Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2017

རེས་གཟའ་སྤེན་པ། ༢༠༡༧།༠༢།༡༨

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་གིས་གནོན་ཤུགས་ལ་ལྟོས་མེད་ཀྱིས་༸གོང་ས་མཆོག་ཁལ་ཕོ་ནི་ཡ་གཙུག་ལག་སློབ་གཉེར་ཁང་དུ་གདན་ཞུ་གནང་རྒྱུ་རེད་འདུག རྒྱ་གཞུང་གིས་གླུ་བ་ཨ་མཆོག་ཕུལ་བྱུང་ལགས་ལ་ལོ་གཅིག་རིང་གླུ་བླང་མི་ཆོག་པ་བཟོས་པ། བོད་ཀྱི་བེུད་ཚོ་ངོ་ཚ་སྨིན་པོ་དང་ཁུམ་སིམ་བཞུགས་པའི་གཤིས་རྒྱུད་དེ་ཞན་ཆ་ཡིན་པར་འགྲེལ་བརྗོད་གནང་འདུག བྱ་དེ་ཁྲུང་ཁྲུང་དཀར་པོ་ཤོག་རྩལ་ང་ལ་གཡོར་དང་ཞེས་པའི་དབྱིན་ཡིག་བརྩམས་སྒྲུང་དབུ་འབྱེད། ༸གོང་ས་མཆོག་གི་གསུང་ཆོས་ལེ་ཚན། བྱང་ཆུབ་སེམས་ཀྱི་ཆོས་འབྲེལ། Saturday 18/02/2017 UCSD stands by Dalai Lama invite despite Chinese students protest Recently released Tibetan singer banned from performing for a year Tibetan Female Shyness: Interview with Tsering Yangkyi White Cranes, Lend Me Your Wings: Book launch in Delhi FEATURE: Dalai Lama on compassion at Hunsur Rabgyeling

བྱ་དེ་ཁྲུང་ཁྲུང་དཀར་པོ་ཤོག་རྩལ་ང་ལ་གཡོར་དང་ཞེས་པའི་དབྱིན་ཡིག་བརྩམས་སྒྲུང་དཔེ་དེབ་དབུ་འབྱེད།

རྒྱལ་མཆོག་༸སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་མགུར་གླུ། བྱ་དེ་ཁྲུང་ཁྲུང་དཀར་པོ།    ཤོག་རྩལ་ང་ལ་གཡོར་དང་ཞེས་པའི་མིང་བྱང་འོག་འགྲེམས་སྤེལ་དབུ་འབྱེད་གནང་པའི་བརྩམས་སྒྲུང་གི་དེབ་དེ་ནི་བོད་པའི་ཕྱི་ལུགས་སྨན་པ་དང་པོ་ཌོ་ཊར་ཚེ་དབང་ཡེ་ཤེས་སྤེན་པ་ལགས་ཀྱིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དེང་དུས་བརྩམས་སྒུང་དེབ་ཞིག་ཡིན་པ་དང་།  ཁ་སང་ཚེས་ ༡༧ ཉིན་ཕྱི་དྲོ་རྒྱལ་ས་ལྡི་ལིའི་ Meghdoot འཁྲབ་སྟོན་ཁང་དུ་ཌོ་ཊར་ཚེ་དབང་ཡེ་ཤེས་སྤེན་པ་ལགས་ཀྱི་སྲས་མོ་བདེ་བོ་ལྷ་མོ་སྤེན་པ་ལགས་དང་། གློག་བརྙན་བྱུས་འགོད་པ་བསྟན་འཛིན་བསོད་ནམས་ལགས།  གསར་འགོད་པ་སྐུ་ཞབས་  Vijay Kranti ལགས་དང་།  བོད་གནས་ཉམས་ཞིབ་པ་དང་སྙན་ངག་མཁན་ལྕམ་སྐུ་   Shelly Bhoil  བཅས་ཀྱིས་དབུ་འབྱེད་གནང་ཡོད་པ་རེད། བྱ་དེ་ཁྲུང་ཁྲུང་དཀར་པོ།  ཤོག་རྩལ་ང་ལ་གཡོར་དང་ཞེས་པའི་དེབ་དེ་ནི། ཌོ་ཊར་ཚེ་དབང་ཡེ་ཤེས་སྤེན་པ་ལགས་དམ་པ་དེ་ཉིད་ཀྱིས་ཆུང་དུས་དངོས་སུ་མཐོང་ཐོས་མྱོང་གསུམ་གྱི་ཚོར་བར་གཞི་བཅོལ་བའི་དེང་དུས་བརྩམས་སྒྲུང་དེབ་ཞིག་ཡིན་པ་དང་། དེ་ཁོང་གིས་བོད་ལ་ཡི་ཤུའི་ཆོས་ཁྱབ་སྤེལ་བྱེད་མཁན་ནུབ་ཕྱོགས་ཀྱི་མི་རིགས་ཐོག་མར་འབྱོར་སྐབས་ཀྱི་གནད་དོན་དང་། དེ་རྗེས་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱེད་སྐབས་བཅས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་ཙམ་མ་ཟད། དེང་དུས་ཀྱི་དངོས་གཙོའི་རིང་ལུགས་དང་སྔ་མོའི་བོད་ཀྱི་རིག་གཞུང་།  སྒེར་གྱི་འདེམས་ཀའི་རང་དབང་། ཆབ་སྲིད་སྐྱོང་ཕྱོགས།  ཆོས་དང་མི་རིགས་ཀྱི་འཚོ་གནས་སོགས་ཀྱི་བརྗོད་གཞི་སོ་སོའི་གནད་དོན་ཡང་བཀོད་ཡོད་པ་རེད། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་དེའི་སྐབས་དེབ་དཔར་བསྐྲུན་གནང་མཁན་  Niyogi Publisher  ཡིས་སྒྲིག་འོག།ཐོག་མར་རྟེན་འབྲེལ་མཚོན་དོན་དུ་བོད་ཀྱི་རིག་གཞུང་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་པ་དང་། ཤོག་གྲངས་ ༤༦༠ ལྷག་དང་ཧིན་སྒོར་ ༥༠༠ མ་གནས་ཅན་གྱི་དེབ་དེའི་སྐོར་ བོད་གནས་ཉམས་ཞིབ་པ་ལྕམ་སྐུ་  Shelly Bhoil  མཆོག་གིས་གཙོ་སྐྱོས་གནང་ཐོག་བདེ་བོ་ལྷ་མོ་སྤེན་པ་ལགས་དང་བསྟན་འཛིན་བསོད་ནམས་ལགས།  སྐུ་ཞབས་ Vijay Kranti  བཅས་ཀྱི་ལྷན་དུ་བགྲོ་གླེང་དང་སྐབས་དེར་འདུ་འཛོམས་བྱུང་བའི་མི་བརྒྱ་སྐོར་ལྷག་ཕན་ཚུན་དབར་དྲི་བ་དྲིས་ལན་སོགས་ཀྱང་གནང་ཡོད་པ་རེད། གཞི་རྩའི་བྱ་དེ་ཁྲུང་ཁྲུང་དཀར་པོ། ཤོག་རྩལ་ང་ལ་གཡར་དང་ཞེས་པའི་དེང་དུས་བརྩམས་སྒྲུང་གི་དེབ་རྩོམ་བྲིས་གནང་མཁན་ཌོ་ཊར་ཚེ་དབང་ཡེ་ཤེས་སྤེན་པ་ལགས་ནི།   ཕྱི་ལོ་  ༡༩༣༢  ལོར་བོད་ཀྱི་རྒྱལ་རྩེ་ཁུལ་དུ་སྐུ་འཁྲུངས་པ་དང་།    ཁོང་གི་ཡབ་དམ་པ་དེ་ཉིད་སྐབས་དེ་དུས་བོད་ནང་དབྱིན་ཇིའི་ཚོང་འབྲེལ་གྱི་བོད་པའི་སྐུ་ཚབ་ཞིག་ཡིན་པ་ལྟར། རང་ལོ་དགུ་ཡིན་སྐབས་ནས་རྩོམ་པ་པོ་ཁོང་རྒྱ་གར་གྱི་བྱང་ཤར་རྡོར་རྗེ་གླིང་ཁུལ་གྱི་ཁར་ཤོངས་ས་གནས་ཀྱི་ Victoria Boys School  ཞེས་པའི་ཡི་ཤུའི་སློབ་གྲྭར་ཕེབས་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་ཟད།  ཕྱི་ལོ་  ༡༩༥༥ ལོར་དབྱིན་ཇིའི་རྒྱལ་ས་ལོན་ཊན་གཙུག་ལག་སློབ་གྲྭ་ཆེན་མོ་ནས་གཤག་བཅོས་སྨན་པའི་ལག་འཁྱེར་ཐོབ་པའི་བོད་རིགས་ཕྱི་ལུགས་སྨན་པ་དང་པོ་དེ་ཡིན་པ་རེད།      དེ་བཞིན་ཁོང་གིས་ཕྱི་ལོ་ ༡༩༦༦ ལོར་ Idols on the Path ལམ་བུར་ལྷ་སྐུ་ཞེས་པའི་བརྩམས་སྒྲུང་ཞིག་དང་།  ཕྱི་ལོ་  ༡༩༥༧  ལོར་སླར་ཡང་ Young Days in Tibet  ཞེས་པའི་རང་གི་ལོ་རྒྱུས་ཤིག་ཀྱང་བྲིས་ཡོད་པ་རེད། ཁོང་ནི་ད་དུང་བོད་རིགས་ནང་དེང་དུས་ཀྱི་དབྱིན་ཡིག་བརྩམས་སྒྲུང་བྲིས་མཁན་ཐོག་མ་དེ་ཡང་ཡིན་འདུག། ལྷག་པར་ཕྱི་ལོ་ ༡༩༥༦  ལོར་ཁོང་གི་འབྲུག་ཡུལ་ནང་དེང་དུས་ཕྱི་ལུགས་སྨན་ཁང་དང་པོ་དེ་གསར་འཛུགས་གནང་ཡོད།  ༢༠༡༡ ཟླ་  ༡༡ ཚེས་ ༢༦ ཉིན་ཌོ་ཊར་ཚེ་དབང་ཡེ་ཤེས་སྤེན་པ་ལགས་སྙུན་གཞིའི་རྐྱེན་པས་དགོངས་པ་རྫོགས་ཡོད་པ་རེད།

༸གོང་ས་མཆོག་ཁལ་ཕོ་ནི་ཡ་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་གདན་ཞུ་གནང་རྒྱུ།

ཨ་མི་རི་ཀའི་ཁལ་ཕོ་ནི་ཡ་མངའ་སྡེའི་གྲོང་ཁྱེར་ SanDiego ནང་རྟེན་གཞི་བྱས་པའི་ཁལ་ཕོ་ནི་ཡ་གཙུག་ལག་སློབ་གཉེར་ཁང་གིས་རྒྱ་ནག་གཞུང་དང་ཁུལ་དེར་ཡོད་པའི་རྒྱ་རིགས་སློབ་མ་ཚོས་ངོ་རྒོལ་བྱས་པར་ལྟོད་མེས་ཀྱིས་བོད་མིའི་བླ་ན་མེད་པའོ་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་གདན་ཞུ་གནང་རྒྱུ་ཡིན་ཅེས་གསུངས་འདུག རྩ་བའི་ཟླ་ ༢ ཚེས་ ༢ ཉིན་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སྐུ་ཞབས་ Pradeep Khosla ལགས་དང་ཨ་རིའི་ནང་གི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མགྲིན་ཚབ་པ་གྲྭ་བསྟན་འཛིན་དོན་ལྡན་ལགས་རྣམ་གཉིས་ཀྱིས་རིང་མིན་འདི་ལོའི་ཟླ་ ༦ ཚེས་ ༡༧ ཉིན་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་གདན་ཞུ་ཐོག་མགོན་པོ་༸གང་ཉིད་མཆོག་གིས་དགེ་ལས་སློབ་གཉེར་བ་ཡོངས་ལ་བཀའ་སློབ་བཀྲིན་བསྩལ་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་སློབ་གཉེར་ཁང་དེར་ཁུལ་དེའི་ས་གནས་མང་ཚོགས་ལ་བཀའ་སློབ་ བསྩལ་རྒྱུའི་མཛད་འཆར་ཁག་ཡོངས་བསྒྲགས་གནང་ཡོད་པ་ལྟར། ཕྱི་ཚེས་ ༣ ཉིན་སློབ་གཉེར་ཁང་དེའི་ནང་དུ་ཡོད་པའི་ CSSA ཞེས་པའི་རྒྱ་རིགས་སློབ་གཉེར་ཚོགས་པ་གཙོས་པའི་ས་གནས་རྒྱ་རིགས་སློབ་ཕྲུག་ཚོགས་པ་དང་རྒྱ་རིགས་ཚོང་པ་ཚོགས་པ་སོགས་ཟུང་འབྲེལ་གྱིས་སྤྱི་ཚོགས་འབྲེལ་མཐུད་སྐད་འཕྲིན་དང་ངོ་དེབ་སོགས་ཀྱི་ཐོག་བསྒྲགས་གཏམ་ཞིག་སྤེལ་ཏེ་སློབ་གཉེར་ཁང་དེའི་ནང་དུ་རྒྱ་ནག་གི་ལོ་རྒྱུས་དང་ཆབ་སྲིད། དེ་བཞིན་ཆེ་མཐོང་ལ་གནོད་པའི་གསུང་བཤད་རིགས་གནང་ཚེ་ཁོང་ཚོའི་སེམས་ཚོར་ལ་ཕོག་ཐུག་བྱུང་གི་ཡོད་སྐོར་སོགས་བརྗོད་འདུག གཙུག་ལག་སློབ་གཉེར་ཁང་ནས་༸གོང་ས་མཆོག་གདན་ཞུ་གནང་པ་དེར་མི་འདོད་པའི་རྣམ་པ་ཤུགས་ཆེ་དང་སྦྲགས། ཚོགས་པའི་ཚོགས་མི་ཚོས་མགོན་པོ་༸གང་ཉིད་མཆོག་གི་མཛད་འཆར་ཕྱིར་འཐེན་བྱ་དགོས་པ་སོགས་ཀྱི་ངོ་རྒོལ་ཡང་ཤུགས་ཆེ་བྱས་ཡོད་པ་རེད། འོང་ཀྱང་ཁ་ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཁལ་ཕོ་ནི་ཡ་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སྐུ་ཞབས་ Pradeep Khosla ལགས་ཀྱིས་རྒྱ་རིགས་ཚོགས་པ་དེ་དག་གྱི་སྐུ་ཚབ་རྣམས་བསྐོང་སྟེ་ཐེངས་འདིའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཁྲོད་མགོན་པོ་༸གང་ཉིད་མཆོག་ནས་ཆབ་སྲིད་དང་འབྲེལ་བའི་ཐ་སྙད། རང་དབང་རྩོད་ལེན་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་སོགས་སྤྱོད་དེ་བཀའ་སློབ་བསྩལ་རྒྱུ་མིན་པའི་ཐོག་གཙུག་ལག་སློབ་གཉེར་ཁང་གིས་རྐང་འགན་བཞེས་རྒྱུ་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། རྒྱ་རིགས་ཚོགས་པ་ཚོས་རེ་འདུན་ཕུལ་དོན་ལྟར་༸གོང་ས་མཆོག་གི་མཛད་འཆར་ཁག་ཕྱིར་འཐེན་གནང་རྒྱུ་མིན་ཞེས་གསུངས་འདུག ཀོ་ལམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་གི་བོད་རིག་པའི་མཁས་པ་སྐུ་ཞབས་ Robert Barnett ལགས་ཀྱིས་ཁལ་ཕོ་ནི་ཡ་གཙུག་ལག་སློབ་གཉེར་ཁང་གིས་རྒྱ་རིགས་ཚོགས་པ་ཁག་གི་རེ་འདུན་འོག་མགོ་བོ་མ་སྒུར་བ་དེ་ནི་གཟི་བརྗིད་ཅིག་རེད་ཅེས་བསྔགས་བརྗོད་གནང་པ་དང་འབྲེལ། དཀའ་རྙོག་དེ་དག་སེལ་ཐབས་སུ་ཐབས་ལམ་ཡག་ཤོས་དེ་ནི་གྲོས་མོལ་ཡིན་སྟབས། ཁལ་ཕོ་ནི་གཙུག་ལག་སློབ་གཉེར་ཁང་ནས་ད་རེས་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་བཀའ་དྲིན་མཛ་སྐབས་མགོན་པོ་༸གང་ཉིད་མཆོག་དང་རྒྱ་རིགས་སློབ་ཕྲུག་དབར་དམིགས་བསལ་གྱི་གྲོས་བསྡུར་ལས་རིམ་ཞིག་གོ་སྒྲིག་ཞུ་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པའི་དགོངས་ཚུལ་ཕུལ་གནང་འདུག རྩ་བའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་ ༢༠༡༢ ལོར་གྲོང་ཁྱེར་དེའི་ནང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་མ་དང་མང་ཚོགས་བཅས་ལ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་བཀའ་སློབ་བསྩལ་བ་ལས། རང་དབང་འཐབ་རྩོད་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་སོགས་རྒྱ་རིགས་ཀྱི་སེམས་ཁམས་ལ་དོ་ཕོག་ཐེབས་གཞི་གང་ཡང་བཀའ་བསྩལ་གནང་མེད་པ་རེད། གཞི་རྩའི་རྒྱ་རིགས་ཚོགས་པ་དེ་དག་ནས་ཁུལ་དེའི་༸གོང་ས་མཆོག་གི་མཛད་འཆར་ཁག་ཕྱིར་འཐེན་དགོས་པའི་ངོ་རྒོལ་བྱས་པ་དེར། ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་ནས། རྒྱ་རིག་སློབ་ཕྲུག་སྡེ་ཚན་གྱི་རྒྱ་ནག་གཞུང་ཚབ་ལྷན་དུ་འབྲེལ་བ་བྱེད་དེ་༸གོང་ས་མཆོག་གིས་བཀའ་སློབ་ལས་རིམ་ལ་དགག་པ་རྒྱབ་པ་དེ་ནི་ཨ་རིའི་ཤེས་ཡོན་རང་དབང་གི་ཐད་ལ་དྲི་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་ནས་ཐབས་ལམ་འདྲ་མིན་བརྒྱུད་ཨ་རིའི་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་དང་འབྲེལ་བའི་ཐག་གཅོད་ལ་ཐད་བྱུས་བྱེད་བཞིན་པའི་ཐད་ཨ་མི་རི་ཀའི་གཞུང་དམངས་ཡོངས་དང་གྲོས་ཚོགས་བཅས་ནས་དམིགས་གསལ་དོ་སྣང་གནང་དགོས་གལ་ཡིན་སྐོར་གསུངས་ཡོད་པ་རེད། ལྷག་པར་དུ་ཨ་རིའི་ Goergia གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་བཞིན་པའི་རྒྱ་རིག་སློབ་མ་ Yi Sulaiman Gu ལགས་ཀྱིས་ཡོངས་ཁྱབ་ཕྱག་བྲིས་ཞིག་སྤེལ་བའི་བརྒྱུད་ཁོང་རང་ཉིད་རྒྱ་རིགས་ཤིག་ཡིན་ཡང་༸གོང་ས་མཆོག་གི་བཀའ་སློབ་ལས་རིམ་ལ་དགའ་མོས་ཆེན་པོ་བྱེད་མཁན་ཞིག་ཡིན་ཅེས་ངོ་སྤྲོད་དང་འབྲེལ། CSSA ཞེས་པའི་རྒྱ་རིགས་སློབ་ཕྲུག་ཚོགས་པ་དེས་རྒྱ་རིགས་སློབ་མ་ཡོངས་ཀྱི་མིང་སྤྱོད་དེ་རྒྱ་ནག་གཞུང་ཚབ་ཁང་དང་ལག་འབྲེལ་གྱིས་གཙུག་ལག་སློབ་གཉེར་ཁང་གི་ལས་དོན་ལ་དགག་པ་བྱས་དེ་ནི་རྒྱ་ནག་གཞུང་གི་དམ་བསྒྲགས་ཀྱི་སྲིད་བྱུས་རྣམས་ཨ་རིའི་སློབ་གཉེར་ཁང་དུ་སླེབ་བཞིན་ཡོད་པ་སོགས་སྐྱོན་བརྗོད་ནན་པོ་གནང་འདུག རྒྱ་རིགས་སློབ་ཕྲུག་ཚོགས་པ་དེ་དག་རང་དབང་ཅན་གྱི་སློབ་ཕྲུག་ཚོགས་ཤིག་རྩ་བ་ནས་མིན་པ་དང། ཚོགས་པ་དེ་དག་གི་མགོ་ཁྲིད་དང་ལས་ཀ་བྱེད་མཁན་རྣམས་རྒྱ་ནག་གཞུང་ཚབ་ཁང་གི་བསྐོ་གཞག་བྱེད་ཀྱི་ཡོད་པ་མ་ཟད། ཁོང་ཚོས་རྒྱ་ནག་གཞུང་ཚབ་ཁང་གིས་གང་བཤད་པ་མ་གཏོགས་རང་ངོས་ནས་ཐག་གཅོད་བྱ་ཆོག་གི་མེད་པ་རེད་པ་འདུག རྩ་བའི་ཨ་རི་ནང་ལ་ཡོད་པའི་རྒྱ་རིགས་སློབ་མ་ཚོས་༸གོང་ས་མཆོག་གི་མཛད་འཆར་སོགས་ཀྱི་ཐོག་ལ་ངོ་རྒོལ་བྱེད་པ་ད་རེས་ཐེངས་དང་པོ་མ་ཡིན་པར། དེ་སྔ་ཨ་རའི་ཝ་ཤིང་ཊོན་གཙུག་ལག་སློབ་གཉེར་ཁང་གིས་མགོན་པོ་༸གང་ཉིད་མཆོག་ལ་ཆེས་མཐོའི་ཕྱག་འཁྱེར་འབུལ་བཞེས་མཛད་སྐབས་སུའང་ས་གནས་རྒྱ་རིགས་རྣམས་ཚོས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་རེད།

ངོ་ཚ་སྨིན་པོ་དང་ཁུ་སིམ་བཞུགས་པའི་གཤིས་རྒྱུད་དེ་ཞན་ཆ་ཞིག་རེད་ཅེས་གསུངས་པ།

ཉེ་ཆར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་གཏན་འབེབས་གནང་པའི་བེུད་ནུས་ཤུགས་གོང་འཕེལ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་གཏན་འབེབས་གནང་མ་ཐག་ཡིན་པ་དང། བོད་མིའི་སྒྲིགས་འཛུགས་ཀྱི་བེུད་ནུས་སྟོབས་གོང་འཕེལ་ཚན་པའི་གོ་སྒྲིག་འོག་ཟླ་ ༢ ཚེས་ ༢༡ ནས་ ༢༣ བར་བཞུགས་སྒར་དྷ་སར་བེུད་ནུས་སྟོབས་གོང་འཕེལ་གྱི་ཚོགས་ཆེན་ཐེངས་དང་པོ་ཚོགས་ཀྱི་ཡོད་པ་དང་བསྟུན། བེུད་ནུས་སྟོབས་གོང་འཕེལ་གྱི་སྲིད་བྱུས་བསྐྱར་ཞིབ་ཚོགས་ཆུང་དང་ཚོགས་འདུ་གོ་སྒྲིགས་ཚོགས་ཆུང་ནང་ཡོད་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཉེ་སྔོན་བོད་པའི་སྤྱི་ཚོགས་ནང་བེུད་ཀྱི་གཤིས་སྤྱོད་དང་འབྲེལ་ཏེ། རང་ཉིད་ཀྱི་མྱོང་ཚོར་ཐོག་དཔྱད་རྩོམ་ཞིག་སྤེལ་གནང་འདུག སྐབས་དེར་ཁོང་གིས་བོད་པའི་སྤྱི་ཚོགས་ནང་དུ་བོད་ཀྱི་བུ་མེད་ཚོ་ངོ་ཚ་སྨིན་པོ་དང་ཁུ་སིམ་པའི་གཤིས་རྒྱུད་དེ་ཞན་ཆ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་འགྲེལ་བརྗོད་གནང་འདུག

རེས་གཟའ་པ་སངས། ༢༠༡༧།༠༢།༡༧

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་ Madrid དུ་གདན་ཞུའི་གྲ་སྒྲིག་གནང་བཞིན་པར་ངོ་རྒོལ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་ནག་ཉེས་སུ་ངོས་འཛིན་བཞིན་པའི་སྙན་ཐོ་འདོན་སྤེལ། ཆབ་སྲིད་བཙོན་པ་ཤེར་འཕེལ་ལགས་གློད་བཀྲོལ་ཐོབ་པ། མྱུལ་ཞིབ་པས་རྟོག་སྒྲུང་ཞིག་གི་བརྒྱུད་རྒྱ་གཞུང་གིས་བོད་ནང་བཙན་འཛུལ་བྱས་པར་སྐྱོན་བརྗོད། བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་འཆར་གཞིར་ཞིབ་འཇུག་གི་ལས་དོན་དབུ་འཛུགས། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། བོད་པ་ཁ་ཆེའི་སྤྱི་ཚོགས་སྐོར། Friday 17/02/2017 Madrid Mayor asks Richard Gere to invite HHDL to Madrid, China fumes Human rights workers treated like ‘criminals’: CHRD report Tibetan political prisoner Sherphel released Mystery novel writer decries occupation of Tibet Tibetan Parliamentary committee meets to review CTA Budget DIASPORA FEATURE: Tibetan Muslim Community in Kashmir

ཆབ་སྲིད་བཙོན་པ་ཤེར་འཕེལ་ལགས་གློད་བཀྲོལ་ཐོབ་འདུག

དེའང་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༢༣ ཉིན་དཀར་མཛེས་ཁུལ་སེར་རྟ་རྫོང་ཐོག་ཏུ་ཞི་རྒོལ་ནང་མཉམ་ཞུགས་གནང་པར་བརྟེན་ལོ་ ༤ དང་ཟླ་བ་ ༡༠ རིང་བཙོན་འཇུག་ཁྲིམས་ཆད་ཕོག་པའི་དཀར་མཛེས་ཁུལ་གསེར་རྟ་རྫོང་དབོན་བཟའ་སྡེ་བ་ནས་ཡིན་པའི་ཤེར་འཕེལ་ལགས་གློད་བཀྲོལ་ཐོབ་འདུག གཞི་རྩའི་ཤེར་འཕེལ་ལགས་དེ་སྔ་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༢༣ ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་རྒྱུ་ཡིན་པའི་ཡིག་ཆ་ཞིག་བཀྲམས་པར་བརྟེན་ཉིན་དེར་བོད་མི་མང་པོ་ཞིག་རྫོང་ཐོག་ཏུ་འཛོམས་ཏེ་ཞི་རྒོལ་གནང་མཁན་གྱི་ཕུང་པོ་རྒྱ་གཞུང་གི་ལག་ཏུ་མ་ཤོར་བ་གནང་དགོས་སྐོར་བརྗོད་སྟབས། བོད་མི་ཁག་ཅིག་འཛིན་བཟུང་བྱས་པའི་ཁྲོད་ཤེར་འཕེལ་ལགས་ཀྱང་སྐབས་དེར་འཛིནབཟུང་བྱས་ཏེ་ད་བར་ལོ་ ༤ དང་ཟླ་བ་ ༡༠ རིང་བཙོན་འཇུག་བྱས་པ་དང་། སྔ་ལོ་ ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༢༥ ཉིན་བཙོན་འཇུག་གི་དུས་ཡུན་གཙང་སྟེ་དངོས་སུ་གློད་བཀྲོལ་བཏང་ནས་རང་ཁྱིམ་དུ་འབྱོར་འདུག འདི་ག་རླུང་འཕྲིན་ཁང་ལ་སུད་སིར་བཅའ་སྡོད་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་དོན། ཁོང་གིས་ས་གནས་ལ་དམ་བསྒྲགས་ཆེ་བའི་རྐྱེན་གྱིས་ཁོང་གི་གཟུགས་གཞིའི་གནས་སྟངས་དང་བཙོན་ཁང་ནང་སྡུག་སྦྱོང་ཇི་ལྟར་མྱངས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ད་ལྟའིི་ཆར་ཤེས་རྟོགས་ཐུབ་ཀྱི་མེད་པ་མ་ཟད། ཁོང་གློད་བཀྲོལ་ཐོབ་ཏེ་ད་བར་ཟླ་ཤས་ཕྱིན་ཟིན་ཀྱང་ད་བར་གནས་ཚུལ་དེ་ཕྱིར་བསྒྲགས་གནང་མ་ཐུབ་པའི་རྒྱུ་མཚན་ནི་སྔ་ལོ་ ༢༠༡༦ ལོ་མཇུག་ནས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལ་བསྐྱོད་མཁན་བོད་མི་ཚོར་དམ་བསྒྲགས་དང་། དེ་རྗེས་ ༢༠༡༧ ལོར་རྒྱ་མིའི་ལོ་གསར་འཁེལ་བ། དེ་བཞིན་ཁམས་བྲག་མགོ་དང་སེར་རྟ་བཅས་ཀྱི་ནང་བོད་མིས་ཞི་རྒོལ་བ་བསྟུད་མར་གནང་རྐྱེན་དུས་ཡུན་དེ་དག་གི་རིང་ལ་ས་གནས་ཁག་ཏུ་དྲ་ལམ་དང་སྐད་འཕྲིན་སོགས་བཀག་སྡོམ་འོག་ཕྱིར་བསྒྲགས་གནང་ཐུབ་མེད་སྐོར་གསུངས་སོང་། རྩ་བའི་དཀར་མཛེས་ཁུལ་གསེར་རྟ་རྫོང་དབོན་བཟའ་སྡེ་བ་ནས་ཡིན་པའི་ཤེར་འཕེལ་ལགས་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༢༣ ཉིན་དཀར་མཛེས་ཁུལ་སེར་རྟ་རྫོང་ཐོག་ཏུ་ཞི་རྒོལ་ནང་མཉམ་ཞུགས་གནང་པར་བརྟེན་ལོ་ ༤ དང་ཟླ་བ་ ༡༠ རིང་བཙོན་འཇུག་བྱས་པ་དང་། བཙོན་འཇུག་གི་དུས་ཡུན་གཙང་སྟེ་ ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༢༥ ཉིན་དངོས་སུ་གློད་བཀྲོལ་བཏང་ནས་རང་ཁྱིམ་དུ་འབྱོར་འདུག

རྒྱ་ནག་གཞུང་གིས་༸གོང་ས་མཆོག་ Madrid གྲོང་ཁྱེར་དུ་གདན་ཞུའི་སྟ་གོན་གནང་བཞིན་པར་ངོ་རྒོལ།

རྒྱ་གཞུང་འབྲེལ་ཚོགས་ཁག་ཅིག་གིས་ཡུ་རོབ་ Spain གྱི་རྒྱལ་ས་ Madrid གྲོང་ཁྱེར་སྤྱི་ཁྱབ་བློན་ཆེན་ལྕམ་ Manuela Carm ena ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་གདན་ཞུ་གནང་རྒྱུའི་སྟ་གོན་གནང་བཞིན་པར་ངོ་རྒོལ་བྱས་འདུག དེའང་ཟླ་ ༢ ཚེས་ ༡༥ ཉིན་ Spain གྱི་གསར་ཁང་ Think Spain དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཉེ་ཆར་ཕྱི་ཚེས་ ༡༤ ཉིན་བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་ Madrid ནང་དུ་ཕེབས་པ་དང་བསྟུན། གྲོང་ཁྱེར་སྤྱི་ཁྱབ་བློན་ཆེན་ལྕམ་ Manuela Carmena ལགས་ཀྱིས་སྐུ་ཞབས་ Richard Gere ལགས་དང་མཇལ་འཕྲད་གནང་ཏེ། རིང་མིན་ཕྱི་ཟླ་བཞི་པའི་ནང་ཁུལ་དེར་ཚོགས་གཏན་འཁེལ་བའི་ Forum on Urban Violence and Education for Peace འམ་རྒྱལ་སྤྱིའི་འཚེ་བ་འགོག་སྲུང་དང་ཞི་བདེའི་སློབ་གསོ་ཞེས་པའི་གླེང་སྟེགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་ཕུལ་རྒྱུའི་ཐོག་གྲོས་བསྡུར་གནང་པ་མ་ཟད། གདན་ཞུ་དེ་ཡང་གཙོ་བོ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་ཉེ་བའི་གྲོགས་པོ་སྐུ་ཞབས་ Richard Gere ལགས་ཀྱི་བརྒྱུད་ནས་ཕུལ་དགོས་སྐོར་སོགས་ཐག་གཅོད་གནང་ཡོད་པ་རེད། འོན་ཀྱང་ཁ་ཉིན་གནས་ཚུལ་དེ་རྒྱལ་སྤྱིའི་ཐོག་ཕྱིར་འགྱར་བྱུང་མ་ཐག Madrid ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་འབྲེལ་གྱི་ཚོགས་པ་ China Co uncil for the Promotion of Peaceful National Reunification འམ་རྒྱ་ནག་མེས་རྒྱལ་གོང་དུ་གཅིག་སྒྲིལ་ལྷན་ཚོགས་ཀྱི་ཚོགས་གཙོ་ Xu Songhua ཡིས་ Madrid གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་ཐུགས་ཐག་བཅད་པ་དེར་མི་འདོད་པའི་རྣམ་པ་ཤུགས་ཆེ་དང་སྦྲགས། ཚོགས་པའི་ཚོགས་མི་ཁག་མཉམ་འཛོམས་ཀྱིས་མངའ་སྡེ་གཞུང་གི་ཐག་གཅོད་གནང་པ་དེར་མོས་མཐུན་མེད་པའི་ཕྱག་བྲིས་ཤིག་ཀྱང་ཕུལ་འདུག ཕྱག་བྲིས་དེའི་ནང་ཁོང་ཚོས་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་རྒྱལ་སྤྱིའི་གླེང་སྟེགས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གནང་རྒྱུའི་ཐུགས་ཐག་བཅད་པར་བློ་ཕམ་ཆེན་པོ་ཡོད་ཅེས་བརྗོད་པ་དང་། མགོན་པོ་༸གང་ཉིད་མཆོག་ནི་ཞི་བདེ་དང་འཚེ་བ་མེད་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་བེད་སྤྱོད་ནས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་ལོག་པ་སྤེལ་མཁན་ཞིག་རེད་སྐྱོན་བརྗོད་ཀྱི་འགྲེལ་བརྗོད་བྱས་དང་ཆབས་ཅིག གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་གནད་དོ་ངེས་པར་དུ་ཕྱིར་འཐེན་གནང་དགོས་པ་བརྗོད་འདུག གཞན་ཡང་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་སྐྱེད་བཏང་བནས་ས་གནས་བོད་མིའི་འཚོ་ཐབས་དང་དཔལ་འབྱོར་སོགས་ཀྱི་གནས་སྟངས་ཡར་རྒྱས་ཆེན་པོ་བཏང་པ་མ་ཟད། སི་པཎ་ནི་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁོངས་ལས་རྒྱ་ནག་དང་ཚོང་འབྲེལ་ལེགས་པའི་རྒྱལ་ཁབ་ཅིག་རེད་ཅེས་བཀོད་འདུག  གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་༸གོང་ས་མཆོག་གདན་ཞུ་གནང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བཏང་ངེས་མི་རུང་ཚུལ་སོགས་ཀྱང་བཀོད་འདུག ཚོགས་པ་དེ་ནི་ཐོག་མར་ཞི་བའི་ཐོག་ནས་རྒྱ་ནག་གོང་བུ་གཅིག་སྒྲིལ་ཡོང་ཐབས་སུ་གསར་འཛུགས་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཡིན་ཀྱང་། ཕྱིས་སུ་ ༢༠༠༠ ལོར་ཚོགས་པ་དེའི་ཡན་ལག་ཁག་རྒྱལ་སྤྱིའི་ཐོག་རྒྱ་སྐྱེད་བྱུང་བ་ནས་བཟུང་སྟེ་ཚོགས་པ་དེའི་འགོ་ཁྲིད་རྣམས་རྒྱ་ནག་གཞུང་འབྲེལ་མི་སྣ་ཐད་བསྐོས་ཀྱིས་ ༢༠༠༤ ལོ་ནས་ཚོགས་པ་དེ་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་གི་ཐད་ཀའི་བཏང་འཛིན་འོག་བཞག རྒྱལ་སྤྱིའི་ཆབ་སྲིད་ཚོགས་པ་དང་མི་སྣ་ཁག་ལ་གནོན་ཤུགས་སྤྲོད་རྒྱུ་དང་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་རྒྱ་གཞུང་གི་བསམ་བློ་དང་གཞུང་འབྲེལ་གྱི་དྲིལ་བསྒྲགས་ སྤེལ་མཁན་གཙོ་གྲས་ཤིག་ཆགས་ཡོད། གཞི་རྩའི་ Spain གྱི་རྒྱལ་ས་ Madrid ནང་དུ་ཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་གླེང་སྟེགས་དེ་ནི་རིང་མིན་ཕྱི་ཟླ་ ༤ ཚེས་ ༡༩ ཉིན་ནས་ཉིན་གྲངས་གསུམ་རིང་ལ་ཚོགས་གནང་གི་ཡོད་པ་དང་། དེའི་ཐོག་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་གྲོང་ཁྱེར་སྤྱི་ཁྱབ་དང་། ཆབ་སྲིད་མི་སྣ། དེ་བཞིན་རྒྱལ་སྤྱིའི་ཚན་རིག་མཁས་པ་དང་སྤྱི་ཚོགས་ཞབས་བཞུ་བ་སོགས་མི་སྣ་གཙོ་གྲས་མང་དག་ཞིག་ནས་མཉམ་ཞུགས་གནང་གི་ཡོད་པ་རེད། རྩ་བའི་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འགྲོ་བ་མིའི་ཐོབ་ཐང་སོགས་བེད་སྤྱོད་ནས་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་པ་ཁག་གི་འགོ་ཁྲིད་ལ་སྐྱོན་བརྗོད་དང་ངོ་རྒོལ་སོགས་བྱེད་མུས་ཡིན་པ་དང་། དེ་སྔ་མགོན་པོ་༸གང་ཉིད་མཆོག་ཨ་རི་དང་། Slovakia  སོག་ཡུལ། ཨི་ཊ་ལི་སོགས་སུ་ཆིབས་བསྒྱུར་མཛད་སྐབས་ངོ་རྒོལ་བྱས་པ་དང་འདི་བཞིན་ཚོང་འབྲེལ་གྱི་བརྒྱུད་ལམ་ཁག་ཅིག་ཀྱང་བཀག་སྡོམ་བྱས་ཡོད་པ་མ་ཟད། Lady Gaga ལ་སོགས་པའི་རྒྱལ་སྤྱིའི་སྒྱུ་རྩལ་བ་མི་ཉུང་བ་ཞིག་ལ་ཡང་ཆབ་སྲིད་ཀྱི་འབྲེལ་བཏགས་འོག་རྒྱ་ནག་ནང་བསྐྱོད་རྒྱུའི་མཐོང་མཆན་མ་སྤྲད་པའི་གནས་ཚུལ་རིམ་ཐོན་བྱུང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་འཆར་གཞིར་ཞིབ་འཇུག་གི་ལས་དོན་དབུ་འཛུགས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༧་་་༡༨ ལོའི་འཁོར་སྔོན་རྩིས་འཆར་གཞིར་ཞིབ་འཇུག་གི་ལས་དོན་དབུ་འཛུགས་གནང་ཡོད་པ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་བཏང་འཛིན་གྱི་སྒྲིག་གཞི་དགོངས་དོན་འོག་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་གིས་ཕྱི་ཟླ་གསུམ་པའི་སྔོན་རྩིས་གྲོས་ཚོགས་མ་ཚོགས་སྔོན་དུ་བཙན་བྱོལ་བོད་མིའི་ལས་ཁུངས་མ་ལགས་དང་བཅས་པའི་ལོ་འཁོར་སྔོན་རྩིས་འཆར་གཞི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་གྲུབ་དོན་སྙན་ཐོ་འབུལ་ལམ་ཞུ་དོན་ལྟར། ལོ་འཁོར་སྔོན་རྩིས་འཆར་གཞི་དེའི་རྒྱབ་ལྗོངས་དང་བཅས་པར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཞེས་མི་འགྲོར་སྤྱི་འཐུས་ལྔ་བསྐོ་འཛུགས་ཀྱིས་ལོ་འཁོར་སྔོན་རྩིས་འཆར་གཞིར་ཞིབ་འཇུག་གྱི་ལས་དོན་གནང་བཞིན་ཡོད་པ་རེད། རྩིས་ལོ་ ༢༠༡༧་་་༡༨ ལོའི་ཚོད་དཔག་འཅར་རྩིས་ཚོགས་ཆུང་གི་ལས་དོན་དེ་ཁ་སང་ཟླ་ ༢ ཚེས་ ༡༦ ཉིན་ཚོགས་ཆུང་ལྷན་འཛོམས་ཀྱིས་དབུ་འཛུགས་གནང་པ་དང་། ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ལགས་རྣམ་གཉིས་བསྐོ་གཞག་གནང་འདུག གཞི་རྩའི་ད་ལན་གྱི་རྩིས་ལོ་ ༢༠༡༧་་་༡༨ ལོའི་ཚོད་དཔག་འཅར་རྩིས་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས། སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས་བཅས་ཡིན་པ་རེད།  

རེས་གཟའ་ཕུར་བུ། ༢༠༡༧།༠༢།༡༦

ཉན་པ།: Listen ཕབ་ལེན། Download གསེར་རྟ་རྫོང་ཐོག་ནས་བོད་མི་ཞི་རྒོལ་བ་གཅིག་འཛིན་བཟུང་བྱས་འདུག ཅེཀ་སྤྱི་མཐུན་རྒྱལ་ཁབ་གྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐོར་འབོད་སྐུལ་ཞུས་འདུག ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ནས་ཁུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་ཕྲད་ཞུས་འདུག དགེ་ལེགས་རིན་པོ་ཆེ་ཁ་སང་དགོངས་པ་རྫོགས་འདུག འཕྲོད་བསྟེན་ཤེས་བྱ། བོད་ཀྱི་གསོ་རིག་འཇམ་དཔྱད་སྐོར། Thursday 16/02/2017 Lone Tibetan protester in Serta, Tibet South African Tibetan representative meets with local Parliamentarians Gelek Rinpoche passes away in Michigan hospital Late Tulku Tenzin Delek’s neice calls on Human Rights Director of Czech Republic HEALTH FEATURE: Dr. Tsultrim Kelsang on Mild Therapy

Latest news