Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: April, 2022

སྲིད་སྐྱོང་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་མཇལ་འཕྲད་ཀྱིས་བོད་དོན་གླེང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བྱང་ཨ་རི་ནང་དུ་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་དེ་གནང་བཞིན་པ་ལྟར་ཁ་སང་སྲིད་སྐྱོང་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་བཀའ་མོལ་གནང་འདུག སྐབས་དེའི་མཇལ་མོལ་ཁྲོད་གཙོ་བོ་བོད་ཀྱི་ལོ་རྒྱུས་གནས་བབ་དང་ད་ལྟའི་བོད་ནང་གི་གནས་སྟངས། བོད་རྒྱའི་དཀའ་རྙོག་སེལ་ཐབས། བོད་རྒྱ་གྲོས་མོལ་ཡོང་ཐབས་སུ་ཐབས་ལམ་གསར་པ་ཇི་ཡོད། དེ་བཞིན་མ་འོངས་ཕྱག་ལས་གནང་ཕྱོགས་སོགས་ཀྱི་གནད་དོན་མང་དག་ཅིག་གི་ཐོག་བཀའ་མོལ་གནང་ཡོད་པ་རེད། སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་ད་རེས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya མཆོག་དང་དངོས་སུ་མཇལ་འཕྲད་གནང་བ་དེ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་དང་ལྕམ་སྐུ་ Uzra Zeya མཆོག་ནས་སྐུ་སྒེར་གྱི་འཕྲུལ་སྒྲ་ཐོག་མཇལ་འཕྲད་སྐབས་ཀྱི་པར་རིས་དང་ལྷན་དུ་ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་རྒྱུ་བྱུང་བར་དགའ་པོ་བྱུང་ཞེས་དང་། ཨ་རིའི་ངོས་ནས་བོད་ཀྱི་ཆོས་དང་སྐད་ཡིག་གཙོས་ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་སྲུང་སྐྱོབ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་རྒྱུ། དེ་བཞིན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཡོད་པའི་བོད་པའི་སྤྱི་ཚོགས་བདེ་དོན་ཐོག་མུ་མཐུད་ནས་རོགས་རམ་དང་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག ཁ་སང་གི་མཇལ་འཕྲད་སྐབས་སུ་སྲིད་སྐྱོང་མཆོག་དང་ལྷན་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་རྒྱ་གར་ནས་ཆེད་ཕེབས་གནང་བའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་རིན་པོ་ཆེ་མཆོག་ལྷན་བཅར་ཞུས་ཡོད་པ་དང་། རིན་པོ་ཆེ་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་རིན་པོ་ཆེའི་གནས་སྟངས་ཇི་ཆགས་སོགས་ཁ་གསལ་གང་ཡང་མེད་པར་གྱུར་བའི་གནས་སྟངས་ཁག་སྙན་སེང་དང་སྦྲགས། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གང་ཡིན་ཤེས་ཐབས་སུ་རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་པས་༸པཎ་ཆེན་རིན་པོ་ཆེ་དང་དངོས་སུ་མཇལ་འཕྲད་གནང་ཐབས་དང་། རིན་པོ་ཆེ་མཆོག་གིས་དབུས་པའི་སྐུ་འཁོར་ནང་མི་དང་བཅས་པར་རང་དབང་ཕུལ་དགོས་པའི་འབོད་སྐུལ་ཞུས་ཡོད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་དང་མཇལ་འཕྲད་ཀྱི་མཛད་རིམ་ཁག་གྲུབ་རྗེས་སྲིད་སྐྱོང་མཆོག་གིས་དབུས་པའི་བོད་མིའི་སྐུ་ཚབ་རྣམ་པས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Rashad Hussain ལགས་དང་མཇལ་འཕྲད་གནང་སྟེ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གཙོས་བོད་དོན་སྐོར་སྙན་སེང་ཞུས་ཡོད་པ་རེད།

སྔ་ལོར་འཛིན་བཟུང་གྱིས་གར་སོང་ཆ་མེད་དུ་གྱུར་བའི་རིན་ཆེན་སྐྱིད་ལགས་གློད་བཀྲོལ།

སྔ་ལོར་རྒྱ་ནག་གཞུང་གིས་རྒྱུ་མཚན་གང་ཡིན་གསལ་ཁ་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་པའི་རྗེས་སུ་ཟླ་བ་བརྒྱད་ཙམ་གྱི་རིང་གར་སོང་ཆ་མེད་དུ་གྱུར་བའི་བོད་མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ཀྱི་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་ཟུར་པ་རིན་ཆེན་སྐྱིད་ལགས་ཁ་ཉིན་ཚེས་ ༢༤ ཉིན་གྱི་མཚན་མོར་གློད་བཀྲོལ་བཏང་འདུག ཁ་སང་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཁ་ཉིན་ཚེས་ ༢༤ དགོང་མོ་རྒྱ་གཞུང་ཉེན་རྟོག་པས་ཁོང་གསང་བའི་ཐོག་ནས་རང་ཁྱིམ་ལ་བསྐྱེལ་ཡོད་པ་དང་། ད་ལྟའི་ཆར་ཁོང་གློད་བཀྲོལ་བཏང་ཡོད་པ་ར་འཕྲོད་ཐུབ་ཡོད་ཀྱང་ཁོང་གི་གཟུགས་གཞིའི་གནས་སྟངས་གང་འདྲ་ཡོད་མེད་དང་བཙོན་ཁང་གང་ནས་གློད་བཀྲོལ་བཏང་ཡོད་པ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མི་འདུག སྔ་ལོར་རྒྱ་གཞུང་གིས་རྒྱ་ཡིག་གཙོ་བཟུང་གི་སློབ་ཁྲིད་སྲིད་བྱུས་ལག་བསྟར་འོག་སྔ་ལོའི་ཕྱི་ཟླ་ ༧ པའི་ནང་དུ་མདོ་སྨད་མགོ་ལོག་དར་ལག་རྫོང་ཁོངས་ཀྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་གཙོས་བོད་ཡིག་སློབ་ཁྲིད་བྱེད་མཁན་གྱི་བོད་པའི་སྒེར་གཉེར་སློབ་གྲྭ་ཁག་ཅིག་བཙན་དབང་གིས་སྒོ་བརྒྱབ་བཅུག་པ་དང་འབྲེལ། སེང་འབྲུག་སྟག་རྩེ་སློབ་གྲྭར་ལོ་མང་རིང་དགེ་རྒན་གྱི་ཕྱག་ལས་གནང་མྱོང་ཡོད་པའི་རིན་ཆེན་སྐྱིད་ལགས་སེམས་ནད་བཟོད་མ་ཐུབ་པར་ཞལ་ལག་མཆོད་མ་ཐུབ་སྟབས་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་རེད། སྔ་ལོ་ཕྱི་ཟླ་ ༨ ཚེས་ ༡ ཉིན་རྒྱ་གཞུང་ཉེན་རྟོག་པས་རིན་ཆེན་སྐྱིད་ལགས་ཀྱིས་རྒྱལ་ཁབ་ལ་ངོ་ལོག་བྱས་སོང་ཞེས་ཉེས་འཛུགས་འོག་རང་ཁྱིམ་ནས་འཛིན་བཟུང་བཙན་ཁྲིད་ཀྱིས་ཟི་ལིང་ཕྱོགས་སུ་ཁྲིད་རྗེས་ད་བར་ཟླ་བ་བརྒྱད་ཙམ་གྱི་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། རིན་ཆེན་སྐྱིད་ལགས་བཙོན་གྲོལ་བཏང་ཡོད་ཀྱང་ད་ལྟ་ཁོང་གི་ཁྱིམ་ཚང་དུ་མི་གཞན་བསྐྱོད་མ་ཆོག་པ་མ་ཟད་ནང་མི་རྣམས་ཕྱིར་གཞན་ལ་འབྲེལ་བ་གནང་མ་ཆོག་པ་སོགས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་རེད་འདུག བོད་རང་བཙན་ཚོགས་པ་གཙོས་བཙན་བྱོལ་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ནས་རིན་ཆེན་སྐྱིད་ལགས་ཀྱིས་གཙོས་པའི་རྒྱ་གཞུང་གིས་ཉེས་མེད་འཛིན་བཟུང་བྱས་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པའི་ལས་འགུལ་རིམ་པ་སྤེལ་བའི་ཁྲོད་རྒྱལ་ཚོགས་ནང་དུའང་རིན་ཆེན་སྐྱེད་ལགས་དང་བོད་མི་ཆབ་སྲིད་བཙོན་པ་གཞན་ཁག་ཅིག་གི་མཚན་མངོན་གསལ་གནང་སྟེ་རྒྱ་ནག་ལ་འདྲི་རྩད་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད། དུས་རྒྱུན་རྒྱ་ནག་གཞུང་གི་ངོས་ནས་ཆབ་སྲིད་ཉེས་འཛུགས་འོག་འཛིན་བཟུང་བྱས་པའི་བོད་མི་རྣམས་ལ་གློད་བཀྲོལ་བཏང་རྒྱུ་དཀའ་བའི་ཁར་ཁོང་རྣམས་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་སོགས་ཀྱི་ནག་ཉེས་ཚབས་ཆེན་གཡོགས་ཏེ་ལོ་མང་རིང་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཀྱི་ཡོད་པ་ལྟར་ད་རེས་རིན་ཆེན་སྐྱིད་ལགས་ཟླ་བ་བརྒྱད་ཀྱི་རྗེས་སུ་གློད་བཀྲོལ་བཏང་བ་དེ་དུས་རྒྱུན་དང་མི་འདྲ་བའི་གནས་ཚུལ་ཞིག་ཡིན་པའི་ཁར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ལས་འགུལ་བ་རྣམས་ནས་ཁོང་གློད་བཀྲོལ་ཐོབ་པར་དགའ་བསུ་ཞུ་བཞིན་འདུག་ཀྱང་ཁོང་གི་གཟུགས་གཞིའི་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་དཀའ་བས་བློ་འཚབ་ཆེན་པོ་གནང་གི་འདུག དེའི་བར་ན་ཁ་སང་ BitterWinter ཞེས་རྒྱ་ནག་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གནས་ཚུལ་སྤེལ་མཁན་བརྒྱུད་ལམ་གྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཉེ་ཆར་ཟླ་བ་འདིའི་ཚེས་ ༢༢ ཉིན་རྒྱ་ནག་དབུས་ཤེས་རིག་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་མཐོ་རིམ་སློབ་གྲྭའི་འཛུག་ཞུགས་སྒྲིག་ཁྲིམས་ཡིག་ཆ་ཡོངས་གྲགས་བྱས་འདུག་པའི་ནང་དོན་ཚན་ ༡༢ པའི་ནང་གསེས་བསམ་བློའི་འཁྱེར་བཟོ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཞེས་པའི་འགོ་བརྗོད་འོག་བོད་ཁུལ་གྱི་མཐོ་སློབ་ནང་དུ་འཛུལ་ཞུགས་གནང་བར་སློབ་ཕྲུག་རྩེ་ཕུད་ཡིན་པ་ཙམ་གྱིས་མི་འགྲིག་པར་བསམ་བློ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་དགོས་གལ་དང་། དེའི་ཁྲོད་སློབ་གྲྭའི་འཛིན་སྐྱོང་ནས་སློབ་ཕྲུག་རྣམས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོད་མེད་བརྟག་སླད་སློབ་ཕྲུག་རྣམས་བཅའ་སྡོད་བྱེད་སའི་གྲོང་ཚོའི་འགོ་ཁྲིད་ཚོར་ཡང་ཡང་འདྲི་རྩད་བྱ་རྒྱུ་ཡིན་པ་སོགས་འཁོད་འདུག མཐོ་སློབ་ཀྱི་འཛིན་སྐྱོང་ནས་འཛུག་ཞུགས་གནང་མཁན་སློབ་མ་ཚོ་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་གནོད་པའི་ཁ་བྲལ་གྱི་བྱ་སྤྱོད་སྤེལ་མྱོང་མེད་པ་དང་། ཁྲིམས་འགལ་ཐོག་ནས་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་མྱོང་མེད་པ་གསལ་པོ་བཟོ་དགོས་པ་དང་དམར་ཤོག་གི་ལྟ་གྲུབ་ལ་སློབ་གཉེར་བྱེད་མྱོང་མཁན་ཚོར་འཛུལ་ཞུགས་སྐབས་དམིགས་བསལ་ཡོད་པ་སོགས་མངོན་གསལ་གནང་འདུག

རེས་གཟའ་ཟླ་བ། ༢༠༢༢།༠༤།༢༥

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་སྐུ་ཞབས་ Emmanuel Macron ལགས་སླར་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག ༸པཎ་ཆེན་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས་མྱུར་དུ་ཡོང་བའི་ཐུགས་སྨོན་མཛད་འདུག བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི། རྫ་ཆུ་ཁ་སེར་ཤུལ་རྫོང་ཁོངས་ཀྱི་སློབ་ཕྲུག་ཚོ་རྒྱ་གཞུང་སློབ་གྲྭར་བཅུག་དགོས་པའི་བཙན་བཀའ། རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་ལ་མུ་མཐུད་དམ་དྲག་བྱེད་བཞིན་པར་མངོན་གསལ། སྲིད་སྐྱོང་མཆོག་ཇར་མ་ནི་ནང་ཚོགས་པའི་བསམ་མཛོད་བསྟི་གནས་ཀྱི་མཁས་པའི་ཚོགས་འདུར་དབུ་བཞུགས། གྲོས་ཆོད་ལྟ་བུ་ཞིག་ COP 27 ལྷན་ཚོགས་ཐོག་རྒྱལ་སྤྱིའི་དབུ་ཁྲིད་ཁག་ལ་འབུལ་ལམ་ཞུ་རྒྱུ། Monday 25/04/2022 Dalai Lama congratulates president Macron on his re-election Tibetans worldwide celebrate Panchen Lama birthday China orders the closure of all Tibetan private schools in Dzachuka Sikyong concludes Germany visit, arrives in USA EU report highlights restrictions on Tibetan culture Dialogue For Our Future: International Climate Conference concludes in Dharamsala

༸གོང་ས་མཆོག་གིས་སྐུ་ཞབས་ Emmanuel Macron ལགས་སླར་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕ་རན་སིའི་ད་ལྟའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ Emmanuel Macron ལགས་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་སྟེ་སླར་ཡང་ཡུལ་དེའི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་སྩལ་བ་དང་སྦྲགས། ད་བར་ཕ་རན་སིའི་གཞུང་མང་གཉིས་ནས་བོད་མི་ཚོ་ལ་རོགས་རམ་བསྟུད་མར་གནང་བཞིན་པ་དེ་ནི་བོད་མིའི་བསོད་ནམས་དང་ལས་དབང་བཟང་པོ་ཞིག་ལ་དགོངས་བཞིན་ཡོད་སྐོར་བཀའ་སྩལ་མཛད་འདུག ཕྱི་ཟླ་ ༤ ཚེས་ ༡༠ ནས་དབུ་འཛུགས་གནང་བའི་ཡོ་རོབ་ཕ་རན་སི་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ལས་རིམ་འདི་ཁ་སང་ཕྱི་ཚེས་ ༢༤ ཉིན་དངོས་སུ་མཇུག་སྒྲིག་གནང་བ་དང་སྦྲགས་ཏེ། ད་ལྟའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ Emmanue Macron ལགས་ལ་འོས་གྲངས་བརྒྱ་ཆ་ ༥༨་༥༥ ཐོབ་པའི་ཐོག་ནས་སླར་ཡར་ཡུལ་དེའི་སྲིད་འཛིན་དུ་བདམས་ཐོན་བྱུང་ཡོད་པ་ལྟར། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Emmanue Macron ལགས་ཀྱི་སྲིད་འཛིན་ལས་ཡུན་རིང་ནང་གདོན་ལེན་གནང་དགོས་པའི་གནད་དོན་ཐམས་བཅད་ལ་གདོང་ལེན་གནང་སྟེ་ཕ་རན་སི་མི་མང་གི་རེ་བ་དང་མངོན་འདོད་ཁག་ལམ་ལྷོང་ལྡན་པའི་ཐོག་ནས་བསྒྲུབ་ཐུབ་པ་མ་ཟད་འཛམ་གླིང་འདི་སྔར་ལྷག་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུར་ཞབས་འདེགས་བསྒྲུབ་ཐུབ་པའི་སྨོན་འདུན་གྱི་མཚམས་སྦྱོར་དང་བཅས་འཚམས་འདྲི་མཛད་འདུགམགོན་པོ་༸གང་ཉིད་མཆོག་གིས་ད་བར་ཕ་རན་སི་རྒྱལ་ཁབ་ཀྱི་དབུ་ཁྲིད་རིམ་བྱོན་རྣམ་པ་དང་མི་མང་རྣམས་ནས་བོད་མི་ལ་མཛའ་འབྲེལ་གྱི་མཐུན་འགྱུར་རོགས་རམ་དང་། ལྷག་པར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་པ་སངས་རྒྱས་པའི་ཆོས་དང་། འགྲོ་བ་སྤྱི་ལ་སྨན་པའི་ཞི་བདེ་དང་འཚེ་བ་མེད་པ། དེ་བཞིན་གཞན་ཕན་སོགས་ཀྱི་གཞི་རྩར་བཟུང་བའི་བོད་ཀྱི་རིག་གཞུང་ཁག་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་གནང་རྒྱུའི་ཐོག་རོགས་རམ་གནང་དང་གནང་བཞིན་པ་དེ་ནི་བོད་མིའི་བསོད་ནམས་དང་ལས་དབང་བཟང་པོ་ཞིག་ལ་དགོངས་བཞིན་ཡོད་པར་བཀའ་སྩལ་བ་དང་ཆབས་ཅིག བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཕ་རན་སིའི་དབུ་ཁྲིད་རྣམ་པ་དང་མི་མང་བཅས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུགརྩ་བའི་ཐེངས་འདིའི་ཕ་རན་སི་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ནང་སྐུ་ཞབས་ Emmanue Macron ལགས་ལ་འོས་གྲངས་བརྒྱ་ཆ་ ༥༨་༥༥ ཁོང་གི་ཁ་གཏད་ལྕམ་སྐུ་ Marine Le Pen ལགས་ལ་འོས་གྲངས་བརྒྱ་ཆ་ ༤༡་༤༥ བཅས་ཐོབ་ཡོད་པ་ལྟར་སྐུ་ཞབས་ Emmanue Macron ལགས་སླར་ཡང་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་འདི་ནི་འདས་པའི་ལོ་ངོ་ ༢༠ ནང་ཕ་རན་སིའི་ལས་ཐོག་སྲིད་འཛིན་ཞིག་བསྐྱར་དུ་སྲིད་འཛིན་ལ་འོས་འདེམས་བྱུང་བ་ཐེངས་དང་པོ་ཆགས་ཀྱི་ཡོད།

རྒྱ་གཞུང་གིས་རྫ་ཆུ་ཁ་སེར་ཤུལ་རྫོང་ཁོངས་ཀྱི་སྒེར་བཙུགས་སློབ་ཁག་སྒོ་བརྒྱབས་ཏེ་སློབ་ཕྲུག་ཚོ་རྒྱ་གཞུང་སློབ་གྲྭར་བཅུག་དགོས་པའི་བཙན་བཀའ་བཏང་བ།

ཉེ་ཆར་རྒྱ་ནག་གཞུང་གིས་བོད་ཁམས་ཕྱོགས་རྫ་ཆུ་ཁ་སེར་ཤུལ་རྫོང་ཁོངས་སུ་ཡོད་པའི་བོད་པའི་སྒེར་བཙུགས་སློབ་གྲྭ་ཆ་ཚང་སྒོ་བརྒྱབས་ཏེ་བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཡིན་པའི་རྒྱ་གཞུང་གི་སློབ་གྲྭར་ཐོ་འགོད་གནང་དགོས་པའི་བཙན་བཀའ་བཏང་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ཁམས་ཕྱོགས་རྫ་ཆུ་ཁ་སེར་ཤུལ་རྫོང་ཁོངས་སུ་ཡོད་པའི་བོད་པའི་སྒེར་བཙུགས་སློབ་གྲྭ་ཆ་ཚང་སྒོ་བརྒྱབས་ནས་ཟླ་བ་འདིའི་ཚེས་ ༢༠ སྔོན་ཚུད་དུ་བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཡིན་པའི་རྒྱ་གཞུང་སློབ་གྲྭར་ངེས་པར་དུ་སློབ་ཕྲུག་ཆ་ཚང་ཐོ་འགོད་གནང་དགོས་པའི་བཙན་བཀའ་བཏང་ཡོད་པ་དེར་ས་གནས་བོད་མི་ཚོས་དང་ལེན་བྱེད་དགོས་པ་དང་། གལ་ཏེ་བཀའ་རྒྱར་དང་ལེན་མ་གནང་བར་རྒྱབ་འགལ་རིགས་བྱས་པའི་གནས་སྟངས་འབྱུང་ཚེ་བཙོན་འཇུག་སོགས་ཀྱི་ཉེས་ཆད་ཕོག་སྲིད་པའི་ཉེན་བརྡ་བཏང་ཡོད་སྐོར་བཀོད་འདུག གཞི་རྩའི་སེར་ཤུལ་རྫོང་ཁོངས་ཀྱི་སྒེར་བཙུགས་སློབ་གྲྭ་དེ་དག་ཕལ་ཆེ་བ་འབྲོག་པའི་ས་ཁུལ་དུ་ཡོད་པ་དང་། ད་ཆ་ཁུལ་དེར་ཡོད་པའི་དགེ་མང་སྒེར་བཙུགས་སློབ་གྲྭ་དང་འབུམ་གསར་སློབ་གྲྭ། ཁྲོ་ཤུལ་སློབ་གྲྭ། ཨ་སེ་སློབ་གྲྭ། ཕན་བདེ་གཅེས་སྐྱོང་སློབ་གྲྭ། ཝ་རོང་སློབ་གྲྭ་སོགས་སྒེར་བཙུགས་སློབ་གྲྭ་བཅུ་གྲངས་ཤིག་ཡོད་པ་ཆ་ཚང་སྒོ་བརྒྱག་ཏུ་བཅུག་ཡོད་པ་རེད། ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་གཞུང་གི་ཐག་གཅོད་དེར་ས་གནས་སྡེ་པ་སོ་སོའི་མི་མང་ནས་འགོ་ཁྲིད་ཚོར་སློབ་གྲྭ་སྒོ་བརྒྱབ་པ་ཡིན་ན་གཞུང་གི་སློབ་གྲྭ་ས་ཐག་རིང་དྲག་སྟབས་ཕྲུ་གུ་སློབ་གྲྭར་འཇོག་རྒྱུ་ཧ་ཅང་དཀའ་ངལ་ཡོད་པ་སོགས་ཀྱི་བདེ་སྡུག་ཞུས་ཡོད་ཀྱང་། ས་གནས་འགོ་ཁྲིད་ཚོས་མི་མང་གི་བདེ་སྡུག་ལ་བསམ་ཤེས་མེད་པར་གཞུང་གི་བཀོད་ཁྱབ་ལ་འགྱུར་ལྡོག་རྩ་བ་ནས་མེད་པས་ས་གནས་མི་མང་ཚོའི་ངོས་ནས་ཚུལ་བཞིན་ལག་བསྟར་བྱེད་དགོས་པ་སོགས་བཤད་པ་མ་ཟད་བཀའ་རྒྱ་དང་ལེན་མ་གནང་ན་བཙོན་འཇུག་སོགས་ཀྱི་ཉེས་ཆད་ཕོག་སྲིད་པའི་ཉེན་བརྡ་བཏང་བའི་གནས་སྟངས་བྱུང་ཡོད་པ་བཀོད་འདུག དེ་བཞིན་ལྟེ་གནས་ཁང་ལ་སེར་ཤུལ་རྫོང་ཁོངས་ཀྱི་སྒེར་བཙུགས་སློབ་ཆུང་ཞིག་ཏུ་སློབ་ཁྲིད་བྱེད་བཞིན་པའི་དགེ་རྒན་ཞིག་གིས་གཞུང་གི་སློབ་གྲྭ་ལས་སྒེར་བཙུགས་སློབ་གྲྭར་སློབ་ཁྲིད་བྱ་རྒྱུ་ལས་སླ་བ་མ་ཟད། སྒེར་བཙུགས་སློབ་གྲྭར་སྲིད་གཞུང་གིས་གཏན་འབེབས་བྱས་པའི་སློབ་ཚན་གྱི་ཞོར་དུ་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་མང་ཙམ་ཁྲིད་ཐུབ་ཀྱི་ཡོད་པ་དང་། གཞུང་གཉེར་སློབ་གྲྭའི་ནང་དེ་ལྟ་བུའི་གོ་སྐབས་རྩ་བ་ནས་མེད་སྐོར་སོགས་འགྲེལ་བརྗོད་གནང་འདུག གཞི་རྩའི་རྒྱ་ནག་གཞུང་ནས་འདས་པའི་ལོ་ཤས་ནས་བཟུང་སྟེ་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་སོགས་ལ་དམིགས་ཏེ་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་རྒྱ་ཡིག་ཐོག་གི་བསླབ་གཞི་ཁག་སློབ་ཁྲིད་བྱེད་དགོས་པའི་བཙན་བཀའ་བཏང་དང་གཏོང་བཞིན་ཡོད་པ་དང་། རྒྱ་གཞུང་གི་བྱ་སྤྱོད་དང་སྲིད་བྱུས་དེ་དག་དང་འབྲེལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་ཨེ་ཤ་ཡའི་གཟི་བརྗིད་སྣེ་ཁྲིད་ཚོགས་པ་གཉིས་ནས་ང་ཚོའི་རུས་རྐང་འཇིབས་སོང་། ཞི་ཅིན་ཕིང་འོག་གི་བོད་ཀྱི་ཤེས་ཡོན་དང་སྐད་ཡིག་གི་ཐོབ་ཐང་ཞེས་པའི་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་འཆར་ཡོད་པ་རེད།

༸གོང་ས་མཆོག་གིས་༸པཎ་ཆེན་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས་མྱུར་དུ་ཡོང་བའི་ཐུགས་སྨོན་མཛད་འདུག

ཁ་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་འབྲེལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་གྱི་ཕྱག་ཡིག་སྩལ་ཏེ་རིན་པོ་ཆེ་མཆོག་གི་ཞལ་མཇལ་གསུང་ཐོས་མྱུར་དུ་ཡོང་བའི་སྨོན་འདུན་ཡོད་ཅེས་བཀའ་སྩལ་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་དེའི་ནང་གདན་ས་ཆེན་པོ་བཀྲིས་ལྷུན་པོ་ནས་གྲོང་ཁྱེར་ནིའུ་ཡོག་ཏུ་༸པཎ་ཆེན་སྐུ་ཕྲེང་བཅིུག་པའི་འཁྲུངས་སྐར་སྲུང་བརྩི་ཞུས་པར་ཡིད་སྤྲོ་དང་བཅས་བཀའ་དྲིན་ཆེ་ཞུས་པ་དང་འབྲེལ། རྒྱལ་པཎ་རིམ་བྱོན་བླ་སློབ་ཀྱི་འབྲེལ་བ་འདི་ཐུན་མོང་མིན་པ་ཞིག་ཏུ་མ་ཟད། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་ན་ཆུང་དུས་ནས་མགོན་པོ་༸གང་ཉིད་མཆོག་དང་འབྲེལ་འདྲིས་ཟབ་པས་དམིགས་བསལ་འབྲེལ་བ་ཞིག་ཡོད་ཅེས་བཀའ་སྩལ་མཛད་འདུག ༸པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་གཞན་དོན་དུ་གཤེགས་པ་ནས་ཡང་སྲིད་རྩད་གཅོད་སོགས་༸གང་ཉིད་མཆོག་ལ་དམ་ཚིག་དང་ལོ་རྒྱུས་ཀྱིས་དཀྲིས་པའི་ལས་འགན་རྣམས་ཧུར་ཐག་གིས་བསྒྲུབས་ཀྱང་ཆབ་སྲིད་གེགས་བར་གྱི་གཞན་དབང་དུ་སོང་བ་ཕངས་པ་ལྟར་སྣང་ཡོད་པར་བཀའ་སྩལ་མཛད་དེ། ད་ལན་ཡང་སྲིད་རིན་པོ་ཆེ་དགུང་གྲངས་ ༣༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་རྒྱས་ཤིག་འབྲེལ་ཡོད་ཁྱེད་རྣམས་ནས་ཨ་རིའི་ནིའུ་ཡོག་ཏུ་ཚོགས་པར་བཀྲིས་བདེ་ལེགས་དང་མཆོག་སྤྲུལ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཀྱི་ཞལ་མཇལ་གསུང་ཐོས་མྱུར་དུ་ཡོང་བའི་སྨོན་ལམ་ཡོད་ཅེས་ཀའ་སྩལ་འདུག དེ་རིང་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་མོ་སྟེ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཡིན་པ་དང་བསྟུན་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྣམ་པ་འདྲ་མིན་བརྒྱུད་ནས་སྤེལ་ཏེ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར་ཁ་ཉིན་ཕྱི་ཚེས་ ༢༣ ཉིན་གདན་ས་ཆེན་པོ་བཀྲིས་ས་ལྷུན་པོས་གོ་སྒྲིག་ཞུས་པའི་འོག་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིར་༸པཎ་ཆེན་རིན་པོ་ཆེའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུག མཛད་སྒོ་ཐོག་གདན་ས་བཀྲིས་ལྷུན་པོའི་༸སྐྱབས་རྗེ་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་མཆོག་གིས་དབུས་པའི་སྐུ་མགྲོན་གཙོ་བོ་བྱང་ཨ་རི་སྐུ་ཚབ་དོན་གཅོད་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་དང་བཀའ་ཟུར་གཙོས་པའི་སྐུ་མགྲོན་རྣམ་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཀྱིས་༸རྒྱལ་བ་ཡབ་སྲས་གཉིས་ཀྱི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་དང་མཎྡྲལ་འདེགས་འབུལ། དེ་བཞིན་སྤྲི་སྒོར་བགོས་འགྲེམས་སོགས་གནང་སྟེ་བོད་ལུགས་དང་ཕྱི་ལུགས་གཉིས་ཀྱི་ཐོག་ནས་རིན་པོ་ཆེ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་མ་ཟད། ༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་གདན་ས་བཀྲིས་ལྷུན་པོའི་ངོས་ནས་རིན་པོ་ཆེའི་༸སྐུའི་འཁྲུངས་ཉིན་མོར་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་བ་སྒྲོག་སྦྱང་གནང་སྟེ། རྒྱ་གཞུང་ལ་ནན་ཏན་གྱིས་དོན་ཚན་གསུམ་གྱི་ཐོག་ནས་ཉེས་མེད་བཙན་འཁྲིད་བྱས་པའི་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ཡབ་ཡུམ་སྐུ་མཆེད་དང་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་འགན་འཛིན་དང་གདན་ས་བཀྲིས་ལྷུན་པོའི་དབུ་འཛིན་གཅིག་ལྕོགས་སྐུ་ཞབས་བྱ་བྲལ་རིན་པོ་ཆེ་བཅས་འཕྲལ་དུ་གློད་བཀྲོལ་དགོས་པ་དང་། ཁོང་རྣམ་པའི་གནས་སྟངས་ཇི་ཆགས་གསལ་པོ་བཟོ་དགོས་པའི་རེ་སྐུལ་བསྐྱར་ནན་གནང་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོ་བྱང་ཨ་རི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་དེ་རིང་ནི་བོད་མི་ཚོས་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བའི་ཐོག་ནས་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་ཉིན་མོ་ཞིག་ཡིན་པ་དང་ལྷག་དོན་རྒྱ་གཞུང་གིས་འདས་པའི་ལོ་ ༧༠ རིང་བོད་མིའི་ཐོག་ཆེས་དྲག་གནོན་ཅན་གྱི་སྲིད་བྱུས་སྤེལ་ཁག་གི་ངལ་བ་ཆེས་ཆེར་མྱང་ཡོད་ཀྱང་། གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ལྷག་བསམ་དང་སྙིང་སྟོབས་ཆེ་རུ་སོང་ཡོད་སྟབས་ང་ཚོས་རྗེས་སུ་ཡི་རང་ཞུས་པའི་ཐོག་ནས་རང་ཉིད་ཀྱི་འགན་འཁྲི་དང་ནུས་པ་བཅས་མཉམ་སྤུངས་ཀྱིས་རྩ་དོན་སླད་ཕྱར་གྲུ་མཉམ་འདེགས་གནང་དགོས་པ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་མུ་མཐུད་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཟོ་དང་གང་མགྱོགས་གློད་བཀྲོལ་ཡོང་ཐབས་སུ་འཆར་གཞི་ལྡན་པའི་ཞུ་གཏུག་སྐོར་སྐྱོད་གནང་འཆར་ཡོད་པ་གསུངས་འདུག དེའི་ཁྲོད་ཁ་སང་ཨ་རི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུའི་གོ་སྒྲིག་འོག་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་ ༣༠ ལྷག་འདུ་འཛོམས་ཀྱིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་ ༣༣ ལ་ཕེབས་པའི་འཁྲུངས་སྐར་དང་སྟབས་བསྟུན་རིན་པོ་ཆེ་མཆོག་གིས་དབུས་པའི་ཡབ་ཡུམ་སྐོ་འཁོར་དང་བཅས་པ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ ༢༧ འཁོར་བ་གློད་བཀྲོལ་དགོས་པའི་སྐད་འབོད་ལས་འགུལ་ཞིག་སྤེལ་འདུག དེ་དང་ཕྱོགས་མཚུངས་སུ་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྡོད་གནས་བཞུགས་སྒར་དྷརྨ་སཱ་ལཱ་གཙོས་ལ་དྭགས་དང་ལྷོ་ཕྱོགས་སོགས་ས་གནས་ཁག་ཅིག་ཏུ་རྣམ་པ་འདྲ་མིན་ཐོག་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།

སྲིད་སྐྱོང་མཆོག་ཇར་མ་ནི་ནང་ཚོགས་པའི་བསམ་མཛོད་བསྟི་གནས་ཀྱི་མཁས་པའི་ཚོགས་འདུར་དབུ་བཞུགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༢༢ ཉིན་ཉིན་གྱི་ཕྱི་དྲོ་ཇར་མ་ནིའི་གྲོང་ཁྱེར་ Frankfurt ནང་ལ་ཕེབས་འབྱོར་བྱུང་སྟེ། ཕྱི་ཚེས་ ༢༣ ཉིན་གྲོང་ཁྱེར་ Frankfurt ཁུལ་གྱི་བོད་མི་རྣམས་ལ་གསུང་བཤད་དང་ཁུལ་དེར་ཚོགས་པའི་བསམ་མཛོད་བསྟི་གནས་ཀྱི་མཁས་པའི་ཚོགས་འདུར་དབུ་བཞུགས་གནང་འདུག སྲིད་སྐྱིང་མཆོག་གིས་ས་གནས་བོད་མི་ཚོར་བཀའ་ཤག་སྐབས་ ༡༦ པའི་ལས་དོན་བྱེད་ཕྱོགས་སོགས་ངོ་སྤྲོད་གནང་བ་དང་སྦྲགས། ད་ལྟའི་ཆར་རྒྱ་གར་ནང་ཡོད་པའི་བོད་པའི་གཞིས་ཆགས་ཁག་ཏུ་བོད་མི་ཉུང་དུ་ཕྱིན་ཏེ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མི་མང་དུ་འགྲོ་བཞིན་པ་སོགས་ཕྱོགས་ཡོངས་ནས་གདོང་ལེན་གནང་དགོས་པའི་གནས་སྟངས་མང་དག་ཅིག་ཡོང་གི་ཡོད་པ་དང་། ང་ཚོའི་ངོས་ནས་གདོང་ལེན་གནང་དགོས་པའི་གནས་སྟངས་དེ་དག་གོ་སྐབས་ཤིག་ཏུ་བསྒྱུར་རྒྱུར་དགོངས་པ་བཞེས་དགོས་གལ་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་ཞེས་པ་ཞིག་དབུ་འཛུགས་གནང་ཡོད་པ་དེས་རྒྱལ་སྤྱིའི་སྲིད་གཞུང་ལ་བོད་མི་མང་ཚོགས་ཀྱི་ཞུ་གཏུག་གནང་ཐུབ་རྒྱུ་དང་རིམ་པས་བོད་པའི་སྤྱི་ཚོགས་ནང་གཞོན་སྐྱེས་ཀྱི་འགོ་ཁྲིད་ཐོན་ཐུབ་རྒྱུ་སོགས་ལ་དགེ་མཚན་ལྡན་ཡོད་པ་གསུངས་འདུག  སྲིད་སྐྱོང་མཆོག་གིས་ཆབ་སྲིད་ཀྱི་གནད་དོན་ཐད་བོད་མིའི་སྒྲིག་འཛུགས་ནས་བོད་རྒྱའི་དཀའ་ངལ་སེལ་ཐབས་སུ་རྒྱ་ནག་ལ་འབྲེལ་བ་ཞུ་དགོས་པ་ཁག་མུ་མཐུད་ནས་འབད་བརྩོན་གནང་བཞིན་ཡོད་པ་དང་བོད་ཀྱི་གནད་དོན་སེལ་ཐུབ་པའི་གནས་བབས་ཤིག་གི་མ་བྱུང་བར་དུ་བོད་ནང་གི་གནས་སྟངས་ཐོག་ཞིབ་འཇུག་དང་། རྒྱལ་སྤྱིའི་ཁྲོད་དུ་བོད་ནང་གི་དངོས་ཡོད་གནས་སྟངས་ཁག་ཞུ་གཏུག་གནང་རྒྱུ་སོགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་གསུངས་ཡོད། དེ་བཞིན་སྲིད་སྐྱོང་མཆོག་ནས་སྐབས་དེར་བཅར་བའི་ས་གནས་བོད་མི་ཚོས་བཀའ་འདྲི་ཞུས་ཁག་ལ་ལན་འདེབས་གནང་ཟིན་མཚམས་སུ་ཉིན་གུང་ཁུལ་དེར་ཚོགས་པའི་བསམ་མཛོད་བསྟི་གནས་ཀྱི་མཁས་པའི་ཚོགས་འདུར་དབུ་ཞུགས་གནང་སྟེ་བོད་དོན་གསུང་བཤད་གནང་བ་མ་ཟད། ཇར་མ་ནིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael Brand ལགས་དབུས་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད། དེ་བཞིན་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་བཅར་འདྲི་དང་ལེན་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡོ་རོབ་ཇར་མ་ནི་ནང་གི་གཞུང་འབྲེལ་མཛད་རིམ་ཁག་གྲུབ་མཚམས་སུ་བྱང་ཨ་རི་ཁུལ་དུ་ཕེབས་ཐོན་གནང་སྟེ། ཁ་སང་ཕྱི་ཚེས་ ༢༤ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སིར་ཕེབས་འབྱོར་བྱུང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ཉིན་གྲངས་ལྔའི་རིང་ཁུལ་དེར་ཡོད་པའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དབུས་པའི་གྲོས་ཚོགས་འཐུས་མི་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ། དེ་བཞིན་གྲོས་ཚོགས་ཀྱི་སྔོན་རྩིས་དང་ཕྱི་འབྲེལ་ཚོགས་ཆུང་སོགས་ཀྱི་གནད་དོན་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་འཆར་ཡོད་པ་མ་ཟད། རྒྱལ་སའི་མངའ་ཁུལ་གྱི་མཛད་རིམ་ཁག་གྲུབ་མཚམས་སུ་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིར་ས་གནས་བོད་མི་མང་ཚོགས་ལ་གསུང་བཤད་དང་། བོད་པའི་གཞོན་སྐྱེས་དང་ཆེད་ལས་པ་ཚོ་དང་ཟུར་དུ་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་མཛད་རིམ་ཁག་ཅིག་ཡོངས་གྲགས་གནང་ཡོད། གཞི་རྩའི་ཐེངས་འདིའི་འཚམས་འཟིགས་འདི་ནི་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ཐུགས་འགན་བཞེས་པའི་རྗེས་ཀྱི་བྱང་ཨ་རི་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། མཛད་རིམ་གཏན་འབེབས་གནང་བར་གཞིགས་ན། སྲིད་སྐྱོང་མཆོག་བྱང་ཨ་རི་ཁུལ་གྱི་མཛད་རིམ་ཁག་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་ལེགས་གྲུབ་ཟིན་གྱི་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༢༢།༠༤།༢༤

ཉན་པ།: Listen ཕབ་ལེན། Download བཞུགས་སྒར་རྡ་རམ་ས་ལར་ཉིན་གྲངས་གསུམ་རིང་ཚོགས་པའི་ཁོར་ཡུག་ལྷན་ཚོགས་ཀྱི་ཚོགས་བཅར་བ་ཁག་ཅིག་ལ་བཅར་འདྲི། Sunday 24/04/2022 Dialogue For Our Future: Interview with Climate conference participants

རེས་གཟའ་སྤེན་པ། ༢༠༢༢།༠༤།༢༣

ཉན་པ།: Listen ཕབ་ལེན། Download རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དབུས་རྒྱུན་གསུམ་དང་གླེང་མོལ། Saturday 23/04/2022 Post-Covid Tibetan Sweater Business: In conversation with TRTA standing members

Latest news