Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཟླ་བ་སྔོན་མའི་ནང་སྡེ་དགེ་དབོན་པོ་སྟོད་ཁུལ་ནས་བོད་མི་བཅུ་ལྷག་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ནས་ད་ཆ་ཟླ་བ་གཅིག་ལྷག་འགྲོ་བཞིན་ཡོད་ཀྱང་གར་ཡོད་ཤེས་རྟོགས་མེད་པར་གྱུར་འདུག

Dege Arrest
Image Credit: Tibet Times

དེ་ཡང་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༤ ནས་བཟུང་རྒྱ་གཞུང་གིས་འབྲི་ཆུར་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཆེད་ས་གནས་བོད་མི་གནས་སྤོ་དང་དགོན་སྡེ་ཁག་གཏོར་བཤིག་གི་བཙན་བཀའ་བཏང་སྟེ་ས་གནས་བོད་མི་སེར་སྐྱ་མང་ཚོགས་ཀྱིས་ཞི་རྒོལ་གནང་བར་རྒྱ་གཞུང་གིས་མང་ཚོགས་ཐོག་དྲག་གནོན་གྱིས་ལས་གཞི་ཚབས་ཆེན་སྤེལ་མུས་ཏེ། ད་བར་བོད་མི་ཞི་རྒོལ་བ་ཆིག་སྟོང་ལྷག་འཛིན་བཟུང་བཀག་ཉར་བྱས་པ་དང་། དེ་ནས་བོད་མི་འགའ་ཞིག་གློད་བཀྲོལ་བཏང་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད་པའི་ཁྲོད། ཁ་སང་བོད་ནང་གི་བོད་མི་ཞིག་གིས་བོད་ཀྱི་དུས་བབ་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་དུ། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་སྡེ་དགེ་ས་གནས་བོད་མི་ཚོས་ཡིད་ངག་གཉིས་ཀྱི་ཐོག་ནས་རྒྱ་གཞུང་ལ་ཆུ་མཛོད་གསར་རྒྱག་གི་ལས་གཞི་མཚམས་འཇོག་ཡོང་བར་ཞུ་འབོད་ལན་མང་བྱས་ཡོད་ཀྱང་རྒྱ་གཞུང་ཉེན་རྟོག་པས་རིག་འཛིན་ལགས་དང་ཐུབ་ཕུར་ལགས། བདེ་ཆེན་སྒྲོལ་མ་ལགས་དང་དབྱངས་སྐྱིད་ལགས། དེ་བཞིན་ཚེ་སྒྲུབ་ལགས་སོགས་ཚུད་པའི་བོད་མི་བཅུ་ལྷག་འཛིན་བཟུང་བཙན་ཁྲིད་བྱས་ནས་ད་ལྟའང་ཁོང་རྣམས་ཀྱི་གནས་སྟངས་ཇི་ཆགས་དང་དེ་བཞིན་ཁག་གཅིག་གི་མཚན་གང་ཡིན་སོགས་ཞིབ་ཕྲ་གསལ་རྟོགས་ཐུབ་མེད་སྐོར་གསུངས་འདུག

ད་ཆ་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་བཅུ་པོ་དེ་དག་ཕལ་ཆེ་བ་སློབ་ཆེན་སློབ་མ་ཡིན་ཞིང་ཉེ་ལམ་རྒྱ་གཞུང་གིས་དབོན་པོ་སྟོད་ཁུལ་གྱི་ས་གནས་མང་དག་ཅིག་ཏུ་བོད་མིའི་འགྲིམ་འགྲུལ་ལ་དམ་དྲག་དང་བསྔོག་བཤེར་བྱེད་ཀྱི་ཡོད་པ་མ་ཟད། ཟླ་བ་རྗེས་མར་ཁུལ་དེར་རྒྱ་གཞུང་ལས་བྱེད་མང་དག་ཅིག་ཆེད་མངགས་གཏང་རྒྱུ་ཡིན་ལུགས་སོགས་འགྲེལ་བརྗོད་གནང་འདུག

དེ་ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས་གསུངས་པར་གཞིགས་ན། ཉེ་ལམ་རྒྱ་ནག་གཞུང་གིས་སྡེ་དགེ་རྫོང་ཁོངས་སུ་དམག་མི་ཕོན་ཆེ་འགྲེམས་འཇོག་དང་། ཁྲོམ་དང་ཡུལ་འཚོ་སོགས་སུའང་དམག་མིའི་སྡོད་གུར་བརྒྱབ་ནས་སྐོར་གཡེང་དང་ལྟ་རྟོག་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཟླ་གཅིག་ཙམ་གྱི་རིང་ཁུལ་དེར་དྲ་ལམ་བཀག་སྡོམ་བྱས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག

རྩ་བའི་རྒྱ་གཞུང་གིས་སྐམ་ཐོག་ཆུ་གློག་ཁང་ཟེར་བ་འཛུགས་སྐྲུན་བྱ་རྒྱུར་ཁ་གཡར་ཏེ་སྡེ་དགེ་རྫོང་ཁུལ་གྱི་དགོན་སྡེ་དྲུག་བཙན་གཏོར་དང་གྲོང་ཚོ་གཉིས་བཙན་སྤོ་བྱ་དགོས་པའི་བཙན་བཀའ་བཏང་ཡོད་སྟབས། ཟླ་བ་སྔོན་མའི་ཚེས་ ༡༤ དང་ ༢༠ དང་ ༢༡ བཅས་སོ་སོར་ཁུལ་དེའི་བོད་མི་སེར་སྐྱ་མང་ཚོགས་ཀྱིས་རྒྱ་གཞུང་ལ་མུ་མཐུད་རེ་སྐུལ་དང་ངུ་འབོད་སོགས་གནང་ཡོད་པ་དེ་ལྟར་ཡང་སྐབས་དེར་རྒྱ་གཞུང་ཉེན་རྟོག་པ་ཕོན་ཆེ་བསླེབས་ཏེ་དགེ་འདུན་པ་དང་མང་ཚོགས་བརྒྱ་ཕྲག་སྡེབས་འཛིན་གྱིས་འདྲི་རྩད་དང་ཉེས་རྡུང་བཏང་བའི་རྐྱེན་གྱིས་སྨན་ཁང་ནང་བསྐྱལ་དགོས་བྱུང་ཡོད་པ། དེ་བཞིན་ས་གནས་མི་མང་གི་འགྲོ་འོང་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུལ་བྱུང་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།