 2151 | Year of the Wood Dragon

བོད་ནང་འགྲོ་བ་མིའི་རང་དབང་གི་གནས་བབ་ཚད་གཞི་ཀླད་ཀོར་ཟགས་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཨ་རིའི་ནང་རྟེན་གཞི་བྱས་པའི་ Freedom House ཞེས་པའི་རང་དབང་ཁང་པས། ཕྱི་ལོ་༢༠༢༤ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ཞིབ་འཇུག་གིས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་གཞུང་གིས་མི་ལོ་ ༦༥ རིང་བོད་ལ་བཙན་འཛུལ་བྱས་པའི་མཚམས་འདིར། ད་ཆ་བོད་ནང་གི་རང་དབང་གི་ཚད་གཞི་ཀླད་ཀོར་ཟགས་ཏེ་འཛམ་གླིང་གི་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་དུ་འགྱུར་ཡོད་པ་མངོན་གསལ་གནང་འདུག

Freedom House on Tibet

ཨ་རིའི་རང་དབང་ཁང་པས་ཁ་སང་ཕྱི་ཟླ་ ༢ ཚེས་ ༢༩ ཉིན་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང་རྒྱལ་ཁབ་ཁག་ ༡༩༥ དང་ས་ཁོངས་ཁག་ ༡༥ ལ་དཔྱད་ཞིབ་ཀྱིས། རྒྱལ་ཁབ་ཁག་གོ་རིམ་བཞིན་རང་དབང་ལྡན་པ་དང་། ཕྱེད་རང་དབང་ལྡན་པ། རང་དབང་མེད་པ་བཅས་སུ་ཆ་བགོས་བྱས་ཡོད་པ་ལྟར། བོད་ནང་གི་ཆབ་སྲིད་རང་དབང་གི་ཚད་གཞི་བརྒྱ་ཆ་༤༠ ནས་ཀླད་ཀོར་འོག་གི་ ༢ དང་། སྤྱི་དམངས་ཀྱི་ཐོབ་ཐང་བརྒྱ་ཆ་ ༦༠ ནས་ ༢ བཅས་བརྒྱ་ཆ་ཁྱོན་ཕབ་ན། བོད་ནང་གི་རང་དབང་གི་ཚད་གཞི་བརྒྱ་ཆ་ ༡༠༠ ནས་ ༠ ལ་ཟགས་ཡོད་པ་གསུངས་འདུག

སྤྱིར་རང་དབང་ཁང་པའི་ངོས་ནས་ཕྱི་ལོ་ ༢༠༢༣ ལོའི་སྙན་ཐོའི་ནང་སྤྱི་ཡོངས་ནས་བོད་ནང་གི་རང་དབང་གི་ཚད་གཞིར་བརྒྱ་ཆ་ ༡ སྤྲད་ཡོད་པ་དང་། འདི་ལོ་བརྒྱ་ཆ་ཀླད་ཀོར་དུ་ཟགས་པ་དེ་ནི་འདས་ཟིན་པའི་ལོ་བརྒྱད་ནང་གི་བརྒྱ་ཆ་ཆེས་དམའ་ཤོས་དེ་ཡིན་པ་རེད་འདུག

Freedom House on Tibet

ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། རྒྱ་གཞུང་ནས་མི་ལོ་ ༦༥ རིང་བོད་དུ་སྤེལ་བའི་གདུག་རྩུབ་ཀྱི་བྱ་སྤྱོད་མང་དག་ཅིག་ལ་བརྟེན་ནས་ད་ཆ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་ལྟ་བུའི་ཛ་དྲག་ཅན་དུ་གྱུར་བ་ཞིག་ཡིན་པ་དང་། ཐེངས་འདིའི་སྙན་ཐོའི་གྲུབ་དོན་ལས། རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དག་ལ་ལམ་ལྷོངས་མ་བྱུང་བའི་རྣམ་པ་གསལ་པོ་མངོན་བཞིན་ཡོད་པ་མ་ཟད། རྒྱ་གཞུང་ངོས་ནས་བོད་མིའི་དབུ་ཁྲིད་ཚོ་དང་ལྷན་དུ་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱ་དགོས་གལ་ཆེ་བ་ཡིན་སྐོར་གསུངས་འདུག

རྩ་བའི་ཨ་རིའི་རང་དབང་ཁང་པའི་ངོས་ནས་སྙན་ཐོ་ཐེངས་ ༥༡ པ་དེའི་བརྒྱུད་འདས་ཟིན་པའི་ལོ་ཟླའི་ནང་འཛམ་གླིང་གི་རྒྱལ་ཁབ་ཁྱོན་ ༥༢ ནང་གི་རང་དབང་གི་གནས་འབབ་ཇེ་སྡུག་ཏུ་སོང་ཡོད་པ་མངོན་གསལ་དང་། དེའང་ཕྱི་ལོ་ ༢༠༢༣ ལོར། འཛམ་གླིང་ནང་གི་མི་འབོར་བརྒྱ་ཆ་ ༣༨ ཙམ་ཞིག་རང་དབང་མེད་པའི་ས་ཁུལ་དུ་གནས་སྡོད་བྱེད་ཅིང་། བརྒྱ་ཆ་ ༢༠ རང་དབང་ལྡན་པའི་ཁུལ་དུ་གནས་སྡོད་བྱེད་བཞིན་པ་ར་སྤྲོད་གནང་འདུག

སྙན་ཐོའི་ནང་ཕིན་ལེནཌ་ Finland ལྟ་བུར་མཚོན་ན་རང་དབང་གི་ཚད་གཞི་བརྒྱ་ཆ་བརྒྱ་དང་། དེ་ལྟ་བུ་ཁེ་ན་ཌ་ Canada དང་། ཌེན་མརཀ་ Denmark དང་། ནིའུ་ཛི་ལེནཌ་ New zealand བཅས་ལ་རང་དབང་གི་ཚད་གཞི་གང་ལེགས་ཐོབ་འདུག་ཅིང་། རང་དབང་གི་ཚད་གཞི་སྔར་ལས་ཇེ་སྡུག་ཏུ་སོང་བའི་རྒྱལ་ཁབ་མང་དག་ཅིག་བཀོད་ཡོད་པའི་ཁོངས་སུ་ Nigeria དང་། Tunisia, Peru, Sudan སོགས་ཨ་ཕི་རི་ཀའི་རྒྱལ་ཁབ་ཁག་ཅིག་མ་ཟད། བོད་དང་། གྷ་ཛ། རྒྱ་གར་གྱི་ཀ་ཤི་མིར་སོགས་རྩོད་རྙོག་ཅན་གྱི་ས་ཁུལ་ཁག་ཅིག་ཀྱང་བཀོད་འདུག རང་དབང་ཁང་པའི་ངོས་ནས་ད་རེས་ཀྱི་སྙན་ཐོ་དེའི་བརྒྱུད་འདི་ལོ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ ༤༠ ལྷག་གི་ནང་འོས་བསྡུའི་ལས་རིམ་འགྲོ་བཞིན་ཡོད་པས་རང་དབང་ལྡན་ཞིང་དྲང་བདེན་གྱི་ལམ་ནས་འོས་བསྡུ་བྱ་ཐུབ་ཚེ་ཕྱི་ལོ་ ༢༠༢༤ ལོའི་རྒྱ་སྤྱིའི་རང་དབང་གི་གནས་བབ་ཡར་རྒྱས་འགྲོ་ངེས་ཡིན་སྐོར་འགྲེལ་བརྗོད་གནང་བ་མ་ཟད། རྩོད་རྙོག་ཆེ་བའི་ས་ཁུལ་ཁག་གི་རང་དབང་སྲུང་སྐྱོབ་དགོས་པའི་ཞུ་སྐུལ་ཡང་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།