Tibetan Royal Year of 2151 | Year of the Wood Dragon

སྡེ་དགེ་ནང་གི་ཆུ་མཛོད་ལས་གཞི་མཚམས་འཇོག་དགོས་པའི་དགོས་འདུན་དང་སྦྲགས་འཛམ་གླིང་ཆུ་བོ་སྲུང་སྐྱོབ་ཉིན་མོ་སྲུང་བརྩི།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

དེ་རིང་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་མོ་དེ་ནི་ International Day of Action for Rivers ཞེས་རྒྱལ་སྤྱིའི་ཆུ་བོ་སྲུང་སྐྱོབ་ཉིན་མོ་ཡིན་པ་ལྟར། ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ད་ལྟའི་བོད་སྡེ་དགེ་ནང་གི་ཛ་དྲག་གནས་སྟངས་ཐེར་འདོན་དང་འབྲེལ། ཁུལ་དེའི་ནང་གི་ཆུ་མཛོད་ལས་གཞི་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་བཅུ་ཡོངས་བསྒྲགས་བརྒྱུད་རྒྱལ་སྤྱིའི་ཆུ་བོ་སྲུང་སྐྱོབ་ཉིན་མོ་སྲུང་བརྩི་ཞུས་སོང་།

TPI River Day

དེ་ཡང་སྔ་དྲོ་ཚོུད་ ༡༠།༣༠ ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་རྒྱ་གཞུང་གིས་འབྲི་ཆུའི་བཞུར་རྒྱུན་དུ་སྐམ་ཐོག་ཆུ་གློག་ཁང་ཟེར་བ་འཛུགས་སྐྲུན་བྱས་བཞིན་པའི་གནད་དོན་དང་འབྲེལ། ཆེད་ལས་པ་གདན་ཞུས་ཀྱིས་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་དག་གིས་བོད་མི་གཙོས་བོད་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ཇི་ཐེབས་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། གཏམ་བཤད་གནང་མཁན་ཁྲོད་བོད་ཀྱི་ཁོར་ཡུག་དང་བོད་ཀྱི་རྒྱུག་ཆུའི་གནས་སྟངས་ཐོག་ཆེད་ལས་པ་འབུམ་རམས་པ་བློ་བཟང་གཡང་མཚོ་ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་བཅས་ནས་བོད་ཀྱི་ཆུ་བོའི་གལ་གནད་དང་སྡེ་དགེ་ཁུལ་གྱི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་ལ་གཏམ་བཤད་དང་འདྲི་རྩད་གནང་ཡོད་པ་རེད།

ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དང་བསྟུན་དགོས་འདུན་དོན་ཚན་བཅུ་བཏོན་པའི་ནང་དུ། རྒྱ་གཞུང་ནས་བོད་སྤྱི་དང་སྒོས་སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་མཚམས་འཇོག་དང་། ཁུལ་དེར་འཛིན་བཟུང་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ། འབྲི་ཆུ་དང་ཡར་ཀླུང་གཙང་པོ་ལྟ་བུའི་བོད་ཀྱི་ཆུ་ཆེན་ཁག་གི་ཐོག་འཛུགས་སྐྲུན་གྱི་འཆར་གཞི་གཙོས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་རྣམས་སྦད་བསང་མེད་པར་ཕྱི་གསལ་ནང་གསལ་བྱ་དགོས་པ།  དེ་བཞིན་ཁོར་ཡུག་དང་འབྲེལ་བའི་སྲིད་བྱུས་རིགས་འཆར་འགོད་ལག་བསྟར་ནང་ས་གནས་བོད་མིར་ཆ་ཤས་ལེན་རྒྱུའི་གོ་སྐབས་སྤྲོད་དགོས་པ། ལས་གཞིའི་ཁྲོད་ཁོར་ཡུག་ཉམས་ཉེས་ཀྱི་མཚོན་པའི་རང་བྱུང་གི་གོད་ཆགས་ཁག་ལ་དཔྱད་ཞིབ་གནང་དགོས་པ། ས་གནས་མང་ཚོགས་རྣམས་ཀྱི་འདོད་མོས་ལ་བརྩི་སྲུང་གནང་ཐོག་གུན་གསབ་ཚད་ལྡན་སྤྲོད་དགོས་པ། རྒྱལ་སྤྱིའི་ཚོང་ལས་ཁང་ཁག་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་གསར་རྒྱག་ལྟ་བུའི་ཁོར་ཡུག་ལ་གནོད་སྐྱོན་ཆེ་བའི་རྒྱ་ནག་གི་ཁེ་ལས་དང་ཚོང་འབྲེལ་མཚམས་འཇོག་བྱེད་དགོས་པ། དེ་བཞིན་རྒྱ་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་འབྲུ་དོན་ལག་བལྟར་གྱིས་བོད་མིའི་ཆོས་ཕྱོགས་དང་འབྲེལ་བའི་སེམས་ཁམས་དང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་སྲུང་སྐྱོབ་དགོས་པ།  དེ་བཞིན་ཨ་ཉ་སེང་སྒྲ་ལགས་དང་ཀརྨ་བསམ་འགྲུབ་གཙོས་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་རྣམས་གང་མགྱོགས་གློད་བཀྲོལ་དགོས་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་རིགས་ནག་ཉེས་ཅན་དུ་ངོས་འཛིན་བྱ་རྒྱུ་མཚམས་འཇོག་དགོས་པ་བཀོད་འདུག

TPI River Day

རྩ་བའི་དེ་རིང་གི་བགྲོ་གླེང་ཚོགས་འདུ་དེའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱིས་འབྲི་ཆུ་བཞུར་རྒྱུན་དུ་ཆུ་མཛོད་ཀྱི་ལས་གཞི་དེ་དག་ནི་དེ་སྔོན་རྒྱ་ནག་རྒྱལ་ཡོངས་ཀྱི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༢ དང་ ༡༣ ཁྲོད་ཆུ་མཛོད་ ༢༧ གསར་རྒྱག་གི་ལས་གཞི་དེའི་ནང་ཚུད་ཀྱི་ཡོད་པ་དང་། སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེས་ལོ་རྒྱུས་རང་བཞིན་ལྡན་པའི་དགོན་སྡེ་ཁག་དང་བོད་པའི་གྲོང་ཚོ་མང་དག་ཅིག་མེད་པ་ཆགས་ངེས་དང་། ཁུལ་དེར་ཡོད་པའི་བོད་མིའི་འཚོ་རྟེན་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་ཙམ་མ་ཟད། བོད་ཀྱི་ས་ཁུངས་ནས་ཆད་ཡོང་བའི་གཙང་ཆུ་ཁག་ནི་འཛམ་གླིང་གི་འཐུང་ཆུའི་འགོ་ཁུངས་གལ་ཆེན་ཞིག་ཡིན་པ་དང་། ཨེ་ཤ་ཡའི་རྒྱལ་ཁབ་བཅུ་ལྷག་གི་འགྲོ་བ་ཡོངས་ཀྱི་ཚེ་སྲོག་དང་འབྲེལ་བའི་གནད་དོན་ཡིན་པར་གསལ་བཤད་ཀྱིས་རྒྱ་ནག་གིས་བོད་ཀྱི་ཆུ་རྒྱུན་དང་གཙང་པོར་ཆུ་མཛོད་གསར་རྒྱག་གི་ལས་གཞི་རྒྱ་སྐྱེད་བཏང་བཞིན་པ་དེས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་རྒྱ་གར་ཐོག་འཐབ་བྱུས་དང་འཐུང་ཆུ་བཅས་ཀྱི་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་དང་། ཧི་མཱ་ལ་ཡའི་ཁུལ་དུ་ཁོར་ཡུག་ཉམས་ཉེས་ཀྱི་མཚོན་པའི་རང་བྱུང་གི་གོད་ཆགས་མང་དུ་འབྱུང་ཉེན་ཡོད་པར་གསུངས་སོང་།

སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་ཀྱིས་རྒྱ་གཞུང་གིས་ International Covenant on Economic, Social and Cultural Rights ཞེས་པའི་རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་དང་འབྲེལ་བའི་ཆིངས་ཡིག་དེར་སྲུང་སྐྱོབ་བྱ་རྒྱུ་དང་། རྒྱལ་སྤྱིའི་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དེ་གལ་གནད་ཆེ་ཤོས་ཡིན་ཚུལ་བཤད་པ་ཙམ་ལས་དོན་དངོས་སུ་རྒྱ་གཞུང་གིས་དེ་ལྟར་བརྩི་སྲུང་བྱེད་ཀྱི་མེད་པ་ཐེར་འདོན་གྱིས།  རྒྱལ་སྤྱིའི་འགྲོ་ལུགས་ལྟར་ན། འཛུགས་སྐྲུན་གྱི་ལས་གཞི་ག་རེ་སྤེལ་བ་ཡིན་ཀྱང་དང་པོ་རང་དབང་ལྡན་པའི་ཁོར་ཡུག་གི་ཉམས་ཞིབ་ཚོགས་པ་ཞིག་གིས་འཛུགས་སྐྲུན་གྱི་ལས་གཞི་དེའི་རང་བྱུང་གི་ཁོར་ཡུག་ལ་དོ་ཕོག་འགྲོ་བཞིན་ཡོད་མེད་ལ་ཉམས་ཞིབ་ཀྱིས་གྲུབ་དོན་ཕྱི་ལ་བཏོན་ན་མ་གཏོགས་གང་དྲན་གྱིས་འཛུགས་སྐྲུན་གྱི་ལས་གཞི་སྤེལ་ཆོག་གི་མེད་ནའང་། བོད་ཁུལ་དུ་རྒྱ་ནག་གིས་ཤུགས་རྐྱེན་ཐེབས་པའི་ས་གནས་མང་ཚོགས་རྣམས་ཀྱི་འདོད་མོས་ལ་བརྩི་སྲུང་མེད་པའི་ཁར་གུས་གསབ་ཀྱང་ཚད་ལྡན་སྤྲོད་ཀྱི་མེད་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།