བོད་རང་སྐྱོང་ལྗོངས་སྟོད་ལུང་བདེ་ཆེན་ཡུལ་ཚོར་འདི་ལོ་ཕྱི་ཟླ་ ༥ ཚེས་ ༦ ཉིན་བོད་མི་སྒེར་གྱི་ས་ཞིང་འདེབས་ལས་བྱེད་སྒོ་ཚུགས་ལ་ཉེ་བའི་སྐབས་རྒྱ་མིས་ས་ཞིང་ཐོག་དོན་མེད་ཆུ་བཏང་རྐྱེན་གནོད་སྐྱོན་བཏང་བར་བརྟེན་བོད་མི་ཚོས་ས་ཞིང་འདེབས་ལས་གནང་མ་ཐུབ་པ་གྱུར་སྟབས། རྒྱ་མི་དེ་དང་ས་ཞིང་བདག་པོ་བོད་མི་ལ་ལས་དབར་དངོས་སུ་འཁྲུག་རྩོད་བྱུང་འདུག
འཁྲུག་རྩོད་ཀྱི་དོན་རྐྱེན་དེ་བྱུང་སྐབས་རྒྱ་མིས་བོད་མིའི་ཐོག་རླངས་འཁོར་གང་བྱུང་དུ་བཏང་བས་བོད་མི་གསུམ་རླངས་འཁོར་གྱིས་བརྫིས་ནས་རྨས་སྐྱོན་ཆེན་པོ་བཟོས་འདུག འོན་ཀྱང་དོན་རྐྱེན་དེའི་ཐད་ས་གནས་བདེ་ཆེན་ཡུལ་ཚོའི་འགོ་ཁྲིད་ཀྱིས་དོན་རྐྱེན་བཟོ་མཁན་རྒྱ་མིའི་རྒྱབ་སྐྱོར་གྱིས་དྲང་བདེན་གྱི་ཐག་གཅོད་བྱས་མེད་པ་རེད་འདུག
རྒྱ་མིས་བོད་མི་ཁ་ཤས་རླངས་འཁོར་འོག་བརྗིས་ཏེ་རྨས་སྐྱོན་བཏང་རྗེས་རླངས་འཁོར་བཏང་ནས་ལུང་ཕུག་ཞིག་ལ་བྲོས་བྱོལ་ཕྱིན་ཡོད་པ་དང་རླངས་འཁོར་གྱི་ལམ་ཁ་མེད་མཚམས་ནས་རྐང་ཐང་བྲོས་ཡོད་པར་བརྟེན་བོད་མི་ལ་ལས་རྗེས་དེད་བཏང་མཐར་འཛིན་བཟུང་གིས་ཉེས་བརྡུང་ནན་པོ་བཏང་ཡོད་འདུག
ད་ལྟའི་ཆར་རླངས་འཁོར་གྱིས་བརྫིས་ཏེ་རྨས་སྐྱོན་ཕོག་པའི་བོད་མི་དེ་དག་རྒྱ་ནག་གི་སྨན་ཁང་ཆེ་བ་ཞིག་ཏུ་ཛ་དྲག་གི་མྱུར་སྐྱོབ་ཞུ་བཞིན་ཡོད་པ་རེད་འདུག
གནས་ཚུལ་ངོ་སྤྲོད་པས་འགྲེལ་བརྗོད་གནང་དོན་ད་ལྟའི་ཆར་དོན་རྐྱེན་དེའི་ཐད་ཐག་གཅོད་གཙང་མ་ཞིག་མ་བྱུང་བར་ལྷག་ཡོད་པ་དང་ལྷག་དོན་རྨས་སྐྱོན་ཕོག་པའི་བོད་མི་དེ་དག་གི་མིང་དང་གནས་སྟངས་ཇི་ཆགས། རྒྱ་མིའི་མིང་གང་ཡིན་སོགས་ཞིབ་ཕྲ་གསལ་རྟོགས་ཐུབ་མེད་སྐོར་གསུངས་སོང་།
སྤྱིར་བོད་ནང་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱ་མི་དང་བོད་མིའི་དབར་དཀའ་ངལ་བྱུང་སྐབས་རྒྱུན་དུ་རྒྱ་མིར་རྒྱབ་སྐྱོར་དང་ཡང་ན་ཉེས་ཅན་པའི་ལག་ནས་ལྐོག་རྔན་བླངས་ནས་དྲང་བདེན་གྱི་ཐག་གཅོད་བྱེད་ཀྱི་མེད་པའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད་པ་ལྟར། འདི་ལོ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར། རྣམ་གླིང་རྫོང་། རྡོར་རྗེ་ཤང་། གཉའ་མོ་གྲོང་ཚོའི་ནང་། ལོ་གཉིས་སྔོན་ཏེ་ཕྱི་ལོ་ ༢༠༡༦ ལོར་རྒས་མི་ཞིག་ལྐོག་བསད་བཏང་བའི་མི་གསོད་གྱོད་གཞི་ཞིག་ཐོན་ཡོད་པ་དང་། ས་གནས་རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་དང་ཉེན་རྟོག་པས་མི་གསོད་མཁན་གྱི་ཉེས་ཅན་པའི་ལག་ནས་ལྐོག་རྔན་བླངས་པའི་གནས་ཚུལ་ཐོན་མྱོང་ཡོད་པ་རེད།