Tibetan Royal Year of 2151 | Year of the Wood Dragon

ཡུ་རོབ་མཐུན་ཚོགས་དང་ཚོགས་མི་རྒྱལ་ཁབ་ཁག་ལ་པེ་ཅིང་གི་དགུན་དུས་ཨོ་རྩལ་ལ་ཞུགས་རྒྱུ་མེད་པའི་འབོད་སྐུལ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཡུ་རོབ་མཐུན་ཚོགས་དང་དེའི་ཚོགས་མི་རྒྱལ་ཁབ་ཁག་ལ་པེ་ཅིང་ནང་འཚོགས་ལ་ཉེ་བའི་དགུན་དུས་ཨོ་རྩལ་འགྲན་བསྡུར་ལ་མཉམ་ཞུགས་གནང་རྒྱུ་མེད་པའི་ཞུ་ཡིག་ཕུལ་འདུགའབོད་སྐུལ་གྱི་ཞུ་ཡིག་ལ་ཡུ་རོབ་རྒྱལ་ཡོངས་ཀྱི་གྲོས་ཚོགས་འཐུས་མི་གྲངས་ ༢༧ དང་ཡུ་རོབ་གྲོས་ཚོགས་འཐུས་མི་ ༣༩ བཅས་མི་གྲངས་ ༦༦ གིས་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བཀོད་པ་ཞིག་ཆགས་ཀྱི་འདུག་པ་དང་། ཁོང་རྣམས་ཀྱིས་གཙོ་བོ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ལྟོས་མེད་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱ་ནག་ལ་སླར་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་གོ་སྒྲིག་བྱ་རྒྱུའི་གོ་སྐབས་གནང་བ་དེ་ནི་གོམ་ལོག་སྤོས་པ་ཞིག་རེད་ཅེས་བརྗོད་དེ་རྒྱ་ནག་ལ་དེ་ལྟ་བུའི་རྒྱལ་སྤྱིའི་རྩེད་འགྲན་གོ་སྒྲིག་བྱ་རྒྱུའི་འོས་བབ་མེད་སྐོར་ནན་བརྗོད་གནང་བ་མ་ཟད་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་ཨོ་རྩལ་འགྲན་ཚོགས་སྐབས་སུ་བོད་མིས་ངོ་རྒོལ་གནང་བར་བརྟེན་ཨོ་རྩལ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༨ རྗེས་སུ་བོད་ནང་གུ་ཡངས་དང་ཡར་རྒྱས་འགྲོ་ངེས་ཡིན་པར་བསྒྲགས་ཡོད་ཀྱང་དོན་དངོས་ཐོག་བོད་ནང་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པ་མ་ཚད་པར་ཤིན་ཅང་དང་ནང་སོག་བཅས་ཀྱི་ནང་སྨྲ་བརྗོད་རང་བདང་དང་ཆབ་སྲིད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པར་སྐྱོན་བརྗོད་ནན་པོ་བྱས་འདུགདེ་བཞིན་ཞུ་ཡིག་ནང་སྲིད་འཛིན་ཞི་ཅིན་ཕིང་གིས་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་འོག་བོད་གཙོས་ཧོང་ཀོང་དང་ཤར་ཏུ་ཀིས་ཐན། ལྷོ་སོག་བཅས་ཀྱི་ནང་འཆར་གཞི་ལྡན་པའི་ཐོག་མི་རིགས་རྩ་གཏོར་དང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐེར་འདོན་གནང་བ་དང་ལྷག་དོན་ Macao ནང་གི་གསར་འགོད་རང་དབང་དང་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་སོགས་ལ་ཆེས་དྲག་གནོན་བྱེད་མུས་ཡིན་པ་དག་ནི་རྒྱལ་སྤྱིའི་ཨོ་རྩལ་གྱི་བཟང་སྤྱོད་ཀྱི་སྒྲིག་གཞི་དང་འགལ་ཡོད་པ་ལུང་འདྲེན་གནང་བ་མ་ཟད། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་གནང་མཁན་དང་ལྷན་དུ་བཞག་པའི་སྒྲིག་མཐུན་ནང་གསལ་རྒྱལ་ཚོགས་ཀྱི་འབྲུ་དོན་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཆ་རྐྱེན་ཁག་གཅིག་ཁ་སྣོན་གནང་ཡོད་ཀྱང་། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་སྒྲིག་མཐུན་དེ་གཏན་འབེབས་མ་གནང་བའི་གོང་དུ་རྒྱ་ནག་ལ་དགུན་དུས་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱ་རྒྱུའི་མགྲོན་བདག་གནང་ཡོད་པ་རེད། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ནས་རྒྱ་ནག་ལ་འདྲི་རྩད་བྱ་རྒྱུའི་འགན་དབང་ཡོད་ཀྱང་ལྷན་ཚོགས་ཀྱིས་དེ་ལྟར་མ་གནང་བ་དེས་དེ་སྔ་ཁས་ལེན་བྱས་པའི་དམ་བཅའ་རྣམས་སྲུང་སྐྱོབ་མ་ཐུབ་པ་ཞིག་མཚོན་གྱི་ཡོད་ཅེས་སྐྱོན་བརྗོད་གནང་བ་དང་ཆབས་ཅིག་ཏུ་ད་ཆ་ཡུ་རོབ་གཞུང་གི་ངོས་ནས་རྒྱ་ནག་གི་དྲག་གནོན་སྲིད་བྱུས་དག་ལ་ངོ་རྒོལ་གནང་ཕྱིར་ཡོ་རུབ་མཐུན་ཚོགས་དང་དེའི་གཞུང་གི་ངོས་ནས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་མ་འཚོགས་པའི་སྔ་རོལ་དུ་རྒྱ་ནག་ནང་གི་ཉམ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་ཀྱི་རྣམ་པ་བསྟན་དགོས་པ་དང་། ཡུ་རོབ་རྒྱལ་ཁབ་ཀྱི་ཨོ་རྩལ་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་ཡོངས་རྩེད་འགྲན་པ་རྣམས་ལ་གནད་དོན་དེ་དག་ཐོག་གོ་རྟོགས་སྤེལ་དགོས་ངེས་ཡིན་པར་ནན་སྐུལ་གནང་ཡོད།ཉེ་ཆར་ཨ་རི་གཙོས་ཁེ་ན་ཌ་དང་དབྱིན་ཡུལ་སོགས་རྒྱལ་ཁབ་ཁག་ཅིག་གིས་འཚོགས་ལ་ཉེ་བའི་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ཐོག་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་མི་སྣ་གཏོང་རྒྱུ་མིན་པ་ཡོངས་གྲགས་གནང་དོན་བཞིན་ཡུ་རོབ་མཐུན་ཚོགས་དང་ཚོགས་མི་རྒྱལ་ཁབ་ཁག་ནས་དེ་དེ་བཞིན་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་ལྷག་དོན་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་མ་ཕྱིན་པའི་བར་དུ་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་ཁ་ཡ་བྱ་རྒྱུ་མེད་པ་མ་ཟད་གནད་དོན་དེའི་ཐོག་ཡུ་རོབ་མཐུན་ཚོགས་ནས་ཆིག་སྒྲིལ་གྱི་བཞེངས་ཕྱོགས་བརྟན་པོ་བཟུང་སྟེ་རྒྱ་གཞུང་གི་དཀའ་སྡུག་འོག་ཡོད་པའི་མི་རིགས་དག་ལ་རྒྱབ་སྐྱོར་གྱིས་བརྡ་ལན་ཤུགས་ཆེན་པོ་སྤྲོད་དགོས་པ་དང་དེ་ལྟར་མ་གནང་བ་དེས་རྒྱ་གཞུང་གི་ཚུལ་མིན་བྱ་སྤྱོད་དག་ལ་བཟོད་བསྲན་བྱས་པ་ལྟ་བུའི་བརྒྱུད་རྒྱ་ནག་གིས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་ཐོག་མུ་མཐུད་དམ་དྲག་སྔར་ལྷག་བྱ་ངེས་ཡིན་པ་མ་ཟད། དེས་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་ཁྱད་གསོད་ཀྱིས་དེ་སྔ་ཁས་ལེན་བྱས་པའི་ཨོ་ལམ་པིལ་རྩེད་འགྲན་གྱི་ལྟ་གྲུབ་ཀྱི་སྙིང་སྟོབས་དང་རིན་ཐང་བཅས་ལ་བརྩི་མེད་རྡོག་རོལ་གཏོང་ངེས་ཡིན་པར་ནན་བརྗོད་གནང་འདུག ད་ཆ་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་དངོས་སུ་འགོ་འཛུགས་བྱ་བར་ཉིན་གྲངས་བཅུ་ལས་མེད་པ་ལྟར་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་ཁག་གིས་རྩེད་འགྲན་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བཞིན་པའི་མཚམས་སུ་ཁ་སང་བོད་མི་དང་ཧོང་ཀོང་ལས་འགུལ་བ་ཁག་གཅིག་ཨ་རི་ Colorado མངའ་སྡེའི་ Aspen ཁུལ་དུ་ཚོགས་པའི་ X Games རྩེད་འགྲན་ཚོགས་ཡུལ་ས་ཚིགས་སུ་ཆེད་བསྐྱོད་ཀྱིས་ཨོ་ལམ་པིཀ་རྩེད་འགྲན་པ་རྣམས་དང་ཐུག་འཕྲད་ཐོག་ནས་འགྲན་ཚོགས་ཐོག་ཕེབས་རྒྱུ་མེད་པའི་ཞུ་སྙན་ཕུལ་བ་མ་ཟད། རྩེད་འགྲན་ལ་མ་ཕེབས་པའི་གོང་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ཇི་ཆགས་ཐད་ལ་ངེས་པར་དུ་རྒྱུས་ལོན་གནང་དགོས་སྐོར་ནན་སྐུལ་གནང་ཡོད།ཟླ་བ་འདིའི་ཚེས་ ༢༢ ཉིན་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱིས་སུད་སི་ Zurich གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་པེ་ཅིང་གི་ཨོ་ལམ་པིཀ་རྩེད་འགྲན་ལ་མཐུན་འགྱུར་བྱེད་མཁན་  Omega བཟོ་ཚོང་ཁང་གི་ཚོུད་ཀྱི་ཚོང་ཁང་མདུན་ངོས་སུ་མི་རིགས་རྩ་མེད་བཟོ་བའི་རྩེད་འགྲན་ལ་མཉམ་ཞུགས་བྱ་རྒྱུ་མེད་པའི་སྦྱར་ཡིག་ཁག་ཅིག་བཤམ་སྟོན་གནང་སྟེ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་སྐར་མ་ཁ་ཤས་ནང་ཚུད་ལ་སྐོར་སྲུང་མི་སྣས་བོད་མི་ལས་འགུལ་བ་རྣམས་ཀྱི་ཕྱག་ནས་སྦྱར་ཡིག་དེ་དག་ཧོབ་འཕྲོག་བྱས་པ་དང་སྒེར་གྱི་ཞིབ་ཕྲའི་གནས་ཚུལ་ཁག་རྒྱུས་ལོན་བྱས་ཏེ་ཁོང་རྣམས་ལ་དངུལ་ཆད་ཀྱང་བཏང་འདུག

དེ་བཞིན་ཚེས་ ༢༡ ཉིན་འཇར་མ་ནིའི་རྒྱལ་ས་ Berlin ནང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ Tibet Initiative Deutschland ཞེས་ Germany ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟུང་འབྲེལ་གྱིས་ཁུལ་དེར་རྟེན་གཞི་བྱས་པའི་པེ་ཅིང་གི་ཨོ་ལམ་པིཀ་རྩེད་འགྲན་ལ་མཐུན་འགྱུར་བྱེད་མཁན་ Allianz བཟོ་ཚོང་ཁང་གི་ལས་ཁུངས་མདུན་དུ་ལས་འགུལ་བས་རང་ཉིད་ཀྱི་སྐེར་ལྕགས་ཐག་བརྒྱབ་ནས་མི་རིགས་རྩ་མེད་བཟོ་བའི་རྩེད་འགྲན་ལ་མཉམ་ལས་གནང་རྒྱུ་མེད་པའི་ངོ་རྒོལ་གནང་སྟེ་ང་ཚོས་བོད་རང་དབང་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པར་རྒྱབ་སྐྱོར་མ་གནང་རོགས་ཞེས་སྐད་འབོད་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།