Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་གསང་མྱུལ་བ་དང་འབྲེལ་ནས་བོད་པའི་དགོན་སྡེ་ཁག་ཅིག་ལ་ཞིབ་བཤེར་གནང་བཞིན་འདུག

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཉེ་ལམ་རྒྱ་གར་གྱི་ཁྲལ་བསྡུ་ལས་ཁུངས་ཀྱིས་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་གྲོང་ཁྱེར་ Gaziabad དང་། Gurugram བཅས་ཀྱི་ས་ཚིགས་ ༢༡ ཙམ་ནང་གི་རྒྱ་གར་དང་རྒྱ་རིགས་ཁག་ཅིག་གི་ཁྱིམ་ལ་གློ་བུར་དུ་སྔོག་གཤེར་གྱི་ལས་དོན་སྤེལ་བའི་ཁྲོད། ཧིན་སྐོར་བྱེ་བ་ ༡༠༠༠ ཅན་གྱི་དངུལ་གྱི་ནག་ཚོང་འོག་ Charlie Peng འམ་བློ་བཟང་ཟེར་བའི་སྐྱེས་པ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། ཁོ་པ་ནི་རྒྱ་གར་གྱི་ནང་དུ་དངུལ་ཚོང་གཉེར་ཞོར་དུ་༸གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་གསང་གནས་འཚོལ་བསྡུ་བྱེད་མཁན་རྒྱ་ནག་གི་གསང་མྱུལ་བ་ཅིག་ཡིན་པར་ར་འཕྲོད་བྱུང་ཡོད་པ་མ་ཟད། ཟླ་བ་འདིའི་ཚེས་ ༢༡ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཁོས་བྱེས་བཞུགས་བོད་མི་དག་དང་ལྷག་དོན་༸གོང་ས་མཆོག་གི་༸སྐུ་ཕྱྭ་སོགས་ཀྱི་སྐོར་ལ་གནས་ཚུལ་མཁོ་སྒྲུབ་བྱེད་ཀྱི་ཡོད་སྟབས་དགེ་འདུན་པ་ཁག་ཅིག་ལ་དངུལ་འབོར་ཆེན་སྤྲད་ཡོད་པའི་གནས་ཚུལ་དང་འབྲེལ། ད་ལྟའི་ཆར་རྒྱ་གར་གྱི་ཉེན་རྟོག་པས་བོད་པའི་དགོན་སྡེ་ཁག་ཅིག་ལ་ཞིབ་བཤེར་གནང་མུས་རེད་འདུག

དེའང་ CNN TV 18 བརྙན་འཕྲིན་ལས་ཁང་གིས་གནས་ཚུལ་སྤེལ་གསལ།  Charlie Peng ཟེར་བའི་སྐྱེས་པ་དེས་འདས་པའི་ལོ་གཉིས་ཀྱི་ནང་དགེ་འདུན་པ་བརྒྱ་མ་ཟིན་ཙམ་ཞིག་ལ་དངུལ་འབོར་ཆེན་སྤྲད་པའི་གནས་ཚུལ་ཐོན་པ་མ་ཟད། ཁོའི་ལས་རོགས་ཁག་ཅིག་གིས་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་དུ་གནས་བཞུགས་དགེ་འདུན་པ་ཁག་ཅིག་ལའང་དངུལ་སྤྲད་ཡོད་པའི་གནས་ཚུལ་ངོས་ལེན་བྱས་པ་ལྟར་རྒྱ་གར་གྱི་འབྲེལ་ཡོད་མི་སྣས་ད་ལྟའི་ཆར་བསམ་ཡས་གླིང་གི་དགོན་སྡེ་གཅིག་དང་། གཞན་ཡང་ལྷོ་ཕྱོགས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གིས་གཙོས་པའི་དགོན་སྡེ་ཁག་ཅིག་གི་དངུལ་གྱི་འབྱུང་ཁུངས་ལ་ཞིབ་བཤེར་གནང་མུས་ཡིན་པ་རེད་འདུག

ཁ་སང་ཕྱི་ཚེས་ ༢༣ ཉིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གིས་གནས་ཚུལ་དེ་དང་འབྲེལ་ནས་ཡོོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་གནང་འདུག་པ་དང་། དེའི་ནང་སེར་སྨན་གྲྭ་ཚང་གི་ལས་ཁུངས་དབུས་མ་ཕྱག་མཛོད་ཁང་དང་དེའི་སྡེ་ཚན་ཁག་བཅས་ནས་ཉེ་ཆར་གསར་འགྱུར་ཁག་ནས་འདྲ་པར་དང་མིང་འདོན་བྱས་པའི་ལོ་བཟང་ཞེས་པ་དེ་དང་། དེ་འདྲའི་རིགས་ཀྱི་མི་སྒེར་དང་ཚོགས་པ་གང་ནས་ཀྱང་ད་བར་དངུལ་སྤྲོད་ལེན་གྱི་འབྲེལ་བ་མེད་པ་དང་། དེ་དག་དང་འབྲེལ་བའི་ལས་གཞིའི་རིགས་གང་ཡང་བརྩམས་མེད་ལ་མ་འོངས་པ་ལའང་བརྩམ་རྒྱུ་མིན་པའི་དམ་བཅའ་བརྟན་པོ་ཡོད། གྲྭ་ཚང་གི་སྒྲིག་ཁོངས་སུ་ཡོད་པའི་དགེ་འདུན་པ་སུ་འདྲ་ཞིག་ཡིན་རུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭ་དང་བོད་མིའི་རྩ་དོན་ལ་གནོད་པའི་ལས་དོན་དངོས་སུ་སྤེལ་བ་དང་། སྤེལ་མཁན་གྱི་མི་སྒེར་དང་ཚོགས་པ་སོགས་ལ་མཉམ་ཞུགས་བྱས་ཡོད་པ་ར་འཕྲོད་བྱུང་ཚེ། གང་ཟག་དེ་ཡུལ་ཁྲིམས་དང་མཐུན་པར་ས་གནས་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་ལ་རྩིས་སྤྲོད་བྱ་རྒྱུ་མ་ཟད་གྲྭ་ཁོངས་ནས་ཀྱང་གནས་དབྱུང་གཏོང་རྒྱུ་ཡིན་ཞེས་ཆེད་བཀོད་གནང་འདུག

འདི་ག་རླུང་འཕྲིན་ཁང་གིས་སེར་སྨད་མཁན་རིན་པོ་ཆེ་བཀྲིས་ཚེ་རིང་ལགས་སུ་གནད་དོན་དེ་དང་འབྲེལ་བའི་གནས་ཚུལ་ངོ་མ་གང་ཡིན་ཤེས་རྟོགས་ཐུབ་སླད་དུ་ཞལ་པར་བརྒྱུད་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ལས་དོན་དེ་ལྟར་གཉེར་མཁན་ལ་ངོ་རྒོལ་ཡོད་པ་དང་། གྲྭ་ཚང་རང་དང་འབྲེལ་བ་གང་ཡང་མེད་པ་མ་ཟད། དེ་དང་འབྲེལ་བའི་གནས་ཚུལ་ངོ་མ་བྱུང་ཚེ་གྲྭ་ཁོངས་ནས་གནས་དབྱུང་གཏོང་རྒྱུ་ཡིན་པར་གསུངས་སོང་།

ད་དུང་མཁན་རིན་པོ་ཆེ་མཆོག་གིས་བོད་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་སེར་སྐྱ་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསང་གསུམ་གྱི་མཛད་འཕྲིན་ཁག་གཙོ་ཆེར་ངོས་འཛིན་དགོས་པ་དང་། དེ་རྗེས་ད་རེས་བྱུང་བའི་གནད་དོན་དེ་རིགས་ལ་དབུ་མ་འཁོར་བར་ཡིད་གཟབ་གནང་དགོས་ཞེས་གཞེན་སྐུལ་གནང་སོང་།

གཞི་རྩའི་རྒྱ་ནག་གི་གསང་མྱུལ་བའི་གནས་ཚུལ་ཐོན་པ་དང་འབྲེལ་ནས་བོད་མི་གཙོས་ཕྱི་ནང་གི་དད་ལྡན་མང་དག་ཅིག་ནས་༸རྒྱལ་བའི་༸སྐུ་ཕྱྭའི་གནད་དོན་སྐོར་ལ་བློ་འཚབ་ཆེན་པོ་གནང་བཞིན་པའི་ཁྲོད་འདིར་ཧི་མཱ་ཅལ་མངའ་སྡེ་བློན་ཆེན་སྐུ་ཞབས་ Jai Ram Thakur ཇེརཱམ་ཋཱཀུར་མཆོག་གིས་གསར་ལམ་ཁག་ཏུ་༸གོང་ས་མཆོག་གི་༸སྐུ་ཕྱྭའི་གནད་དོན་ལ་སྔོན་ནས་ལྟ་སྲུང་ནན་པོ་གནང་གི་ཡོད་པ་མ་ཟད་ད་དུང་ལྟ་སྲུང་གི་གཞོགས་འདེགས་རྒྱ་བསྐྱེད་གང་ཐུབ་གནང་རྒྱུ་ཡིན་པར་གསུངས་ཡོད་པ་མ་ཟད། མངའ་སྡེ་གཞུང་གིས་༸གོང་ས་མཆོག་གི་༸སྐུ་ཕྱྭ་དང་འབྲེལ་ནས་ལྷོད་གཡེང་དང་གུ་ཡངས་རྩ་བ་ཉིད་ནས་གནང་རྒྱུ་མིན་པར་ཡོངས་གྲགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་བདེ་འཇགས་ནི་མངའ་སྡེ་གཞུང་གི་གནད་དོན་གལ་ཆེན་ཞིག་ཡིན་པར་དྲན་གསོ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།