Tibetan Royal Year of 2151 | Year of the Wood Dragon

སུད་སི་གྲོས་ཚོགས་འཐུས་མིས་བོད་ཀྱི་རིག་གནས་རྩ་མེད་བཟོ་རྒྱུའི་ལས་འགུལ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་ལ་ཞུ་སྙན་ཕུལ་ཏེ་རྒྱལ་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་བོད་ཀྱི་རིག་གནས་རྩ་གཏོར་གྱི་རྒྱ་ཁྱབ་ཆེ་ཞིང་གོ་རིམ་ལྡན་པའི་སྲིད་བྱུས་དེ་འཕྲལ་མར་མཚམས་འཇོག་ཡོང་བའི་གཞེན་སྐུལ་གནང་འདུག

བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་པོ་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་གི་བཟང་བཙོན་འོག་ཡོད་པའི་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་ཆེད་ཞུ་གཏུག་སླད་བཅར་བ་དང་བསྟུན། སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བགྲེས་གཞོན་བཞིའི་མཚན་ཐོག་ལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་སྐུ་ཞབས་ Volker Turk མཆོག་ལ་ཞུ་སྙན་ཞིག་ཕུལ་ཡོད་པ་དང་། ཞུ་ཡིག་ནང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་མཆོག་གི་གནད་དོན་དང་བཙན་དབང་གིས་སློབ་གསོ་སྤེལ་བའི་ལས་འགུལ་འོག་བོད་མི་འབོར་ཆེན་ཞིག་རྒྱ་ནག་གི་ས་ཁུལ་ཁག་ཏུ་གཞིས་སྤོ་ལས་འགུལ་སྤེལ་བཞིན་ཡོད་པ་དང་། དེ་བཞིན་བོད་ནང་གི་བཅའ་སྡོད་སློབ་གྲྭའི་གནད་དོན་བཅས་ཆེད་བཀོད་དང་སྦྲགས། རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་གི་ངོས་ནས་རྒྱ་ནག་ལ་གནོན་ཤུགས་ནན་པོ་སྤྲད་དེ་བོད་ཀྱི་རིག་གནས་རྩ་གཏོར་གྱི་རྒྱ་ཁྱབ་ཆེ་ཞིང་གོ་རིམ་ལྡན་པའི་སྲིད་བྱུས་དེ་འཕྲལ་མར་མཚམས་འཇོག་ཡོང་བའི་གཞེན་སྐུལ་གནང་འདུག་པར་མ་ཟད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མང་ཚོགས་ལ་ཆོས་དད་དང་སྨྲ་བརྗོད་རང་དབང་དང་སྐད་ཡིག་སྲུང་སྐྱོབ། ཤེས་ཡོན་གྱི་ཐོབ་ཐང་བཅས་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག

གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཞུ་ཡིག་ནང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ལུང་འདྲེན་གྱིས་རྒྱ་ནག་གཞུང་གིས་ད་བར་རིན་པོ་ཆེ་མཆོག་གར་ཡོད་ཀྱི་གསལ་བཤད་རྩ་བ་ནས་བྱས་མེད་པ་དང་། ༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་གཞན་ཞིག་བསྐོ་གཞག་བྱས་པ་དེས་མ་འོངས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་རྒྱ་ནག་གཞུང་རང་ཉིད་ཀྱི་ངོས་ནས་སྟངས་འཛིན་འོག་བསྐོ་གཞག་བྱ་རྒྱུའི་ལྐོག་གི་དམིགས་ཡུལ་ཡོད་པ་གསལ་པོ་ཡིན་སྐོར་གསུངས་འདུག

ལྷག་པར་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་གི་གནད་དོན་ལུང་འདྲེན་དང་འབྲེལ་ཏེ་བྱིས་པ་ས་ཡ་གཅིག་ལྷག་ཙམ་རང་ཉིད་ཀྱི་ཕ་མ་དང་རིག་གནས་ལས་ཁ་བྲལ་བཏང་བའི་སྲིད་བྱུས་དེ་ནི་བྱིས་པ་དེ་དག་རིམ་པས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་སྲིད་བྱུས་ཤིག་ཡིན་པ་དང་། དེར་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་ཀྱིས་ཀྱང་སྐྱོན་བརྗོད་གནང་ཡོད་སྐོར་དྲན་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།