འདས་པའི་ལོའི་ནང་རྒྱ་ནག་གཞུང་གིས་བོད་མི་དང་། ཡུ་གུར་གྲངས་ཉུང་མི་རིགས། དེ་བཞིན་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་དམ་དྲག་བྱེད་བཞིན་པའི་གནས་ཚུལ་རིམ་པར་ཐོན་བཞིན་པའི་ཁྲོད་འདིར། རྒྱ་གཞུང་གིས་ཕྱི་ཕྱོགས་སུ་གནས་སྡོད་བྱེད་བཞིན་པའི་ཡུ་གུར་བ་ཚོར་བཙན་གྱིས་རྒྱ་ནག་དུ་ཕྱིར་ལོག་ཡོང་སླད་མིང་དང་སྐྱེས་ཚེས་ལྟ་བུ་མི་སྒེར་གྱི་ཞིབ་ཕྲའི་གནས་ཚུལ་གལ་ཆེན་ཁག་ནོར་ཡོད་པའི་ཕྱི་བསྐྱོད་ལག་འཁྱེར་གསར་པ་སྤྲོད་བཞིན་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་ Telegraph གསར་ཤོག་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གིས་ཡུ་གུར་མི་རིགས་རྣམས་ཕྱི་རྒྱལ་དུ་འགྲུལ་བསྐྱོད་བྱ་རྒྱུར་དམ་དྲག་ནན་པོ་བྱེད་བཞིན་ཡོད་པ་དང་། ཕྱི་བསྐྱོད་ལག་འཁྱེར་གྱི་སྙན་ཞུའི་བརྒྱུད་རིམ་ནང་གཞུང་ཁང་འདྲ་མིན་ནས་ཆོག་མཆན་ཞུ་དགོས་པ་སོགས་ཀྱི་ཆ་རྐྱེན་འདྲ་མིན་བཟོས་ཏེ། དམ་དྲག་ཇེ་ཆེར་གཏོང་བའི་བརྒྱུད་ཡུ་གུར་མི་རིགས་ཚོའི་འགྲུལ་བསྐྱོད་རང་དབང་གི་ཐོབ་ཐང་བཙན་འཕྲོག་བྱེད་བཞིན་པའི་ཐོག ད་ཆ་རྒྱ་གཞུང་གིས་ཕྱི་ཕྱོགས་སུ་ཡོད་པའི་ཡུ་གུར་བ་ཚོར་བཙན་གྱིས་རྒྱ་ནག་ནང་ཕྱིར་ལོག་བྱ་ཕྱིར་སྲིད་བྱུས་གསར་པ་ཞིག་ལག་བསྟར་བྱེད་བཞིན་པའི་འོག ཕྱི་བསྐྱོད་ལག་འཁྱེར་དང་འབྲེལ་བའི་རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་ཕྱིའི་ཡུལ་གྲུ་ཁག་ཏུ་ལས་ཀ་དང་ཤེས་ཡོན། ལྷག་པར་བྲོས་བྱོལ་དུ་ཕེབས་མཁན་གྱི་ཡུ་གུར་བ་ཚོར་མིང་དང་སྐྱེས་ཚེས་ལྟ་བུ་མི་སྒེར་གྱི་ཞིབ་ཕྲའི་གནས་ཚུལ་གལ་ཆེན་ཁག་ནོར་ཡོད་པའི་ཕྱི་བསྐྱོད་ལག་འཁྱེར་གསར་པ་སྤྲོད་བཞིན་པ་དང་། ནོར་འཁྲུལ་དེ་དག་རྐྱེན་པས་ཡུ་གུར་བ་ཚོར་ས་གནས་སོ་སོའི་ཁྲིམས་ཐོག་ནས་དཀའ་ངལ་ཆེན་པོ་འཕྲད་ངེས་ཐོག རྒྱ་ནག་ལ་ཕྱིར་ལོག་བྱེད་དགོས་ཁེལ་བའི་ཉེན་ཁ་ཡང་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུག

དེ་འབྲེལ་ཡུ་གུར་མི་རིགས་ཀྱི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་ཁག་གཅིག་གིས། རྒྱ་གཞུང་གིས་ཡུ་གུར་བ་ཚོའི་ཆེད་དུ་ནོར་འཕྲུལ་ཅན་གྱི་ཕྱི་བསྐྱོད་ལག་འཁྱེར་སྤྲོད་པའི་ངན་བྱུས་དེར་སྐྱོན་བརྗོད་ནན་པོ་དང་འབྲེལ། བྱ་སྤྱོད་དེ་ནི་རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་ཕྱོགས་སུ་ཡོད་པའི་ཡུ་གུར་བར་དྲག་གནོན་བྱེད་བཞིན་པའི་དཔེ་མཚོན་གསར་ཤོས་དེ་ཡིན་པ་མ་ཟད། དེས་བྲོས་བྱོལ་དུ་ཕེབས་པའི་ཡུ་གུར་བ་རྣམ་པའི་བདེ་འཇགས་ལ་གནོད་འཚེ་ཆེན་པོ་བཟོ་ངེས་དང་། ལྷག་པར་རྒྱ་ནག་ནང་ཕྱིར་ལོག་བྱ་དགོས་འབྱུང་ཚེ་ཁོང་ཚོར་འཛིན་བཟུང་བཙོན་འཇུག་དང་། ཡང་ན་དེ་ལས་ལྷག་པའི་དྲག་གནོན་འབྱུང་སྲིད་པའི་ཉེན་ཁ་ཡོད་སྐོར་གསུངས་འདུག
གཞན་ཡང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་གཞུང་གིས་དེ་གའི་མང་ཚོགས་གཙོ་བྱས་པའི་གྲངས་ཉུང་མི་རིགས་ཚོར་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་དམ་དྲག་བྱེད་ཐོག ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུ་བྱས་པའི་གནས་ཚུལ་ཐོན་བཞིན་པ་དང་། དེའང་ཕྱི་ལོ་ ༢༠༢༡ ལོ་ནས་བཟུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཤེས་ཡོན་དང་ལས་ཀ་སོགས་ཀྱི་ཆེད་རྒྱལ་ཁབ་གཞན་ལ་བསྐྱོད་མཁན་ཚོར་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་དམ་དྲག་བྱེད་བཞིན་པའི་ཁྲོད། ཞི་ཅིན་ཕིང་གིས་ད་ཆ་སློབ་གྲྭའི་དགེ་རྒན་ཚུན་ཆད་ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུ་བྱས་ཏེ་ཕྱོགས་ཡོངས་ནས་དམ་དྲག་ཆེ་རུ་གཏོང་ཡོད་པའི་གནས་ཚུལ་ཐོན་འདུག

མ་ཟད། རྒྱ་ནག་གཞུང་གི་ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུ་བྱེད་པའི་སྲིད་བྱུས་དེ་ནི་རྒྱ་རིགས་ཚོའི་བདེ་འཇགས་དང་འབྲེལ་བ་ཆགས་ཀྱི་ཡོད་སྐོར་བརྗོད་བཞིན་པ་དེ་ལྟར་ཡང་། གནད་དོན་དཔྱད་ཞིབ་པས་དགེ་རྒན་དང་གཞུང་གཉེར་སྡེ་ཁག་ཚོའི་ལས་བྱེད་ཚུན་ཆད་ཀྱི་ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུ་བྱེད་བཞིན་པ་དང་། དེའི་དགོས་དོན་གཙོ་བོ་ནི། ལམ་ལུགས་དེའི་འོག་ས་གནས་གཞུང་གི་ལས་བྱེད་པ་གང་ཟག་སུ་ཞིག་ས་གནས་གང་དུ་བསྐྱོད་མིན་དང་། ཐེངས་ག་ཚོད་བསྐྱོད་ཀྱི་ཡོད་མེད་བཅས་ཀྱི་ཕྱོགས་ཡོངས་ནས་མང་ཚོགས་ཀྱི་འགྲོ་སྡོད་སྤྱོད་གསུམ་གྱི་གནད་དོན་ལ་སྟངས་འཛིན་བྱེད་རྒྱུའི་ཐབས་ལམ་ཡིན་པ་དང་ཆབས་ཅིག རྒྱ་རིགས་སློབ་ཕྲུག་གཙོས་པའི་གཞུང་གི་ལས་བྱེད་རྣམས་ཕྱིར་བསྐྱོད་པ་ཡིན་ན་ཕྱིའི་རྒྱལ་ཁབ་ཀྱི་དམངས་གཙོ་ལ་སོགས་པའི་བཟང་སྤྱོད་ཀྱི་བསམ་བློ་འཛིན་རྒྱུ་དང་རང་དབང་ལོངས་སྤྱོད་འགོག་ཐབས་བྱེད་ཀྱི་ཡོད་པ་དང་། ལྷག་པར་ཕྱིའི་རྒྱལ་ཁབ་ཚོས་རྒྱ་ནག་ལ་ལྟ་ཕྱོགས་གང་འདྲ་ཡོད་མེད་ཀྱི་གནད་ལུགས་རྟོགས་པར་འགོག་རྐྱེན་བཟོ་སླད་ཡིན་པ་གསུངས་མཁན་འདུག
གཞི་རྩའི་བོད་ནང་དུ་བོད་མི་རྣམས་ཀྱི་ཕྱི་བསྐྱོད་ལག་ཁྱེར་ཕྱིར་བསྡུ་བྱས་ཏེ་བོད་མིའི་འགྲུལ་བཞུད་ལ་དམ་དྲག་བྱས་པའི་སྲིད་བྱུས་ལོ་ཤས་སྔོན་ནས་ལག་བསྟར་བྱེད་བཞིན་པའི་འོག བོད་ནང་གི་བོད་མི་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་པའི་ཁྲོད། འདས་པའི་ལོའི་ནང་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ཡོངས་སུ་བརྩི་མེད་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ནས་གྲངས་ཉུང་མི་རིགས་གཙོས་པའི་དེ་གའི་མང་ཚོགས་ཡོངས་ཀྱི་འགྲོ་བསྐྱོད་རང་དབང་ལ་དམ་དྲག་བྱེད་བཞིན་པ་མ་ཟད། སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་རྒྱ་གཞུང་གིས་དེ་གའི་མང་ཚོགས་གཙོས་པའི་རྒྱ་གཞུང་གི་བཙན་གནོན་འོག་ཡོད་པའི་བོད་མི་དང་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བསྐྱོད་རང་དབང་གི་ཐོབ་ཐང་སྔར་ལྷག་བཙན་འཕྲོག་བྱས་ཡོད་པའི་ཐོག ཕྱི་བསྐྱོད་ལག་འཁྱེར་མི་སྤྲོད་པའི་སྲིད་བྱུས་དེས་ཁོང་རྣམ་པར་ཕྱིའི་ཡུལ་གྲུ་ཁག་ཏུ་ལས་ཀ་དང་ཤེས་ཡོན། ཡུལ་སྐོར་སྤྲོ་འཆམ། ལྷག་པར་དུ་ནང་མི་སྤུན་ཉེ་དང་ཐུག་འཕྲད་འགོག་ཐབས་ཀྱི་ལག་ཆ་ཞིག་ཏུ་གྱུར་ཡོད་པ་རེད།




