Tibetan Royal Year of 2151 | Year of the Wood Dragon

བོད་མི་དང་ཡུ་གུར་བའི་རིགས་རྫས་ཆོག་མཆན་མེད་པར་སྤྱོད་པའི་ཉམས་ཞིབ་སྙན་ཐོ་ཞིག་ཕྱིར་འཐེན།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་ནག་གི་ཚན་རིག་ཉམས་ཞིབ་པ་ཁག་གཅིག་གིས་རྒྱལ་སྤྱིའི་ཉམས་ཞིབ་པ་ཁག་གཅིག་དང་ཟུང་འབྲེལ་ཐོག་འདོན་སྤེལ་བྱས་པའི་འགྲོ་མིའི་རིགས་རྒྱུད་བརྟག་དཔྱད་དང་འབྲེལ་བའི་ཉམས་ཞིབ་ཀྱི་སྙན་ཐོར་བོད་མི་དང་ཡུ་གུར་གཙོས་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་མི་སེར་ ༣༨༠༠༠ གྱི་ DNA འམ་རིགས་རྫས་ཆོག་མཆན་མེད་པར་བེད་སྤྱོད་བྱས་པའི་གནས་སྟངས་དབང་གིས་ད་ཆ་ཉམས་ཞིབ་སྙན་ཐོའི་ནང་འཁོད་པའི་བོད་མི་དང་ཡུ་གུར་བའི་སྐོར་གྱི་ཚན་པ་ཁག་ཕྱིར་འཐེན་བྱས་འདུགརྒྱ་ནག་གི་ཚན་རིག་ཉམས་ཞིབ་པ་ཁག་གཅིག་ནས་ཕྱིའི་ཉམས་ཞིབ་པ་ཁག་དང་ཟུང་འབྲེལ་ཐོག་ཕྱོགས་སྒྲིག་བྱས་པའི་འགྲོ་བ་མིའི་རིགས་རྒྱུད་བརྟག་དཔྱད་དང་འབྲེལ་བའི་ཉམས་ཞིབ་སྙན་ཐོ་དེ་ཐོག་མར་ཕྱི་ལོ་ ༢༠༡༧ ལོར་འཇར་མ་ནིའི་ Springer ཞེས་པའི་ཚན་རིག་དུས་དེབ་པར་འགྲེམས་ཁང་ནས་ Human Genetics ཞེས་པའི་དུས་དེབ་ནང་ལ་འདོན་སྤེལ་བྱས་ཡོད་པ་དང་། ཕྱིས་སུ་ Belgium ཡི་ Leuven གཙུག་ལག་སློབ་གཉེར་ཁང་གི་སྐྱེ་དངོས་ཚན་རིག་གི་སློབ་དཔོན་ Yves Moreau ལགས་གཙོས་ཚན་རིག་མཁས་པ་ཁག་ཅིག་ནས་སྙན་ཐོའི་ནང་གསལ་བའི་བོད་མི་དང་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ཀྱི་རིགས་རྫས་སྐོར་འཁོད་པ་དེ་དག་དོ་བདག་མི་སེར་ནས་ཆོག་མཆན་ཡོད་པའི་ཐོག་བེད་སྤྱོད་བྱས་པ་ཞིག་ཡིན་མིན་དང་ལྷག་པར་དུ་ཉམས་ཞིབ་སྙན་ཐོ་དེ་བྲིས་མཁན་ཁོངས་སུ་རྒྱ་ནག་གཞུང་གི་བདེ་འཇགས་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཡོད་སྟབས་སྙན་ཐོ་དེ་ཚད་ལྡན་ག་ཚོད་ཡིན་མིན་ཐད་ཞིབ་འཇུག་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།

ཁ་སང་གནད་དོན་དེ་དང་འབྲེལ་ Springer ཞེས་པའི་ཚན་རིག་དུས་དེབ་པར་འགྲེམས་ཁང་ནས་རྒྱ་ནག་གི་ཚན་རིག་ཉམས་ཞིབ་པ་རྣམས་ལ་སྙན་ཐོའི་ནང་གསལ་བའི་བོད་དང་ཡུ་གུར་བས་གཙོས་པའི་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་རིགས་རྫས་མཁོ་སྒྲུབ་གང་འདྲ་བྱས་ཡོད་མེད་སོགས་ཀྱི་ཐད་ལ་འདྲི་རྩད་བྱེད་བཞིན་པའི་སྐབས་ལན་འདེབས་ཁ་གསལ་གང་ཡང་བྱས་མེད་སྟབས། ད་ཆ་ཉམས་ཞིབ་སྙན་ཐོའི་ནང་གསལ་བའི་བོད་མི་དང་ཡུག་གུར་བའི་རིགས་རྫས་སྐོར་གྱི་ཚན་པ་ཁག་ཉེ་ཆར་ཕྱི་ཟླ་བཅུ་གཉིས་ཀྱི་ཟླ་མཇུག་ནས་ཕྱིར་འཐེར་བྱས་ཟིན་ཡོད་སྐོར་གསུངས་འདུག

ཉམས་ཞིབ་ཀྱི་གྲུབ་དོན་དེ་ཕྱིན་འཐེན་གནང་བའི་རྗེས་སུ་གནད་དོན་དེའི་ཐོག་འདྲི་རྩད་གནང་མཁན་སློབ་དཔོན་ Yves Moreau ལགས་ནས་ཉམས་ཞིབ་ཀྱི་དུས་དེབ་པར་འགྲེམས་གནང་མཁན་ནས་ཉམས་ཞིབ་ཀྱི་ནང་དོན་ཁག་ལ་ཐོག་མ་ཉིད་ནས་དོ་སྣང་ནན་པོ་མ་གནང་བ་དེ་ནི་འཐུས་ཤོར་ཞིག་ཡིན་པ་དང་། ལྷག་པར་དུ་ཁོང་ནས་སྙན་ཐོ་དེར་དམིགས་བསལ་གྱི་དོན་སྣང་གནང་དོན་ནི་རྒྱལ་སྤྱིའི་ཐོག་མང་ཚོགས་ལ་ལྟ་སྲུང་བྱེད་མཁན་གྱི་གཞུང་གཙོ་བོ་དེ་རྒྱ་ནག་ཆགས་ཀྱི་ཡོད་སྟབས་རྣམ་ཀུན་ནས་རྒྱ་ནག་གིས་འདོན་སྤེལ་བྱས་པའི་སྙན་ཐོ་ཁག་ལ་ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

དབྱིན་ཡུལ་ནང་ཡོད་པའི་ཁྲིམས་དང་ཞུ་སྐུལ་ལས་རིགས་ཐོག་ཕྱག་ལས་གནང་མཁན་ Samuel Pitchford ལགས་ནས་ ༢༠༡༧ ལོར་ཉམས་ཞིབ་སྙན་ཐོ་དེ་འདོན་སྤེལ་བྱས་པའི་དུས་སྐབས་དེ་ནི་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་བའི་ DNA འམ་རིགས་རྫས་བཙན་དབང་ཐོག་མཁོ་སྒྲུབ་བྱས་ཏེ་གསང་བའི་ལྟ་སྲུང་གི་ལས་གཞི་རྒྱ་སྐྱེད་བཏང་དུས་དང་གཅིག་མཚུངས་ཁེལ་གྱི་ཡོད་སྟབས། ཉམས་ཞིབ་ཀྱི་སྙན་ཐོའི་ནང་གསལ་བའི་བོད་མི་དང་ཡུ་གུར་བའི་རིགས་རྫས་དེ་དག་རྒྱ་ནག་གཞུང་དང་ལག་འབྲེལ་བྱས་ཏེ་བེད་སྤྱོད་ལོག་པར་བཏང་བ་ཞིག་ཡིན་པར་འགྲེལ་བརྗོད་དང་སྦྲགས། ཉམས་ཞིབ་དེ་ནི་ཉམས་ཞིབ་པའི་གཞི་རྩའི་རྩ་འཛིན་དང་འགལ་བ་ཙམ་མ་ཟད་མི་སེར་སྒེར་གྱི་འཕྲོད་བསྟེན་དང་འབྲེལ་བའི་གནས་ཚུལ་ལོག་སྤྱོད་བྱས་པ་ཞིག་ཀྱང་རེད་ཅེས་གསུངས་འདུག

དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ Sophie Richardson ལགས་ཀྱིས་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་རིགས་རྫས་བཙན་དབང་ཐོག་བསྡུ་རུབ་བྱེད་བཞིན་པ་མ་ཟད་ད་ལྟའི་གནད་དོན་འདིས་རྒྱ་ནག་ནང་ལ་མང་ཚོགས་སྒེར་སོ་སོའི་གནས་ཚུལ་སྲུང་སྐྱོབ་གནང་དབང་མེད་པ་གསལ་པོ་མཚོན་ཡོད་ཅེས་གསུངས་ཡོད།

རྒྱལ་སྤྱིའི་དུས་དེབ་ནང་ནས་རྒྱ་ནག་གཞུང་དང་རྒྱ་ནག་གི་ཉམས་ཞིབ་པས་འདོན་སྤེལ་བྱས་པའི་ཉམས་ཞིབ་ཀྱི་གྲུབ་དོན་ཕྱིེར་འཐེན་བྱས་པ་ད་རེས་ཐེངས་པོ་མིན་པ་དང་སྔ་ལོའི་ཕྱི་ཟླ་བརྒྱད་པ་དང་བཅུ་གཅིག་ནང་ལ་རྒྱ་ནག་གིས་བྲིས་པའི་འཕྲོད་བསྟེན་དང་འབྲེལ་བའི་ཉམས་ཞིབ་ཀྱི་སྙན་ཐོ་ཁག་གཅིག་རྒྱལ་སྤྱིའི་འཕྲོད་བསྟེན་ཉམས་ཞིབ་ཀྱི་དུས་དེབ་དང་། Human Genetics ཞེས་པའི་དུས་དེབ་བཅས་ནས་ཕྱིར་འཐེན་བྱས་པའི་གནས་སྟངས་བྱུང་ཡོད།

ད་རེས་སླར་ཡང་ Human Genetics ཞེས་པའི་ཉམས་ཞིབ་དུས་དེབ་ནང་ནས་ཕྱིར་འཐེན་བྱས་པའི་ཉམས་ཞིབ་ཀྱི་སྙན་ཐོ་དེ་བྲིས་མཁན་ཁོངས་སུ་ཕྱིའི་ཉམས་ཞིབ་པ་ཁག་གཅིག་ཡོད་པ་རྣམས་ཀྱིས་ Springer ཚན་རིག་དུས་དེབ་པར་འགྲེམས་ཁང་གི་ཐག་གཅོད་ལ་ངོས་བཞེས་གནང་འདུག་ཀྱང་རྒྱ་ནག་གི་ཉམས་ཞིབ་པས་ཐག་གཅོད་བྱས་ཁག་ལ་མོས་མཐུན་མེད་པའི་རྣམ་བསྟན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།