Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་ཞིག་གནས་དབྱུང་བཏང་འདུག

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

བོད་མདོ་སྨད་རྔ་བ་རྨེའུ་རུ་མའི་སློབ་ཆུང་གི་བོད་ཡིག་དགེ་རྒན་དོན་ཡོད་ལགས་ཞུ་བ་ཞིག་གིས་རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་འཛུགས་འོག་ཁོང་དགེ་རྒན་གྱི་ལས་གནས་ནས་གནས་དབྱུང་བཏང་འདུག

དེ་ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དུས་བབས་གསར་ཁང་གིས་ཁ་སང་གནས་ཚུལ་སྤེལ་བར་གཞིགས་ན། དོན་ཡོད་ལགས་ནས་ལོ་ངོ་ ༡༥ རིང་རྨེའུ་རུ་མའི་སློབ་ཆུང་དུ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་བོད་ཡིག་དང་བོད་ཀྱི་རྒྱལ་རབས་སོགས་ཀྱི་སློབ་ཁྲིད་གནང་ཡོད་པ་དེ་ལྟར་ཡང་། ཉེ་སྔོན་ཁོང་ཐེངས་ཁ་ཤས་འབྲེལ་ཡོད་ལས་ཁུངས་སུ་བསྐོང་སྟེ། རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་ཕྲུག་ཚོར་སློབ་གསོ་གཏོང་དགོས་སྐོར་བཀའ་བཏང་མྱོང་ཡོད་པའི་ཁར། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཁོང་གི་སློབ་གསོ་གཏོང་སྟངས་འགྲིག་གི་མེད་པའི་ཉེས་འཛུགས་འོག་ལས་གནས་ནས་གནས་དབྱུང་བཏང་ཡོད་འདུག གནས་དོན་དེ་བྱུང་རྗེས་ས་གནས་ཀྱི་སློབ་ཕྲུག་དང་ཁྱིམ་བདག་ཕ་མ་རྣམས་ཀྱི་ཕངས་སེམས་ཆེན་པོས་’འདྲ་པར་དང་བརྙན་ཐུང་སོགས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཐོག་སྤེལ་བ་དང་། ཁོང་སློབ་གྲྭ་ནས་ཐོན་བཞིན་པའི་སྐབས་ཀྱི་བརྙན་ཐུང་ཞིག་གསར་ཁང་ལ་ལག་གསོན་བྱུང་བའི་ནང་དུ་། སློབ་ཕྲུག་མང་པོ་ཁོང་གི་རྒྱབ་ལ་རྒྱུག་ནས་ཕྱོགས་གང་སར་ཁོང་ལ་མཐའ་སྐོར་དེ་འཐམས་པ་སོགས་ཁོང་དང་སློབ་ཕྲུག་ཚོའི་དབར་གྱི་བརྩེ་སེམས་ཀྱི་འབྲེལ་བ་མངོན་རྒྱུ་ཡོད་པ་མ་ཟད། སློབ་ཕྲུག་མང་པོས་མིག་ཆུ་བཏང་བ་སོགས་ཁྱིམ་བདག་ཕ་མ་དང་བཅས་པར་ཡིད་སྐྱོ་བ་དང་ཕངས་སེམས་ཆེན་པོ་བྱུང་ཡོད་པ་འགྲེལ་བརྗོད་གནང་འདུག

དོན་ཡོད་ལགས་ནི་རྔ་བ་རྫོང་རྨེའུ་རུ་མ་རུ་ཆེན་བཞི་པ་ནས་ཡིན་ཞིང་། ཁོང་གིས་དུས་རྒྱུན་བོད་ཡིག་དང་བོད་ཀྱི་ལོ་རྒྱུས་སོགས་སློབ་ཁྲིད་གནང་ཡོད་པར་བརྟེན། ས་གནས་སྲིད་གཞུང་གི་འགོ་ཁྲིད་ཚོས་ཁོང་ཡང་ནས་ཡང་དུ་སྐད་བཏང་སྟེ་ཉེན་བརྡ་བཏང་བས་མཐར་ལས་གནས་ནས་གནས་དབྱུང་བཏང་བ་ཞིག་ཆགས་ཀྱི་འདུག

Marteng HydroPower in Tibet

ཕྱོགས་མཚུངས་དུས་བབས་གསར་ཁང་གི་ཁ་ཉིན་བོད་ནང་གི་གནས་ཚུལ་ཞིག་སྤེལ་བའི་ནང་དུ། བོད་མདོ་སྨད་མགོ་ལོག་ཁུལ་རྭ་རྒྱ་གྲོང་རྡལ་མར་སྟེང་སྡེ་བའི་ཉེ་འགྲམ་གྱི་རྨ་ཆུའི་བཞུར་རྒྱུན་མཐོ་ཤོས་ཁུལ་དུ། རྒྱ་ནག་གཞུང་གིས་མར་སྟེང་གློག་འདོན་ཆུ་མཛོད་གསར་རྒྱག་སྐབས། ཉུང་མཐར་ཁུལ་དེའི་བོད་པའི་ཁྱིམ་ཚང་བརྒྱ་ལྷག་ལ་དངུལ་འབོར་ཆེན་པོ་སྤྲད་ནས་འབའ་རྫོང་དང་། རྭ་རྒྱ་གྲོང་རྡལ་སོགས་སུ་གནས་སྤོར་བྱེད་དུ་བཅུག་ཡོད་པ་དང་། ཉེ་ལམ་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཡོངས་སུ་གྲུབ་ནས་རྨ་ཆུ་གསོག་འཇོག་བྱེད་བཞིན་ཡོད་པ་ལས་དངོས་སུ་ཤར་གཏོང་བྱེད་འགོ་བཙུགས་མེད་པ་རེད་འདུག

ཆུ་མཛོད་གསར་རྒྱག་གི་ལས་གཞི་འདིའི་རྐྱེན་པས་ཁུལ་དེར་བསྟན་གཞི་བྱས་པའི་༸རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཞི་པའི་སྐབས་ཀྱི་བཀའ་བརྒྱུད་པའི་དགོན་ཤུལ་ཞིག་དང་། ཨ་མ་མ་ལྕམ་ལྷ་མོ་ཞེས་པའི་གཞི་བདག་ཆུའི་འོག་ཏུ་ནུབ་ཟིན་ཡོད་པ་མ་ཟད། མགོ་ལོག་ཁུལ་གྱི་གདོད་མའི་ནགས་ཚལ་ཆེ་ཤོས་གཉིས་པ་སྟེ་རྭ་རྒྱའི་གདོད་མའི་ནགས་ཚལ་ཆུའི་འོག་ཏུ་ནུབ་འགྲོ་མུས་ཡིན་པ་རེད་འདུག

ས་གནས་བོད་མིའི་འགྲེལ་བརྗོད་གནང་བར་གཞིགས་ན། དུས་རྒྱུན་ཁུལ་དེའི་རྨ་ཆུ་བརྒལ་བར་ཟམ་པ་ནས་འགྲོ་དགོས་ནའང་། ཉེ་ལམ་ཆུ་མཛོད་དེ་རྒྱག་པའི་རྐྱེན་གྱིས་ཆུ་ཆུང་ཆུང་ཆགས་སྟེ་མི་རྣམས་རྐང་ཐང་ལས་ཆུ་བརྒལ་ཐུབ་པའི་ཚོད་ལ་བསླེབས་ཡོད་པ་དང་། མ་འོངས་པར་ཆུ་མཛོད་དེ་ལ་གནོད་སྐྱོན་རིགས་བྱུང་ཚེ། རྨ་ཆུའི་ཆུ་རྒྱུད་དུ་ཆགས་པའི་རྒྱུས་མགོ་གྲོང་བརྡལ་དང་རྭ་རྒྱ་དགོན་པ་སོགས་ཆུས་འཁུར་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་གསུངས་འདུག

རྩ་བའི་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་གོང་ནས་མར་སྟེང་ཆུ་མཛོད་གསར་རྒྱག་གི་ལས་གཞི་སྤེལ་ཡོད་ཀྱང་། ལས་མི་རྣམས་ལ་གླ་ཆ་དུས་ཐོག་མ་སྤྲད་པའི་རྐྱེན་གྱིས་ལས་གཞི་རེ་ཞིག་མཚམས་འཇོག་བྱས་ཡོད་ཀྱང་། ཕྱི་ལོ ༢༠༢༡ ཟླ་ ༦ ཚེས ༢༡ ཉིན་བསྐྱར་དུ་ལས་དོན་འགོ་བཙུགས་ཡོད་པ་རེད་འདུག མར་སྟེང་གློག་འདོན་ཆུ་མཛོད་དེ་ནི་རྨ་ཆུའི་བཞུར་རྒྱུན་མཐོ་ཤོས་ཁུལ་གྱི་ཆུ་མཛོད་དེ་ཡིན་ཞིང་གློག་འདོན་ཚད་(Watt)  ཁྲི་ ༥༥ ཟིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།