Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་གི་ TikTok མཉེན་ཆས་བཀག་སྡོམ་གྱི་གྲོས་ཆོད་གཏན་འབེབས།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་ནག་གི་བདག་དབང་ཡོད་པའི་ TikTok ཊིཀ་ཊོག་མཉེན་ཆས་དེ་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་འཚབ་ཆེན་པོ་ཡོད་པའི་རྒྱུ་མཚན་དུ་བྱས་ཏེ་ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ནང་མཉེན་ཆས་དེ་ཉིད་བཀག་སྡོམ་བྱ་རྒྱུའི་གྲོས་ཆོད་མང་མོས་ཀྱི་གཏན་འབེབས་གནང་འདུག་པ་དང་འབྲེལ། ཨ་རིའི་སྲིད་འཛིན་མཆོག་གིས་གྲོས་ཚོགས་གོང་མའི་ནང་དེ་འབྲེལ་གཏན་འབེབས་བྱུང་མཚམས་མཚན་རྟགས་བཀོད་དེ་ཨ་རིའི་ཁྲིམས་སུ་བསྒྱུར་རྒྱུ་ཡིན་པ་གསུངས་འདུག

དེ་ཡང་ཕྱི་ལོ་ ༢༠༢༠ ནས་བཟུང་ཨ་རིའི་ཆབ་སྲིད་མི་སྣ་མང་པོས་མཉེན་ཆས་དེའི་བརྒྱུད་ནས་ཨ་རི་ནང་རྒྱ་ནག་གི་གནོན་ཤུགས་ཙམ་མ་ཟད། རྒྱལ་ཁབ་བདེ་འཇགས་ལ་ཉེན་འཚབ་ཆེ་བའི་རང་བཞིན་དུ་མཐོང་སྟེ། ཡུལ་དེའི་ནང་མཉེན་ཆས་དེ་བཀག་སྡོམ་བྱ་རྒྱུའི་འབད་བརྩོད་གཙོས་པའི་བསམ་ཚུལ་དང་སྐྱོན་བརྗོད་རིམ་པ་སྣ་ཚོགས་བྱུང་དང་འབྱུང་བཞིན་པའི་ཁྲོད་འདིར་། ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཨ་རི་དང་རྒྱ་ནག་ཐོག་གི་ཐབས་བྱུས་ཚོགས་ཆུང་གི་ཚོགས་གཙོ་ Mike Gallagher ལགས་ཀྱིས་ཁྲིམས་འཆར་དེ་ཐོག་མ་ངོ་སྤྲོད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་མཉེན་ཆས་དེ་ནི་རྒྱ་ནག་དམར་པོའི་གཞུང་དང་འབྲེལ་བ་ཡོད་པ་མ་ཟད། ཨ་རིའི་མི་སེར་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་འཚབ་ཆེན་པོ་ཡོད་པ་སོགས་གསུངས་ཡོད། ལྷག་པར་ཁ་སང་ཕྱི་ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཊིཀ་ཊོག་མཉེན་ཆས་བཀག་སྡོམ་གྱི་ཁྲིམས་འཆར་དེར་འོས་བསྡུ་གནང་བའི་ཁྲོད་གྲོས་ཚོགས་འཐུས་མི་ ༣༥༢ ནས་རྒྱབ་སྐྱོར་དང་ ༦༥ ནས་འགག་བྱ་གནང་ཡོད་སྟབས། ཁྲིམས་འཆར་དེ་མང་མོས་ཐོག་གཏན་འབེབས་བྱུང་ཡོད་པ་དང་འབྲེལ། རིམ་པའི་གྲོས་ཚོགས་གོང་མའི་ནང་གཏན་འབེབས་བྱུང་མཚམས་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་དེ་ཨ་རིའི་ཁྲིམས་སུ་བསྒྱུར་རྒྱུ་ཡིན་འདུག

རྩ་བའི་ཊིཀ་ཊོག་མཉེན་ཆས་དེ་ནི་རྒྱ་ནག་ནང་ཕྱི་ལོ་ ༢༠༡༦ ལོར་གསར་སྐྲུན་བྱས་པ་ཞིག་ཡིན་འདུག་པ་དང་། རྗེས་སུ་ཕྱི་ལོ་ ༢༠༡༢ ལོར་གསར་འཛུགས་བྱས་པའི་ ByteDance དྲ་རྒྱའི་ཚོང་ལས་ཁང་གི་ཁྱབ་ཁོངས་སུ་བསླེབ་པ་ཞིག་ཡིན་པ་རེད། མཉེན་ཆས་དེ་ནི་ Cayman མཚོ་གླིང་ནང་དེབ་སྐྱེལ་བྱས་ཏེ། ཡོ་རོབ་དང་ཨ་རི་སོགས་སུ་ལས་ཁུངས་མ་ལག་ཡོད་དང་། ལྷག་པར་ཕྱི་ལོ་ ༢༠༢༣ ལོའི་བར་མཉེན་ཆས་དེ་བེད་སྤྱོད་བྱེད་མཁན་ཇི་ཡོད་ཐོག་ཞིབ་འཇུག་གནང་འབྲས་སུ་འཛམ་གླིང་གི་མི་འབོར་ཐེར་འབུམ་ ༡་༧ གི་བེད་སྤྱོད་བྱེད་བཞིན་ཡོད་པ་མངོན་གསལ་གནང་ཡོད་ཅིང་། དེའི་ཁྲོད་ཨ་རི་མི་འབོར་ས་ཡ་ ༡༥༠ ཙམ་ཡོད་པ་དང་། དེ་ནི་མཉེན་ཆས་བེད་སྤྱོད་བྱེད་མཁན་ཚད་གཞི་མང་ཤོས་ཆགས་ཀྱི་འདུག

གནད་དོན་དེ་དང་འབྲེལ་ནས་འདི་ལོའི་ཕྱི་ཟླ་ ༡ ནང་ཨ་རིའི་ Wall Street Journal གསར་ཁང་གི་ཞིབ་འཇུག་གནང་བའི་ཁྲོད། ཨ་རི་ནང་དུ་རྟེན་གཞི་བྱས་པའི་ TikTok ཊིཀ་ཊོག་མཉེན་ཆས་ཀྱི་ལས་ཁུངས་དང་། རྒྱ་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པའི་ ByteDance དྲ་རྒྱའི་ཚོང་ལས་ཁང་གཉིས་བར་གཞུང་འབྲེལ་མིན་པའི་ཐོག་ཚོགས་སྒེར་སོགས་ཀྱི་གནས་ཚུལ་བརྒྱུད་སྤྲོད་བྱས་ཡོད་པ་མངོན་གསལ་གནང་སྟེ། ByteDance ཚོང་ལས་ཁང་གིས་ཨ་རིའི་གསར་འགོད་པ་ཞིག་ལ་གསང་ཉུལ་གྱིས་གནས་ཚུལ་མཁོ་སྒྲུབ་དང་ཡོང་ཁུངས་གང་ཡིན་སོགས་ལ་རྗེས་འདེད་བྱས་ཡོད་པ་ཐེར་འདོན་གནང་འདུག

འོན་ཀྱང་ཁ་སྔོན་ TikTok ཊིཀ་ཊོག་མཉེན་ཆས་ཚོང་ལས་ཁང་གི་གཙོ་འཛིན་ Show Zi ཡིས་ཚོང་ལས་ཁང་གི་ངོས་ནས་ཚོགས་སྒེར་ཁག་གི་གནས་ཚུལ་རྣམས་དམ་སྲུང་བྱེད་བཞིན་ཡོད་པ་དང་། གྲོས་ཚོགས་སུ་ཁྲིམས་འཆར་དེ་གཏན་འབེབས་བྱུང་ཚེ་སྤྱི་ཚོགས་དྲ་ལམ་གྱི་ཚོང་ལས་ཁང་གཞན་རྣམས་ལ་ནུས་པའམ་དབང་ཚད་ཆེ་རུ་སྤྲོད་རྒྱུ་ཡིན་པ་མ་ཟད། ཨ་རིའི་མི་སེར་སྟོང་ཕྲག་མང་པོའི་ལས་ཀའི་གོ་སྐབས་ཤོར་སྲིད་པའི་ཉེན་བརྡའང་བཏང་འདུག ལྷག་པར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbin གས་གནད་དོན་དེ་ནི་ཨ་རི་རང་ལ་གནོད་སྐྱོན་ཡོང་རྒྱུ་ཡིན་པ་དང་། TikTok མཉེན་ཆས་དེས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལ་ཉེན་འཚབ་ཡོད་པའི་དཔང་རྟགས་གང་ཡང་རྙེད་སོན་བྱུང་མེད་ཅིང་། བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་དཔལ་འབྱོར་ལམ་ལུགས་ལ་དོ་ཕོག་འགྲོ་གཞི་ཡིན་པ་བཤད་འདུག

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ Marco Rubio ལགས་ཀྱིས། རྒྱ་ནག་རང་གི་ཁྲིམས་ལ་གཞིགས་ན། མཉེན་ཆས་ནང་གི་ Algorithm འམ་འཕྲུལ་རྩིས་རྒྱག་ཐབས་ཀྱི་འགྲོ་ལུགས་དེ་རྒྱ་ནག་ཕྱི་ལ་གཏོང་ན་ཁྲིམས་འགལ་ཡིན་པ་དང་། དེ་མེད་ན་ TikTok ཊིཀ་ཊོག་ནི་སྡིངས་ཆ་ཙམ་ཡིན་པ་རེད་ཅེས་འགྲེལ་བརྗོད་དང་འབྲེལ། མི་མང་གི་ཤེས་དགོས་པ་ཞིག་ནི་གནད་དོན་དེ་ནི་བདག་དབང་སུ་ཡིན་མིན་གྱི་་གནད་དོན་ཙམ་མིན་པར་མཉེན་ཆས་དེའི་ནང་གི་ Algorithm འམ་འཁྲུལ་རྩིས་འགྲོ་ལུགས་དེའི་བརྒྱུད་ནས་གནས་ཚུལ་ཕོན་ཆེན་མཁོ་སྒྲུབ་བྱེད་ཀྱི་ཡོད་སྟབས། དེར་རྒྱ་ནག་གི་ ByteDance དྲ་རྒྱའི་ཚོང་ལས་ཁང་གི་སྟངས་འཛིན་བྱེད་ཀྱི་ཡོད་པ་ཤེས་དགོས་ཞེས་ནན་བརྗོད་གནང་འདུག

མ་ཟད་ཨ་རིའི་གྲོས་ཚོགས་གོང་མའི་གསང་བའི་ལས་དོན་ཚོགས་ཆུང་གི་ཁྲིམས་འཆར་དེ་གཏན་འབེབས་བྱུང་བ་དགའ་བསུ་ཞུས་པ་དང་འབྲེལ། རིམ་པའི་ཁྲིམས་འཆར་དེར་རྟོག་ཞིབ་ནན་པོ་བྱ་རྒྱུ་ཡིན་པ་གསུངས་འདུག

ལྷག་དོན་ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་མདུན་དུ་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་་དང་ངོ་རྒོལ་བྱེད་མཁན་མང་ཅིག་བསླེབས་ཡོད་པ་དང་། རྒྱབ་སྐྱོར་གནང་མཁན་ཁྲོད་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Nancy Pelosi མཆོག་གི་དབུས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག བོད་མི། རྒྱ་མི། ཡུ་གུར་བ། ཐའེ་ཝན། དེ་བཞིན་ལས་འགུལ་བ་སོགས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུག

ICT

གཞི་རྩའི་ཕྱི་ལོ་ ༢༠༢༣ ནང་ཨ་རིའི་ཕོ་བྲང་དཀར་པོས་ཨ་རིའི་གཞུང་གི་སྒྲིག་འཛུགས་ཁག་གིས་གཙོས་པའི་དེ་དག་ནང་གི་ཕྱག་ལས་གནང་མཁན་སྲི་ཞུ་བ་ཚོས་ངེས་པར་དུ་རྒྱ་ནག་གི་ Tiktok མཉེན་ཆས་སྐོ་འཇུག་འཕྲལ་མར་མཚམས་འཇོག་གནང་དགོས་པའི་ཡོངས་གྲགས་ཀྱི་བཀོད་ཁྱབ་ཅིག་གནང་བ་མ་ཚད། ཨ་རིའི་གྲོས་ཚོགས་དང་དམག་དཔུང༌། དེ་བཞིན་ཨ་རིའི་མངའ་སྡེ་དུ་མས་སོ་སོའི་ཁྱབ་ཁོངས་ཀྱི་ལས་བྱེད་པ་ཡོངས་རྒྱ་ནག་གི་མཉེས་ཆས་དེ་སྤྱོད་པར་དགག་བྱ་ཤུགས་ཆེར་གནང་ཡོད། ལྷག་པར་རྒྱ་ནག་གི་མཉེན་ཆས་ཊིཀ་ཊོག་དེ་བཀག་སྡོམ་གནང་མཁན་གཞུང་ཐོག་མ་དེ་རྒྱ་གར་ཆགས་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོར་ནས་འགོ་འཛུགས་ཀྱིས་ད་བར་རྒྱ་ནག་གི་མཉེན་ཆས་ ༢༥༠ ལྷག་བཀག་སྡོམ་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།