Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: October, 2019

རྒྱལ་སྤྱིའི་ནང་པའི་ཚོགས་པའི་སྐུ་ཚབ་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ།

དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ International Network of Engaged Buddhists ཞེས་པའི་རྒྱལ་སྤྱིའི་ནང་པའི་ཚོགས་པའི་སྐུ་ཚབ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་༸གོང་ས་མཆོག་གིས་ནང་པ་ཚོར་སེམས་ཀྱི་ཞི་བདེ་གོང་འཕེལ་བརྒྱུད་འཛམ་གླིང་ཞི་བདེ་བསྐྲུན་སླད་དམིགས་བསལ་གྱི་ལས་འགན་ཡོད་པ་བཀའ་བསྩལ་སོང་། དེ་རིང་ཚོགས་པ་དེ་ཆེད་འཛུགས་གནང་མཁན་སྐུ་ཞབས་ Sulak Sivaraksa ལགས་ཀྱིས་སྣེ་ཁྲིད་འོག་ཐེ་ལེན་ཌི་དང་རྒྱ་གར། ཨ་རི།  བྷར་མ། ཉི་ཧོང་། ལྷོ་ཀོ་རི་ཡ།  བྷང་ལ་དེ་ཤ བལ་ཡུལ་སོགས་རྒྱལ་ཁབ་ ༡༥ ནས་ཁྱོན་སྐུ་ཚབ་ ༡༦༥ ལྷག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གི་མཇལ་ཁ་ཞུས་བར་བཅར་ཡོད་པ་ལྟར་༸གོང་ས་མཆོག་གིས་སྐབས་དེར་འགྲོ་བ་མི་ཐམས་ཅད་བདེ་བ་འདོད་ཀྱང་ད་ཆ་འཛམ་གླིང་ནང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་དེ་མིས་བཟོས་པ་ཞིག་དང་། དཀའ་ངལ་དེ་དག་ཡང་ང་ཚོ་དང་ཁོ་ཚོ་ཟེར་ཞེས་རིམ་པ་གཉིས་པར་གཙིགས་ཆེར་འཛིན་རྐྱེན་ཡོང་བ་ཞིག་ཡིན་སྟབས། མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལས་གཅིག་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་མཛད་རྒྱུ་དེ་ཡིན་སྐོར་བཀའ་བསྩལ་ཡོད། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ནང་ཆོས་ཀྱི་གཞི་རྩ་པཱ་ལི་གཞུང་ལུགས་དང་ཚད་མའི་སྒོ་ནས་དཔྱད་པའི་ལེགས་སྦྱར་གཞུང་ལུགས་གཉིས་ཟུང་འབྲེལ་གྱིས་ཚན་རིག་དང་མཉམ་དུ་བསྐྱོད་དགོས་པ་དང་ཆབས་ཅིག་ཏུ་ནང་པའི་གཞུང་ལུགས་ཐད་རྒྱུ་མཚན་དཔྱད་པའི་སྒོ་ནས་དེར་སློབ་སྦྱོང་གནང་བ་ཡིན་ན་དུས་རབས་ ༢༡ གི་ནང་པ་ཞིག་ཆགས་ངེས་ཡིན་སྐོར་བཀའ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་ད་དུང་ད་ཆ་འཛམ་བུ་གླིང་ལ་དཀའ་ངལ་འཕྲད་བཞིན་པའི་གནད་དོན་ཐད་ཆོས་ལུགས་ཚང་མར་དེ་འབྲེལ་དཀའ་ངལ་སེལ་བར་ནུས་པ་ཡོད་པ་དང་དེའི་ཁོངས་ནས་ནང་པ་ལྟ་བུ་མཚོན་ན་དད་པ་ཁོ་ན་མ་ཡིན་པར་རྒྱུ་མཚན་ལ་བརྟེན་ནས་དཔྱད་པ་གནང་རྒྱུའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡོད་སྟབས། ནང་པ་ཚོར་སེམས་ཀྱི་ཞི་བདེ་གོང་འཕེལ་བརྒྱུད་འཛམ་གླིང་ཞི་བདེ་བསྐྲུན་སླད་དམིགས་བསལ་གྱི་ལས་འགན་ཡོད་པ་བཀའ་བསྩལ་སོང་། དེ་བཞིན་སྐུ་ཞབས་ Sulak ལགས་ཀྱིས་འདི་ལོ་ཚོགས་པ་དབུ་བརྙེས་ནས་ལོ་ ༣༠ འཁོར་བ་མ་ཟད་སྒོས་ང་ཚོས་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་གནས་ནས་ཡོང་སྟེ་ལྷན་ཚོགས་འཚོགས་རྒྱུ་དེ་འཚམས་པོ་ཞིག་ཏུ་མཐོང་བ་དང་ལྷག་པར་དུ་ད་རེས་འདིར་༸གོང་ས་མཆོག་གི་བཀའ་སློབ་ཞུ་སླད་བཅར་བ་ཡིན་སྐོར་གསུངས་སོང་བ་དང་ཆབས་ཅིག་ཏུ་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་དགའ་ཚོར་བྱུང་སོང་ཞེས་དང་༸གང་ཉིད་མཆོག་གིས་ང་ཚོ་ནང་པ་རྣམས་ནས་ཆོས་ལུགས་གཞན་ཚོ་དང་ལྷན་དུ་མཉམ་སྦྲེལ་གནང་དགོས་པ་དང་དེ་བཞིན་ཁོར་ཡུག་སོགས་དང་འབྲེལ་བའི་དཀའ་ངལ་དག་སེལ་ཐབས་ལ་གདོང་ལེན་གནང་དགོས་པ་སོགས་ཀྱི་ལམ་སྟོན་མཛད་ཡོད་པ་ངོ་སྤྲོད་གནང་སོང་། ཚོགས་པ་དེའི་རྒྱུན་ལས་ཁོངས་སུ་ཡོད་པ་ Anchalee Karutach ལགས་ཀྱིས་ད་རེས་ལྷན་ཚོགས་མ་འཚོགས་གོང་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བར་དངོས་གནས་སེམས་འགུལ་ཐེབས་པ་ཞིག་བྱུང་སོང་བ་དང་མགོན་པོ་༸གང་ཉིད་མཆོག་ལྟ་བུ་མཚོན་ན་༸སྐུ་སྒེར་ལ་སྐུ་ངལ་ཇི་ཙམ་འཕྲད་མིན་ལ་བལྟོས་མེད་སེམས་ཅན་དོན་དུ་མཛད་པ་བསམ་གྱིས་མི་ཁྱབ་པ་བསྐྱངས་པ་མ་ཟད་དགུང་ལོ་བགྲེས་པོ་ཕེབས་ཡོད་ཀྱང་འགྲོ་བ་གཞན་གྱི་བདེ་དོན་སླད་དུ་ཐུགས་སྤོབས་ཁྱད་པར་ཅན་ཡོད་པ་དེ་ཡི་རང་ཞུ་རྒྱུ་ཞིག་ཡིན་པ་དང་། ང་ཚོ་སྤྱི་ཚོགས་ཞབས་ཞུ་བར་མཚོན་ན་༸གོང་ས་མཆོག་དཔེ་མཚོན་བཟང་ཤོས་ཤིག་ཡིན་སྐོར་གསུངས་སོང་། གཞི་རྩའི་ཕྱི་ལོ་ ༡༩༨༩ ལོར་ཐེ་ལན་ཌི་ནང་རྩོམ་པ་པོ་དང་གཙུག་ལག་སློབ་དཔོན་ཡིན་པ་སྐུ་ཞབས་ Sulak Sivaraksa ལགས་དང་ནང་པའི་རུ་ཁག་དེ་སྤྱི་ཚོགས་ཞབས་ཞུ་བ་ཁག་གཅིག་གིས་ནང་པ་ཕན་ཚུན་དང་། ཆོས་ལུགས་གཞན་བར་མཉམ་སྦྲེལ་དང་གོ་རྟོགས་གོང་འཕེལ་གཏོང་རྒྱུ། ནང་པའི་ལྟ་གྲུབ་ཉམས་ལེན་གྱིས་སྤྱི་ཚོགས་ནང་ཞི་བདེ་བསྐྲུན་སླད་ཆེད་དམིགས་གནང་བའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེར་ཨེ་ཤ་ཡ་གཙོས་གྱུར་ཡོ་རོབ་དང་བྱང་ཨ་རི།  དེ་བཞིན་ཨོ་སི་ཊོ་ལི་ཡ་སོགས་རྒྱལ་ཁབ་ ༢༥ ཙམ་ཞིག་ནས་ཚོགས་མི་ཡོད་པ་རེད་འདུག  ད་རེས་ཚོགས་པ་དེ་དབུ་བརྙེས་ཏེ་ལོ་ངོ་ ༣༠ འཁོར་བ་དང་བསྟུན་བཞུགས་སྒར་གྱི་ཉེ་འདབས་སུ་ཆགས་པའི་སྦིར་དུ་རྟེན་གཞི་བྱས་པའི་ Deer Park Institute དུ་ The Culture of Awakening ཞེས་པའི་བརྗོད་གཞི་ཐོག་ལྷན་ཚོགས་ཤིག་འཚོགས་གཏན་ཁེལ་འདུག

བོད་མི་ཡིན་པར་དོགས་ནས་བལ་པོའི་བྱིས་པ་དང་རྒན་འཁོགས་རྣམས་ཀྱང་འཛིན་བཟུང་།

ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བལ་ཡུལ་ནང་མ་འབྱོར་གོང་དུ་བལ་ཡུལ་གྱི་ཉེན་རྟོག་པས་མི་སྣ་མང་དག་ཅིག་འཛིན་བཟུང་བྱས་ཡོད་པའི་ཁོངས་སུ་བལ་ཡུལ་གྱི་སྒོར་ཁཱའི་མི་རིགས་ཡིན་པའི་ན་ཆུང་བུ་མོ་ལོ་ ༡༤ ཅན་ཞིག་དང་།  བགྲས་སོང་དགུང་ལོ་ ༦༥ ཡིན་པའི་ཨ་མ་ལགས་ཤིག་ཀྱང་བོད་མི་ཡིན་པར་དོགས་ནས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་གཉིས་འཛིན་བཟུང་བྱེད་དགོས་དོན་ནི་བུ་མོ་ལོ་ཆུང་དེའི་སྟོད་གོས་སྟེང་དུ་ Free Tibet ཞེས་བོད་རང་བཙན་གྱི་འབོད་ཚིག་འཁོད་ཡོད་པ་དང་། ཨ་མ་ལགས་དེ་ཉིད་ཀྱི་རྒྱབ་ཁུག་སྟེང་དུ་བོད་ཡིག་བྲིས་ཡོད་པར་བརྟེན་ནས་བཀག་བསྐྱིལ་ཁང་དུ་ཁྲིད་ཡོད་ནས་འདྲི་གཅོད་བྱས་འདུག   ན་ཆུང་བུ་མོ་དེའི་དགེ་རྒན་ཕུར་བུ་ཤར་པ་ལགས་ཀྱིས་ the japan news ཞེས་པའི་གསར་ལམ་ལ་འགྲེལ་བརྗོད་གནང་དོན་ལྟར་་ན་བལ་ཡུལ་གྱི་ཉེན་རྟོག་པས་ཉིན་དེར་བུ་མོ་དེ་ཉེན་རྟོག་ཁང་དུ་འདྲི་གཅོད་ཆེད་ཁྲིད་པ་མ་ཟད། དེའི་ཕྱི་ཉིན་ཡང་ཉེན་རྟོག་པ་གཉིས་ཆེད་གཏོང་གིས་ཁོང་མོ་སློབ་གྲྭ་ནས་བཙན་ཁྲིད་བྱས་ཡོད་པ་དང་ཕུར་བུ་ཤར་པ་ལགས་ཀྱིས་ནར་མ་སོན་པའི་བུ་མོ་ལོ་ཆུང་ཁོང་ལྟ་བུ་ཉེན་རྟོག་ཁང་དུ་དོ་དམ་བྱེད་ན་ཁོང་གི་བསམ་བློར་དཀའ་ངལ་འཕྲད་མི་སྲིད་པ་མེད་སྟབས་ཉེན་རྟོག་པས་སྔོན་ཚུད་ནས་ཡིད་གཟབ་བྱེད་རྒྱུ་གལ་ཆེན་ཡིན་པར་སྐྱོན་བརྗོད་གནང་འདུག གནས་ཚུལ་དེ་དང་འབྲེལ་ནས་བལ་ཡུལ་ནང་གི་སྤྱི་མང་གི་ཐོང་ཐང་ཚོགས་པ་ Freedom Forum ཞེས་པའི་ཚོགས་གཙོ་ Taranath Dahal ལགས་ཀྱིས་བལ་ཡུལ་གྱི་ནང་དུ་བོད་དོན་སོགས་དང་འབྲེལ་བའི་གནད་དོན་གླེང་བ་དེས་བལ་ཡུལ་རྒྱལ་ཁབ་ཀྱི་བདག་དབང་ལ་ཐེ་གཏོག་གང་ཡང་བྱེད་ཀྱི་མེད་སྟབས་བལ་ཡུལ་གྱི་ནང་དུ་ཡུལ་མིའི་ཅི་ཞིག་གྱོན་པ་དང་ཅི་ཞིག་བརྗོད་བཞིན་པར་ཐེ་གཏོག་བྱས་ཏེ་བཀག་བསྐྱིལ་ཁང་དུ་བཅུག་པ་དེ་ནི་སྲིད་གཞུང་གི་ནོར་འཁྲུལ་ཞིག་རེད་ཅེས་སྐྱོན་བརྗོད་གནང་ཡོད་པ་མ་ཟད་མི་མང་གིས་བལ་ཡུལ་སྲིད་གཞུང་གི་ཕྱི་སྲིད་ཀྱི་ཐད་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་ཆོག་པ་ནི་རྩ་ཁྲིམས་ཀྱི་ནང་དུ་འཁོད་ཡོད་པ་ཞིག་ཡིན་པས་ཐེངས་འདིར་བལ་ཡུལ་གཞུང་གིས་ཞི་ཅིན་ཕིང་གི་སྐོར་སྐྱོད་སྐབས་སུ་བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་དང་བལ་ཡུལ་གྱི་མི་སེར་རྣམས་འཛིན་བཟུང་བྱས་པ་ནི་སྲིད་གཞུང་གིས་བོད་མི་སྐྱབས་བཅོལ་བ་དག་གི་ཐོག་ལ་བཟུང་བའི་གནས་སྟངས་དེ་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྣམ་པ་ཞིག་ཡིན་ཚུལ་འགྲེལ་བརྗོད་གནང་འདུག   རྩ་བའི་བལ་ཡུལ་གྱི་མཆོད་རྟེན་ཁུལ་གྱི་ཉེན་རྟོག་རུ་ཁག་གི་ཉེན་རྟོག་སྤྱི་ཁྱབ་གཞོན་པ་རཱ་མེཤ་ཡིས་རང་ལོ་ ༡༤ ཡིན་པའི་བུ་མོ་དེ་གྱོན་པའི་སྟོད་གོས་དེ་ལྟ་བུ་ནི་ཞི་ཅིན་ཕིང་བལ་ཡུལ་དུ་ཡོང་སྐབས་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་ཞིག་རེད་ཅེས་འགྲེལ་བརྗོད་བྱས་ཏེ་ཉེན་རྟོག་པས་གནས་ཚུལ་དེའི་རིགས་ལ་སྔ་ས་ནས་ཉེན་བརྡ་བཏང་ཡོད་པ་དང་། ཞི་ཅིན་ཕིང་བལ་ཡུལ་དུ་འབྱོར་སྐབས་བུ་མི་དེ་གཅིག་པོ་མིན་པར་མི་ ༢༥ ཙམ་འཛིན་བཟུང་བྱས་ཡོད་སྐོར་བརྗོད་འདུག   རླུང་འཕྲིན་ཁང་གིས་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་ལས་ཁུངས་སུ་ཞལ་པར་བརྒྱུད་ནས་གནས་ཚུལ་རྒྱུས་ལོན་ཞུས་པར་ཞི་ཅིན་ཕིང་གི་འཚམས་གཟིགས་སྐབས་སུ་བལ་ཡུལ་སྲིད་གཞུང་གིས་བདེ་སྲུང་གི་ཆ་ནས་ལྟ་རྟོག་ནན་མོ་བྱས་ཏེ་སྐབས་དེར་གྱོན་གོས་སྟེང་དུ་བོད་ཡིག་དང་བོད་དོན་གྱི་འབོད་ཚིག་བྲིས་ཡོད་པའི་བོད་མི་དང་བལ་ཡུལ་གྱི་ཡུལ་མི་མང་ ༣༠ ལྷག་འཛིན་བཟུང་བྱས་ཡོད་ཀྱང་ད་ཆ་ཁོང་རྣམས་གློད་བཀྲོལ་བཏང་ཡོད་པ་གསུངས་སོང་། གཞན་ཡང་དེ་རིང་ The news in minute ཞེས་པའི་གསར་ཁང་གིས་འབྲེལ་ཡོད་གནས་ཚུལ་སྤེལ་བ་ལྟར་ན་  རྒྱ་ནག་གི་སྲིད་འཛིན་བལ་ཡུལ་དུ་མ་འབྱོར་གོང་རྒྱ་གར་ལྷོ་ཕྱོགས་ Chennai ཁུལ་དུ་རྒྱ་གར་གྱི་སྲིད་བློན་དང་ནང་མོལ་མཇལ་འཕྲད་སླད་འབྱོར་ཡོད་པ་ལྟར་ཟླ་འདིའི་ཚེས་ ༡༡ ཉིན་ས་གནས་ཉེན་རྟོག་པས་རྒྱ་གར་བྱང་ཤར་གྱི་སློབ་མ་དང་ལས་མི་ ༤༠ ཙམ་བོད་རིགས་ཡིན་པའི་དོགས་གཞིའི་ཁྲོད་འཛིན་བཟུང་བྱས་ཏེ་ཉིན་གང་བཀག་བསྐྱིལ་བྱས་པའི་གནས་ཚུལ་ཐོན་འདུག  བྱང་ཤར་གྱི་མི་དེ་དག་གིས་རང་གི་ངོ་སྤྲོད་ལག་འཁྱེར་སོགས་ཉེན་རྟོག་པར་བསྟན་ཡོད་ཀྱང་ཁས་ལེན་མ་བྱས་པར་བཀག་བསྐྱིལ་བྱས་པའི་གནས་ཚུལ་ཐོན་ཡོད་སྟབས་ཅ་ནཡིའི་ཁུལ་གྱི་རྒྱ་གར་བྱང་ཤར་གྱི་མི་རྣམས་ཀྱིས་གནས་ཚུལ་དེར་བློ་ཕམ་གནང་ཡོད་པ་མ་ཟད་ཁུལ་དེར་ཡོད་པའི་རྒྱ་གར་བྱང་ཤར་གྱི་སྐྱིད་སྡུག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས   luanga Colney ལགས་ཀྱིས་རྒྱ་གར་ལ་རང་བཙན་ཐོབ་ནས་མི་ལོ་ཧྲིལ་བོ་ ༧༢ འགྲོ་བཞིན་ཡོད་པ་མ་ཟད་རྒྱ་གར་བྱང་ཤར་བ་རྣམས་རྒྱ་གར་གྱི་ས་དམག་དང་མཁའ་དམག་ལ་ཞུགས་ནས་རྒྱ་གར་གྱི་ཆེད་དུ་དམག་འཐབ་ལ་ཞུགས་ཡོད་ཀྱང་། དེ་རིང་རྒྱ་གར་བྱང་ཤར་བ་རྣམས་ནི་རྒྱུས་མེད་ཀྱི་མི་ཞིག་ཏུ་བརྩིས་ནས་བཀག་སྡོམ་བྱས་པ་དེ་ནི་ནག་ཉེས་ཤིག་ཡིན་པར་བརྗོད་དེ་ཐེངས་འདིའི་གནས་ཚུལ་རྐྱེན་པས་རྒྱ་གར་བྱང་ཤར་བའི་སྤྱི་ཚོགས་ཀྱི་ནང་དུ་བློ་ཕམ་ཆེན་པོ་བྱུང་ཡོད་སྐོར་གསར་ཁང་ལ་འགྲེལ་བརྗོད་གནང་འདུག

སིལ་སྤོལ་རྩེད་འགྲན་སྐབས་བོད་དང་ཧོང་ཀོང་ལ་རྒྱབ་སྐྱོར་གྱིས་ལས་འགུལ་སྤེལ་བ།

NBA ཞེས་བྱང་ཨ་རིའི་རྒྱལ་ཡོངས་སིལ་སྦོལ་མཐུན་ཚོགས་ཀྱི་ཚོགས་མི་ Houston Rockets རུ་ཁག་གི་འགན་འཛིན་སྐུ་ཞབས་ Daryl Morey ལགས་ཀྱིས་ Twitter ཐོག་ཧོང་ཀོང་ལ་རྒྱབ་སྐྱོར་མཚོན་པའི་བརྗོད་ཚིག་ཞིག་བརྒྱུད་སྤེལ་གནང་བ་ནས་བཟུང་སྟེ་འདས་པའི་གཟའ་སྐོར་གསུམ་ལྷག་གི་གོང་ནས་ཨ་མི་རི་ཀའི་རྒྱལ་ཡོངས་སིལ་སྦོལ་མཐུན་ཚོགས་དང་རྒྱ་ནག་གཞུང་གིས་གཙོས་པའི་རྒྱ་ནག་གི་ཚོང་ལས་སྡེ་ཚན་ཁག་གཅིག་དབར་འགྲོ་བ་མིའི་ཐོབ་ཐང་དང་ཚོང་འབྲེལ་སོགས་ཀྱི་གནད་དོན་ཐོག་གླེང་སློང་མི་ཉུང་བ་ཞིག་འབྱུང་བཞིན་པའི་ཁྲོད་ཕྱི་ཚེས་ ༡༨ ཉིན་གྱི་དགོང་མོ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་སིལ་སྤོལ་རུ་ཁག་ Brooklyn Nets དང་ཁེ་ན་ཌའི་ Toronto Raptors རུ་ཁག་གཉིས་དབར་རྩེད་འགྲན་གནང་སྐབས་བོད་མི་དང་ཧོང་ཀོང་བ། དེ་བཞིན་བོད་དང་ཧོག་ཀོང་གི་རང་དབང་ལ་རྒྱབ་སྐྱོར་གནང་མཁན་བཅས་ནས་བོད་རང་བཙན་དང་ཧོང་ཀོང་ལ་རྒྱབ་སྐྱོར་ཡོད་པའི་སྟོད་གོས་དང་རྒྱལ་དར་སོགས་འཆར་ཏེ་ལས་འགུལ་སྤེལ་འདུག ཐེངས་འདིའི་རྩེད་འགྲན་དེ་ནི་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་སིལ་པོལ་རུ་ཁག་ Brooklyn Nets རྒྱ་ནག་ནང་རྩེད་འགྲན་སྐོར་སྐྱོད་ཟིན་ཏེ་ཨ་རི་ནང་གི་རྩེད་འགྲན་གནང་བ་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། སྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་བ་མི་ཉུང་བ་ཞིག་ནས་ལག་ཏུ་བོད་ཀྱི་རྒྱལ་དར་བསྣམས་པ་དང་ལུས་ལ་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། ཧོང་ཀོང་མི་མང་གི་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་པ་སོགས་འཁོད་པའི་སྟོད་གོས་དཀར་པོ་གྱོན་ཏེ་སྐད་འབོད་གནང་འདུག ལས་འགུལ་བ་ཁག་གཅིག་ནས་ Brooklyn Nets རུ་ཁག་གི་སྦྱིན་བདག་ Joe Tsai དང་ LA Lakers རུ་ཁག་གི་རྩེད་འགྲན་པ་ LeBron James གཉིས་ནས་དེ་སྔ་ Houston Rockets རུ་ཁག་གི་འགན་འཛིན་སྐུ་ཞབས་ Daryl Morey ལགས་ཀྱིས་ཧོང་ཀོང་ལ་རྒྱབ་སྐྱོར་མཚོན་པའི་བརྗོད་ཚིག་སྤེལ་སྐབས་མི་འདོད་པའི་རྣམ་པ་ཆེད་བཏོན་གནང་བ་དང་ངོ་ཚ་ཁྲེལ་གཞུང་མེད་པའི་ Joe Tsai དང་ LeBron James ཞེས་འཁོད་པའི་ཕྲེད་དར་ནག་པོ་འཕྱར་ཏེ་ངོ་རྒོལ་གནང་འདུག སྐབས་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཙམ་མ་ཟད་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་དང་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Nathan Law ལགས་ཀྱིས་གཙོས་པའི་ལས་འགུལ་བ་དང་རྒྱབ་སྐྱོར་བ་སུམ་བཅུ་ལྷག་གིས་ཧོང་ཀོང་ལ་རྒྱབ་སྐྱོར་ཡོད་ཅེས་པའི་སྟོད་གོས་ནག་པོ་གྱོན་ཏེ་ངོ་རྒོལ་གྱི་ལས་འགུལ་གནང་ཡོད་པ་དང་། བོད་མི་དང་ཧོང་ཀོང་བའི་ལས་འགུལ་ཁྲོད་ཤར་ཏུར་ཀིས་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ཁག་གཅིག་ནས་ཀྱང་མཉམ་ཞུགས་གནང་བ་མ་ཟད་ལས་འགུལ་བ་རྣམས་ཉེན་རྟོག་པས་རྩེད་འགྲན་གནང་ཡུལ་ནས་སྐད་འབོད་གནང་རྐྱེན་ཕྱིར་འབུད་བཏང་འདུག གཞི་རྩའི་སྐབས་དེའི་ལས་འགུལ་དང་འབྲེལ་གསར་འགོད་བསྒྲགས་གཏམ་ཞིག་ཡོངས་ཁྱབ་གནང་ཡོད་པ་དང་། ལས་འགུལ་ནང་དངོས་སུ་ཞུགས་མཁན་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་ལགས་ནས་ རྒྱ་གཞུང་གི་དྲགསཔོའི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་ཧོང་ཀོང་དང་བོད། དེ་བཞིན་ཤིན་ཅང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐོབ་ཐང་ཐོག་རྒྱལ་སྤྱིའི་མང་ཚོགས་ནས་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་པར་འགྲེལ་བརྗོད་དང་སྦྲགས་ཏེ་ཉེ་དུས་སུ་ Houston Rockets སིལ་སྤོལ་རུ་ཁག་གི་སྤྱི་ཁྱབ་འགན་འཛིན་ནས་ཧོང་ཀོང་མི་མང་ལ་རྒྱབ་སྐྱོར་གནང་བ་དེ་ནི་འགྲིག་པ་ཞིག་ཡིན་པ་དང་། དེར་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ཀྱིས་རྒྱབ་སྐྱོར་གནང་བར་ཡི་རང་བསྔགས་བརྗོད་ཡོད་ཅེས་གསུངས་ཏེ་རྩེད་འགྲན་པ་ LeBron James དང་ Brooklyn Nets རུ་ཁག་གི་སྦྱིན་བདག་ Joe Tsai གཉིས་ཀྱིས་མི་མང་གི་རང་དབང་ལས་ཚོང་དང་སྒེར་གྱི་ཁེ་བཟང་གལ་འགངས་ཆེ་བར་ངོས་འཛིན་པ་དེར་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་འདུག

རེས་གཟའ་ཉི་མ། ༢༠༡༩།༡༠།༢༠

ཉན་པ།: Listen ཕབ་ལེན། Download ༸རྗེ་ཙོང་ཁ་པའི་རྣམ་ཐར་དང་རིས་མེད་ཉམས་བཞེས་མཛད་ཚུལ། Sunday 20/10/2019 Thought and Legacy of Je Tsongkhapa: Interview with Geshe Jigmey Lodoe

རེས་གཟའ་སྤེན་པ། ༢༠༡༩།༡༠།༡༩

ཉན་པ།: Listen ཕབ་ལེན། Download བཙན་བྱོལ་བོད་མིའི་གཞིས་སྤོས་ལས་འཕྲོས་ཏེ་ཕྱི་རྒྱལ་ཁག་གི་བོད་མིའི་གནས་བབ་སྐོར་གླེང་བ། Saturday 19/10/2019 Opportunities and challenges facing Tibetan communities abroad: Panel Discussion

རེས་གཟའ་པ་སངས། ༢༠༡༩།༡༠།༡༨

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་སཾ་བྷོ་ཊའི་དགེ་ལས་རྒན་གྲས་རྣམས་ལ་མཇལ་ཁ་སྩལ་བ། སྲིད་སྐྱོང་མཆོག་ Brussels ནང་ཡོ་རོབ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མིར་མཇལ་འཕྲད། NBA སིལ་སྤོལ་མཐུན་ཚོགས་ཀྱི་གཙོ་འཛིན་མཆོག་ནས་རྒྱ་ནག་གི་དགོས་འདུན་ལ་ངོས་བཞེས་གནང་མིན་འདུག ཀུ་ཤུ་རྟགས་ཅན་གྱི་ཚོང་ལས་ཁང་ནས་རྒྱ་ནག་དང་ལྷན་དུ་ངན་པ་ལག་འབྲེལ་བྱ་རྒྱུ་མཚམས་འཇོག་དགོས། བོད་མཐོ་སྒང་གི་ཆུ་ཚན་གྱི་སྦྲུལ་སྟོང་ཉེན་དུ་གྱུར་བའི་མཚམས་སུ་སླེབས་འདུག དམིགས་བསལ་ལས་རིམ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྲོལ་རྒྱུན་གྱི་ཤིང་བརྐོས་རྒན་བསྟན་འཛིན་རྒྱལ་མཚན་ལགས་དང་གླེང་མོལ། Friday 18/10/2019 Dalai Lama meets senior staff and teachers of Sambhota Sikyong briefs MEPs on Tibet in Brussels NBA boss refuses China’s demand to fire Rockets exec #StopAppleCensorship: Apple urged to cease collaboration with China Tibetan #hotspringsnakes under threat DIASPORA: Tenzin Gyaltsen and Tibetan woodcraft work

༸གོང་ས་མཆོག་གིས་བཞུགས་སྒར་དུ་སཾ་བྷོ་ཊའི་དགེ་ལས་བགྲས་སོང་རྣམས་ལ་མཇལ་ཁ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ཙམ་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སཾ་བྷོ་ཊའི་ཁྱབ་ཁོངས་དགེ་ལས་ཀྱི་སྲི་ཞུ་བསྒྲུབས་ནས་མི་ལོ་ཧྲིལ་པོ་ཉི་ཤུ་བརྒལ་བའི་བགྲས་སོང་བརྒྱ་སྐོར་ཞིག་ལ་དམིགས་བསལ་མཇལ་ཁ་སྩལ་བ་དང་འབྲེལ།   དགེ་ལས་དེ་དག་གིས་ད་བར་བོད་མིའི་ཤེས་ཡོན་ཐད་ལྷག་བསམ་ཟོལ་མེད་ཀྱི་ཕྱག་ལས་ཧུར་ཐག་གནང་བར་ཡིད་རང་བསྔགས་བརྗོད་མཛད་འདུག ཆུ་ཚོད་ཕྱེད་ཀ་ཙམ་གྱི་བཀའ་སློབ་དེའི་ཁྲོད་༸གོང་ས་མཆོག་གིས་ཤེས་རིག་ལས་ཁུངས་ཁྱབ་ཁོངས་སཾ་བྷོ་ཊའི་བོད་སློབ་ཚོགས་པའི་ནང་ཞབས་ཞུ་སྒྲུབ་མཁན་གྱི་དགེ་ལས་དེ་དག་ལ། རྒྱ་ནག་གཞུང་གིས་དྲག་གནོན་ལ་ལྟོས་མེད་བོད་མི་ས་ཡ་དྲུག་གི་སེམས་ཤུགས་ནམ་ཡང་མ་བརླགས་པར་གནས་པ་དེ་ནི་གཙོ་བོ་བོད་མི་རྣམས་ཀྱི་ཤེས་ཡོན་ཐོག་རྟེན་གཞི་ཡག་པོ་བཙུགས་ཡོད་པའི་དབང་གིས་ཡིན་སྐོར་བཀའ་གནང་བ་དང་འབྲེལ། ༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་གནས་སྟངས་ད་ལྟ་ཧ་ཅང་བཟང་པོ་ཡོད་པའི་ཐོག་༸གང་ཉིད་མཆོག་ད་དུང་དགུང་ལོ་བརྒྱ་དང་བཅུ་གྲངས་ཤིག་ལ་བཞུགས་རྒྱུའི་སེམས་ཤུགས་ཡོད་པ་དང ། བཙན་བྱོལ་བོད་མི་རྣམས་ཕྱིར་ཕ་ཡུལ་བོད་དུ་ལོག་ནས་གནའ་དེང་ཟུང་འབྲེལ་གྱི་ཐོག་ནས་བོད་མིའི་ཆོས་རིག་འཛིན་སྐྱོང་བྱེད་དགོས་ཀྱི་ཡོད་པའི་ལམ་སྟོན་མཛད་འདུག རྩ་བའི་དེ་རིང་གི་མཇལ་བཅར་བ་ཡོངས་ནི་སཾ་བྷོ་ཊ་བོད་སློབ་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་ཉི་ཤུ་འཁོར་བའི་དུས་དྲན་མཛད་སྒོ་ལ་ཕེབས་པའི་ཞབས་ལོ་ཉི་ཤུ་ཡན་འཁོར་བའི་དགེ་ལས་རྐྱང་རྐྱང་ཡིན་པ་དང་།  ཁ་སང་ཁོང་རྣམས་ལ་སཾ་བྷོ་ཊའི་འཛིན་སྐྱོང་གི་ངོས་ནས་བོད་པའི་ཤེས་ཡོན་སློབ་གསོའི་ཐད་ཕྱག་ལས་རླབས་ཆེན་གནང་བའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་ཡོད་པ་ལྟར། དེ་རིང་༸མགོན་པོ་གང་གིས་དམིགས་བསལ་གྱི་མཇལ་ཁ་སྩལ་བ་ཞིག་རེད་འདུག  

ཀུ་ཤུ་རྟགས་ཅན་གྱི་ཚོང་ལས་ཁང་དེའི་ངོས་ནས་རྒྱ་ནག་དང་ལྷན་དུ་ངན་པ་ལག་སྦྲེལ་བྱ་རྒྱུ་མཚམས་འཇོག་དགོས།

རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་དང་ཐེ་ཝན་བཅས་ཀྱི་ནང་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གཙོས་གནས་ཚུལ་རྒྱུས་ལོན་རང་དབང་ལ་རྡོག་རོལ་ཚད་མེད་གཏོང་རྒྱུའི་སླད་དུ་ཀུ་ཤུ་རྟགས་ཅན་གྱི་ཚོང་ལས་ཁང་དེའི་ངོས་ནས་རོགས་འདེགས་དང་ངན་པ་ལག་སྦྲེལ་བྱེད་བཞིན་པ་དེ་དག་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག དེ་ཡང་ཁ་སང་ཕྱི་ཟླ་ ༡༠ ཚེས ༡༧ ཉིན་ཨ་རི་New York ནང་རྟེན་གཞི་བྱས་པའི་ཀུ་ཤུ་རྟགས་ཅན་གྱི་ཚོང་ལས་ཁང་གི་ལྟེ་གནས་མཐོ་ཤོས་ཏེ་ Apple’s Grand Central Station store ཞེས་པའི་མདུན་དུ་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་གཙོས་ཡུ་གུར་དང་། ཧོང་ཀོང་། ཐེ་ཝན་བཅས་ཀྱི་འཐུས་ཚབ་མི་སྣ་དང་ལས་འགུལ་བ་ཁག་ཅིག་འདུ་འཛོམས་གནང་ནས་ཀུ་ཤུ་རྟགས་ཅན་གྱི་གཙོ་འཛིན་ Tim Cook ལགས་སུ་རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་། ཤིང་ཅང་དང་ཐེ་ཝན་བཅས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གཙོས་རང་དབང་ཁག་ལ་རྡོག་རོལ་ཚད་མེད་གཏོང་བཞིན་པ་ལ་ཀུ་ཤུ་རྟགས་ཅན་གྱི་ངོས་ནས་རོགས་འདེགས་ཞུ་རྒྱུ་མཚམས་འཇོག་དགོས་པ་མ་ཟད། གོང་སྨྲོས་ཡུལ་ལུང་དེ་དག་ལ་རྒྱ་ནག་གཞུང་ནས་སོ་ཉུལ་བྱ་རྒྱུའི་སླད་དུ་ཚོང་ལས་ཁང་དེའི་ངོས་ནས་ངན་པ་ལག་སྦྲེལ་བྱ་རྒྱུ་ཆེ་རུ་སོང་བ་དེ་དག་རྐྱེན་གྱིས་གནས་ཚུལ་རྒྱུས་ལོན་རང་དབང་དང་། སྨྲ་བརྗོད་རང་དབང་སོགས་ལ་རྡོག་རོལ་ཤུགས་ཆེར་འགྲོ་བཞིན་ཡོད་སྟབས་རྒྱ་ནག་གཞུང་ལ་རོགས་འདེགས་དང་ངན་པ་ལག་སྦྲེལ་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག སྐབས་དེར་ལས་འགུལ་བའི་ཕྱག་ལ་ཀུ་ཤུ་རྟགས་ཅན་གྱི་མཚོན་རྟགས་བཀོད་པའི་སྦྱར་ཡིག་བསྣམས་ཏེ་མཚོན་རྟགས་དེའི་ནང་དུ་ཡི་གེ་དམར་པོ་དང་ནག་པོ་བྲིས་ཏེ།  རྒྱ་ནག་གཞུང་གིས་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་བརྟེན་ཚོང་ལས་ཁང་ནས་རོགས་འདེགས་བྱ་རྒྱུ་མཚམས་འཇོག་དགོས་པ་དང་། ཚོང་ལས་ཁང་དེ་རང་དབང་གི་ཆེད་དུ་ལངས་དགོས་པ། དེ་བཞིན་ཚོང་ལས་ཁང་དེའི་ངོས་ནས་མི་མང་ལ་རོགས་འདེགས་ཞུ་དགོས་པ་ལས་རྒྱ་ནག་གཞུང་ལ་རོགས་འདེགས་བྱ་རྒྱུ་མཚམས་འཇོག་དགོས་པ་སོགས་ཡིག་ངག་གཉིས་ཀྱི་ཐོག་ནས་ངོ་རྒོལ་དང་། དེ་བཞིན་མང་ཚོགས་ཀྱི་ཁྲོད་ཚོང་ལས་ཁང་དེའི་ངོས་ནས་རྒྱ་ནག་གཞུང་དང་ལྷན་དུ་མཉམ་འབྲེལ་གྱི་ཐོག་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་ཇི་ལྟར་རྡོག་རོལ་གཏོང་གི་ཡོད་མིན་འཁོད་པའི་ཡིག་ཆ་འགྲེམས་སྤེལ་དང་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་སོགས་ཀྱི་ལས་འགུལ་སྤེལ་འདུག སྐབས་དེར་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་ལགས་ཀྱིས་འཛམ་གླིང་རྒྱལ་སྤྱིའི་ཁྲོད་ཀུ་ཤུ་རྟགས་ཅན་གྱི་ཚོང་ལས་ཁང་དེས་ཚོང་གི་བྱ་བཞག་ལས་གཞན་པའི་གཞན་བྱ་སྤྱོད་དེ་དག་ཕྱིར་མངོན་རྒྱུའི་ཆེད་དུ་ལས་འགུལ་སྤེལ་བ་ཞིག་ཡིན་སྐོར་དང་། བོད་གཙོས་ཤིང་ཅང་དང་རྒྱ་ནག   ཧོང་ཀོང་བཅས་ཀྱི་ནང་དུ་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུར་ཆེས་དམ་དྲག་དང་།  མང་ཚོགས་ནས་སྤྱོད་བཞིན་པའི་མཉེན་ཆས་མང་དག་ཅིག་ལ་ཚོང་ལས་ཁང་དེས་རྒྱ་ནག་གཞུང་ལ་རམ་འདེགས་བྱས་ཏེ་བཀག་འགོག་བྱས་པ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་ཞིག་ཡིན་པར་སྐྱོན་བརྗོད་ནན་པོ་བྱས་ཏེ་ཚོང་ལས་ཁང་དེའི་ངོས་ནས་རྒྱ་ནག་གཞུང་དང་ངན་པ་ལག་སྦྲེལ་བྱ་རྒྱུ་མཚམས་འཇོག་དགོས་པ་དང་། རང་དབང་གི་གནས་ཚུལ་མཁོ་གཏོང་དང་མཁོ་སྒྲུབ་བྱ་རྒྱུ་ཙམ་མ་ཟད། མཉེན་ཆས་བཀག་སྡོམ་བྱས་པ་དང་ཕྱིར་འཐེན་བྱས་པ་རྣམས་རང་དབང་གི་ཐོག་ནས་བཀོལ་སྤྱོད་བྱ་རྒྱུ་ཡོད་པ་བཟོ་དགོས་ཞེས་བརྗོད་འདུག ཕྱོགས་མཚུངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་དང་འབྲེལ་མཐུད་ཀྱི་ངེས་སྟོན་པ་བསོད་ནམས་མཚོ་ལགས་ཀྱིས་ཚོང་ལས་ཁང་དེའི་ངོས་ནས་རྒྱ་ནག་གཞུང་དང་ངན་པ་ལག་སྦྲེལ་བྱས་ནས་བོད་དང་ཤིན་ཅང་། ཧོང་ཀོང་དང་ཐེ་ཝན་བཅས་ལ་མུ་མཐུད་བཙན་གནོན་བྱས་པ་ཡིན་ན་ཚོང་ལས་ཁང་དེའི་ཚོང་ཟོག་སྤྱོད་མཁན་ཚོས་དུས་ནམ་ཡང་རྒྱབ་སྐྱོར་གནང་གི་མ་རེད་ཅེས་བརྗོད་འདུག དེ་བཞིན་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཕྱི་ལོ ༢༠༡༧ ལོར་ཀུ་ཤུ་རྟགས་ཅན་གྱི་མཉེན་ཆས་ ༡༠༠༠ ཙམ་ཞིག་རྒྱ་ནག་གི་མཉེན་ཆས་ཚོང་ལས་ཁང་ནས་ཕྱིར་འཐེན་བྱས་པའི་རྐྱེན་གྱིས་བོད་དང་ཡུ་གུར། རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་རང་དབང་གི་གནས་ཚུལ་མཁོ་གཏོང་བྱ་རྒྱུར་གདོང་ལེན་ཆེན་པོ་གནང་དགོས་ཀྱི་ཡོད་པ་དང་།  ལྷག་པར་དུ་༸གོང་ས་མཆོག་གི་མཚན་དང་། བོད་རང་བཙན། དེ་བཞིན་ཡུ་གུར་བའི་རང་དབང་དང་དྲུག་བཞི་དོན་རྐྱེན་སོགས་ཀྱི་ཐ་སྙད་ལ་དོགས་ཟོན་ཆེན་པོ་བྱ་དགོས་ཀྱི་ཡོད་པ་མ་ཟད། ཉེ་ལམ་ཚོང་ལས་ཁང་དེའི་ངོས་ནས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ HKmap.live ཞེས་པའི་མཉེན་ཆས་ཤིག་ཕྱིར་འཐེན་བྱས་པའི་རྐྱེན་གྱིས་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་ཚོར་ཉེན་ཚབ་ཆེན་པོར་གྱུར་ཡོད་པ་མ་ཟད།  རྒྱ་ནག་གཞུང་གིས་སོ་ཉུལ་བྱ་རྒྱུའི་མཚོན་པའི་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐད་གླེང་སློང་བྱས་པ་ཡིན་ན་གང་བྱུང་འཛིན་བཟུང་དང་མནར་གཅོད་ཚད་མེད་གཏོང་བཞིན་ཡོད་སྟབས། ཚོང་ལས་ཁང་དེའི་ངོས་ནས་མཉེན་ཆས་ཕྱིར་བསྡུ་བྱ་རྒྱུ་ནི་ཐད་ཀར་རྒྱ་གཞུང་ལ་རོགས་འདེགས་བྱས་པ་ཙམ་དུ་མ་ཟད། རྒྱ་ནག་གཞུང་གིས་བོད་གཙོས་གཞན་རྒྱལ་ཁབ་ཁག་གི་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་ལ་བློ་སྤོབས་སྤྲོད་པ་དང་གཅིག་མཚུངས་རེད་ཅེས་སྐྱོན་བརྗོད་གནང་འདུག    

NBA སིལ་སྤོལ་མཐུན་ཚོགས་ཀྱི་གཙོ་འཛིན་མཆོག་ནས་རྒྱ་ནག་གི་དགོས་འདུན་ལ་ངོས་བཞེས་གནང་མིན་འདུག

ཟླ་བ་འདིའི་ཕྱི་ཚེས་༤ ཉིན་ NBA ཞེས་པའི་བྱང་ཨ་མི་རི་ཀའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་Houston Rockets རུ་ཁག་གི་འགན་འཛིན་སྐུ་ཞབས་ Daryl Morey ལགས་ཀྱིས་རང་ཉིད་ཀྱི་ Twitter དྲ་གནས་ཐོག་རང་དབང་འཐབ་རྩོད་གནང་དགོས།  ཧོང་ཀོང་མཉམ་དུ་ཡོད་ཞེས་ཧོང་ཀོང་མི་མང་གི་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་པའི་ཚིག་བརྗོད་ཞིག་བརྒྱུད་སྤེལ་གནང་རྗེས་རྒྱ་ནག་གི་གཞུང་འབྲེལ་གྱི་ CCTV བརྙན་འཕྲིན་ལས་ཁང་དང་ tencent sports ཞེས་རྩེད་འགྲན་ཐད་གཏོང་བྱེད་མཁན་ཚོང་ལས་སྡེ་ཚན་སོགས་ཀྱིས་ NBA སིལ་སྤོལ་རྩེད་འགྲན་རྣམས་རྒྱ་ནག་ནང་རྒྱང་བསྲིང་བྱེད་རྒྱུ་ཕྱིར་འཐེན་བྱས་པ་མ་ཟད། རྒྱ་ནག་གཞུང་ངོས་ནས་ NBA སིལ་སྤོལ་མཐུན་ཚོགས་ལ་གནོན་ཤུགས་སྤྲད་དེ་སྐུ་ཞབས་ Morey ལགས་ལས་གནས་ནས་ཕྱིར་ཕུད་གཏོང་ཐབས་བྱས་ཡོད་པ་རེད་འདུག   དེའང་ཁ་སང་ NBA སིལ་སྤོལ་མཐུན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Adam Silver ལགས་ཀྱིས་ Time གསར་ཁང་གི་བཅར་འདྲིའི་ལས་རིམ་ཞིག་གི་ཐོག་ད་བར་རྒྱ་ནག་གཞུང་དང་ཚོང་གི་སྡེ་ཚན་ཁག་ནས་NBA རྩེད་འགྲན་ཐོག་དམ་དྲག་བྱས་པ་དེས་དཔལ་འབྱོར་གྱི་ཡོང་འབབ་ཐོག་གྱོང་གུད་ཆེན་པོ་ཐེབས་པ་དང་། ལྷག་པར་དུ་ཉེ་ཆར་རྒྱ་ནག་གཞུང་དང་རྒྱ་ནག་གི་ཚོང་གི་སྡེ་ཚན་ཁག་ནས་ཧོང་ཀོང་གི་གནད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Daryl Morey ལགས་ Houston Rockets རུ་ཁག་གི་འགན་འཛིན་ལས་གནས་ནས་ཕྱིར་ཕུད་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གི་དགོས་འདུན་དེ་ནི་འགྲུབ་ཐབས་མེད་པ་ཞིག་ཡིན་པ་མ་ཟད། ང་ཚོ་NBA སིལ་སྤོལ་མཐུན་ཚོགས་ནས་སྐུ་ཞབས་ Daryl Morey ལགས་གཙོས་པའི་མི་སྒེར་རེ་རེའི་ཐོག་ལ་སྟངས་འཛིན་བྱེད་ཐབས་མེད་པའི་ལན་འདེབས་གནང་འདུག མ་ཟད་སྐུ་ཞབས་ Adam Silver ལགས་ནས་དེ་སྔ་གནད་དོན་དེ་ཐོག་མར་བྱུང་སྐབས། ངས་སྐུ་ཞབས་ Daryl Morey ལགས་ཀྱི་ཧོང་ཀོང་དང་འབྲེལ་བའི་ཚིག་བརྗོད་དེར་བློ་འགྱོད་ཡོད་སྐོར་བརྗོད་པ་དེ་ནི་རྒྱ་ནག་གཞུང་ལ་དགོངས་སེལ་ཞུས་པ་ཞིག་མིན་པ་དང་། དེ་ནི་གཙོ་བོ་NBA སིལ་སྤོལ་ལ་དགའ་ཞེན་ཆེ་བའི་རྒྱ་རིགས་མི་སེར་ཚོའི་སེམས་ཁམས་ལ་ཕོག་ཐུག་བྱུང་བར་བློ་འགྱོད་ཡོད་ཅེས་ཞུས་པ་ཡིན་ཞེས་གསལ་བཤད་གནང་བ་དང་ཆབས་ཅིག NBA སིལ་སྤོལ་མཐུན་ཚོགས་ཀྱི་ངོས་ནས་དེ་སྔ་གསལ་བཤད་བྱས་པ་ལྟར། སྐུ་ཞབས་ Daryl Morey ལགས་གཙོས་པའི་དེ་གའི་ཚོགས་མི་རྣམ་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་གུས་བརྩི་དང་། ལྷག་པར་དུ་སྨྲ་བརྗོད་ཀྱི་རང་དབང་དེ་ནི་ཨ་མི་རི་ཀའི་ཐུན་མོང་མ་ཡིན་པའི་རིན་ཐང་ཞིག་ཡིན་སྟབས། དེ་ལ་ང་ཚོས་བརྩི་སྲུང་མུ་མཐུད་བྱེད་རྒྱུ་ཡིན་ཞེས་གསུངས་འདུག གཞི་རྩའི་ Houston Rockets རུ་ཁག་གི་འགན་འཛིན་སྐུ་ཞབས་ Daryl Morey ལགས་ཀྱི་ཧོང་ཀོང་དང་འབྲེལ་བའི་ཚིག་བརྗོད་དེ་སྤེལ་བ་ནས་བཟུང་རྒྱ་ནག་དང་ NBA ཞེས་པའི་བྱང་ཨ་མི་རི་ཀའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཐེབས་པ་མ་ཟད། ད་ལྟའི་ཆར་ NBA སིལ་སྤོལ་རྩེད་འགྲན་རྣམས་རྒྱ་ནག་ནང་རྒྱང་བསྲིང་བྱེད་རྒྱུ་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། ཉིན་ཤས་གོང་ཨ་རིའི་ནང་ཚོགས་པའི་རྩེད་འགྲེན་ཁག་ཅིག་གི་ཐོག་ལ་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཧོང་ཀོང་མི་མང་གི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་སོགས་ནས་བོད་རང་བཙན་དང་། བོད་དང་ཧོང་ཀོང་ལ་རང་དབང་དགོས་སོགས་འཁོད་པའི་ཤོག་བྱང་དང་བོད་ཀྱི་རྒྱལ་དར་སོགས་འཕྱར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། ཨ་རིའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ནས་རྒྱ་ནག་འོག་མགོ་བོ་སྒུར་རྒྱུ་མེད་པ་སོགས་ཀྱི་དགོས་འདུན་བཏོན་པའི་གནས་སྟངས་སོགས་ཀྱང་བྱུང་ཡོད། ད་རེས་ NBA སིལ་སྤོལ་མཐུན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Adam Silver ལགས་ཀྱིས་རྒྱ་ནག་གི་དགོས་འདུན་ལ་ངོས་བཞེས་གནང་མེད་སྟབས། ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Ben Sasse ལགས་ནས་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་གཞུང་གི་དུས་རྟག་ཏུ་ཨ་མི་རི་ཀའི་མི་སེར་ཞིག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་རྒྱབ་སྐྱོར་བྱས་ན་མི་དེ་ལས་གནས་ནས་ཕྱིར་ཕུད་གཏོང་དགོས་པའི་དགོས་འདུན་བཏོན་པ་དང་། དེ་བཞིན་རྒྱ་ནག་གི་མི་སེར་ཞིག་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་བྱས་ཚེ། དེ་མ་ཐག་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་འགྲོ་བཞིན་པར་འགྲེལ་བརྗོད་དང་སྦྲགས། ད་རེས་སྐུ་ཞབས་ Adam Silver ལགས་ཀྱི་རྒྱ་ནག་གི་དགོས་འདུན་ཁག་ངོས་བཞེས་མ་གནང་བའི་ཐག་གཅོད་དེར་བསྔགས་བརྗོད་གནང་འདུག

Latest news