Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: June, 2022

བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་དོན་དང་འབྲེལ་བའི་ཧིཾདིའི་དཔེ་དེབ་དབུ་འབྱེད་གནང་བ།

ཁ་སང་འདི་ག་རྒྱལ་ས་ལྡི་ལིར་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྒྱ་གར་གྱི་གསར་འགོད་པ་སྐུ་ཞབས་ཅནྡྲབྷཱུཥཎ་ལགས་ཀྱིས་བརྩམས་པའི་བོད་ཁྱེད་ཀྱི་མིང་གང་ཡིན་ནམ། तुम्हारा नाम क्या है तिब्बत ཞེས་པའི་དཔེ་དེབ་དབུ་འབྱེད་གནང་ཡོད།དཔེ་དེབ་འདི་ནི་རྒྱ་གར་གྱི་གསར་འགོད་པ་ཁོང་ཕྱི་ལོ་ ༢༠༡༥ ལོར་བོད་དུ་ཐེངས་གཅིག་ཕེབས་སྐབས་བོད་ཀྱི་ཆོས་དང་རིག་གཞུང་། བོད་མིའི་ཡུལ་གོམ་གཤིས་ལུགས། འཐབ་རྩོད་ཀྱི་ངོ་བོ་སོགས་གསར་འགོད་པ་རང་ཉིད་དངོས་སུ་མཐོང་བར་གཞིགས་རྩ་བཟུང་བའི་ཉམས་ཞིབ་ཀྱི་ཟིན་ཐོ་ཞིག་ཡིན་པ་དང་། གྷཾདྷཱིའི་ཞི་བདེ་ཐེབས་རྩའི་ཚོགས་ཁང་དུ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་རྒྱ་གར་གྱི་གནད་ཡོད་སྐུ་མགྲོན་ཁག་ཅིག་བཅས་ཀྱིས་དཔེ་དེབ་དེ་དབུ་འབྱེད་གནང་ཡོད་པ་རེད།  མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔེ་དེབ་འདི་ནི་འགྲུལ་བཞུད་སྐབས་མཐོང་ཐོས་བྱུང་བའི་དྲན་ཐོ་དང་མྱོང་ཚོར་ཙམ་མིན་པར་བོད་པའི་ཡུལ་གོམས་གཤིས་ལུགས། ལེགས་བྱང་སོགས་ལ་ཉམས་ཞིབ་གཏིང་ཟབ་གནང་བའི་དཔེ་དེབ་ཞིག་ཡིན་པར་མ་ཟད་དཔེ་དེབ་འདིའི་ཐོག་ནས་རྒྱ་གར་མང་ཚོགས་ལ་བོད་མིའི་ངོ་བོ་དང་ཆོས་རིག་སོགས་ཀྱི་གོ་རྟོགས་གསལ་པོ་ཞིག་ར་འཕྲོད་ཐུབ་པའི་ཐུགས་རེ་ཡོད་པ་དང་། ལྷག་དོན་རིན་པོ་ཆེ་མཆོག་གིས་བོད་ཀྱི་འགྲོ་བ་མིའི་འཕེལ་རིམ་སོགས་ཀྱི་དེ་བྱུང་སྙིང་བསྡུས་ཤིག་བཀའ་འགྲེལ་གནང་བ་དང་ཆབས་ཅིག ད་ལྟའི་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་འདི་ང་ཚོའི་མི་རབས་ལ་འཚེ་མེད་པ་དང་ཞི་བདེ། དྲག་པོ། བདེན་པ། འཁྱོག་བཤད་བཅས་དབྱེ་འབྱེད་ཀྱི་ཚོད་ལྟའི་གནད་དོན་ཞིག་ཡིན་པ་སོགས་གསུངས་སོང་ལ། བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་གཉིས་དབར་དབུ་མའི་ལམ་གྱི་ཐོག་ནས་འབྲེལ་མོལ་ཐེངས་འགའ་ཤས་བྱུང་ཡོད་ཀྱང་ད་བར་དངོས་སུ་དོན་འབྲས་སོན་མེད་པ་སོགས་གསལ་བཤད་གནང་ཡོད།   སྐབས་དེར་སྐུ་མགྲོན་ཁོངས་སུ་ཕེབས་པའི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་འབྲེལ་མཐུད་པ་སྐུ་ཞབས་ R K Khirmey མཆོག་དང་སྐུ་ཞབས་ Ved Pratap  མཆོག ས་གནས་གྲོས་ཚོགས་ཚོགས་མི་སྐུ་ཞབས་ Harish Khanna མཆོག གྷཾདྷཱིའི་ཞི་བདེ་ཐེབས་རྩའི་དྲུང་ཆེ་ Ashok Kumar མཆོག་བཅས་ཀྱིས་བོད་མིའི་བདེན་དོན་འཐབ་རྩོད་ཐོག་ཕྱི་ལོ་ ༡༩༧༠ འི་ནང་ནས་རྒྱ་གར་གྱི་ཇཱན་ཏ་ཚོགས་པའི་དབུ་ཁྲིད་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་བ་སྐུ་ཞབས་ Jayaprakash Narayan མཆོ་གི་སྐབས་སུ་འཐབ་རྩོད་གནང་བཞིན་པ་དང་ད་དུང་ཡང་རྒྱ་གར་གྱི་ངོས་ནས་བོད་ཀྱི་འཐབ་རྩོད་དེ་བོད་མི་ཁོ་ནའི་འཐབ་རྩོད་མིན་པར་རྒྱ་གར་གྱི་རྒྱལ་སྲུང་དང་དཔལ་འབྱོར་སོགས་དང་འབྲེལ་བའི་ཐུན་མོང་གི་འཐབ་རྩོད་ཅིག་ཡིན་པ་སོགས་གསུངས་ཡོད།  གསར་འགོད་པ་གྲགས་ཅན་དང་བོད་ཁྱེད་ཀྱི་མིང་གང་ཡིན་ནམ། तुम्हारा नाम क्या है तिब्बत ཞེས་པའི་དཔེ་དེབ་རྩོམ་པ་པོ་སྐུ་ཞབས་ཅནྡྲབྷཱུཥཎ་ལགས་ཀྱིས་དེབ་འདི་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་ཁོང་མགྲོན་འབོད་ཞུས་པའི་ཐོག་རྒྱ་ནག་ཏུ་ཕེབས་སྐབས་བདུན་འཕྲག་གཅིག་རིང་བོད་དུ་ཕེབས་རྒྱུའི་གོ་སྐབས་བྱུང་བ་དང་། དུས་དེ་ནས་དབུ་འཛུགས་ཀྱིས་ལོ་ངོ་དྲུག་བདུན་རིང་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ཐོག་ཞིབ་འཇུག་གནང་བར་མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སོགས་དང་མཇལ་འཕྲད་གནང་བ་བརྒྱུད་བོད་ཀྱི་དངོས་ཡོད་གནས་སྟངས་དང་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་བཅས་པ་རྒྱ་གར་གྱི་མང་ཚོགས་ལ་གོ་རྟོགས་གསལ་པོ་ཞིག་ར་འཕྲོད་ཐུབ་པའི་ཐུགས་རེ་ཡོད་ཅེས་སོགས་གསུངས་སོང་།    तुम्हारा नाम क्या है तिब्बत ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ནི་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ངོས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། མཛད་སྒོ་ཐོག་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས། ལྡི་ལི་བསམ་ཡས་གླིང་གི་ས་གནས་འགོ་འཛིན་དབུས་གཞུང་ཁོངས་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་རྒྱ་གར་གྱི་གསར་འགོད་པ། བོད་དང་བོད་མིར་དོན་གཉེར་ཡོད་པའི་ས་གནས་ཀྱི་རྒྱ་གར་བ་བཅས་མི་གྲངས་བརྒྱ་ལྷག་འདུ་འཛོམས་བྱུང་འདུག

ལྕམ་སྐུ་ Michelle མཆོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ལས་འགནས་ནས་དགོངས་ཞུ་གནང་དགོས།

མི་རིགས་རྩ་གཏོར་ལ་འགོག་རྒོལ་གནང་མཁན་ཤེས་ཡོན་ཅན་དང་རང་དབང་རྩོད་ལེན་པ་ཁག་ཅིག་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་ད་ཐེངས་ཤིན་ཅང་ནང་གི་ལྟ་སྐོར་དེ་བསྐྱར་ཟློས་ཙམ་ལས་དོན་དངོས་ཐོག་རྒྱ་གཞུང་ལ་ཤིན་ཅང་གི་མི་རིགས་རྩ་གཏོར་གཏོང་བཞིན་པར་སྐྱོན་བརྗོད་གནང་མེད་པར་འགྲེལ་བརྗོད་ཀྱིས་ལྕམ་སྐུ་མཆོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ལས་འགན་ནས་རྩ་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་འདུགཨ་རིའི་ནང་གི་ Axios གསར་ལས་ཁང་གི་རྒྱ་ནག་སྡེ་ཚན་གྱི་གསར་འགོད་པ་ལྕམ་ Bethany Allen Ebrahimian ལགས་ཀྱིས་མི་རིགས་རྩ་གཏོར་ལ་འགོག་རྒོལ་གནང་མཁན་གྱི་མཁས་ལྡན་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཁག་ཅིག་གིས་ལྕམ་སྐུ་ Michelle མཆོག་གི་ཐེངས་འདིའི་འཚམས་གཟིགས་ལ་སྐྱོན་བརྗོད་གནང་བའི་གནས་ཚུལ་ཁག་ཕྱོགས་བསྡོམས་ཀྱིས་དཔྱད་བརྗོད་གནང་བའི་ནང་ཁོང་གིས་ད་ལན་ལྕམ་སྐུ་ Michelle མཆོག་གི་འཚམས་གཟིགས་དེས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དེ་རྒྱ་ནག་དང་ནུབ་ཕྱོགས་དབར་བར་གནས་གནང་དགོས་བྱུང་ཡོད་པར་འགྲེལ་བརྗོད་དང་འབྲེལ། གང་ལྟར་རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་ལྷན་ཁང་ལ་ཤུགས་རྐྱེན་ཇེ་མང་སྤྲད་ཡོད་པ་མངོན་གསལ་གནང་བ་མ་ཟད་ཨ་རིའི་Washington DC ནང་རྟེན་གཞི་བྱས་པའི་ Newlines Institute for strategy and Police ཐབས་བྱུས་དང་སྲིད་བྱུས་ཀྱི་གསར་འགྱུར་བསྟི་གནས་ཁང་གི་ངེས་སྟོན་པ་སྐུ་ཞབས་ Azeem Ibrahim ལགས་ཀྱིས་རྒྱ་གཞུང་ནས་ལྕམ་སྐུ་མཆོག་གི་འཚམས་གཟིགས་དེ་རྒྱ་ནག་གི་སྲིད་བྱུས་དང་མཐུན་པའི་ལམ་ལྷོང་ལྡན་པ་ཞིག་ཏུ་ཁ་བསྒྱུར་ཐུབ་པ་དེས་རྒྱལ་ཚོགས་ལ་མིང་ངན་བཟོས་ཡོད་པའི་ཟུར་ཟ་གནང་འདུགདེ་བཞིན་སྐུ་ཞབས་ Azeem ལགས་ཀྱིས་ལྕམ་སྐུ་མཆོག་གི་གཟིགས་དེའི་ཁྲོད་ཤིན་ཅང་གཙོས་རྒྱ་ནག་གི་ས་ཁུལ་ཁག་ཅིག་ཏུ་གཞུང་འབྲེལ་སྐོར་སྐྱོད་གནང་སྟེ་་ཟླ་བ་འདིའི་ཕྱི་ཚེས་ ༢༨ ཉིན་གྱི་གཟིགས་སྐོར་མཇུག་སྒྲིལ་སྐབས་བརྙན་པར་བརྒྱུད་གསར་འགོད་ལྷན་ཚོགས་ཤིག་གནང་བར་ལྕམ་སྐུ་མཆོག་གིས་ཤིན་ཅང་ནང་གི་སྲིད་བྱུས་ཁག་དྲག་སྤྱོད་པར་གདོང་ལེན་གྱི་སྲིད་བྱུས་ཤིག་དང་དེ་བཞིན་གཞི་རྒྱ་ཆེ་བའི་དོ་དམ་བཀག་ཉར་གྱི་མཐུན་རྐྱེན་དག་ལ་ལས་རིགས་དང་ཤེས་ཡོན་སློབ་གསོའི་ལྟེ་གནས་སུ་ལུང་འདྲེན་གནང་བ་མ་ཟད། ཁོང་གིས་ཤིན་ཅང་ནང་མི་རིགས་རྩ་མེད་གཏོར་བཞིན་པའི་ཐད་རྒྱ་གཞུང་ལ་ཡོངས་གྲགས་ཐོག་ནས་སྐྱོན་བརྗོད་གནང་མེད་པ་དང་། ད་དུང་ཡུ་གུར་གཙོས་གྲགས་ཉུང་མི་རིགས་ཐོག་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་དགོས་པའི་རེ་སྐུལ་གནང་རྒྱུ་ལས་ལྡོག་ཏེ་རྒྱ་གཞུང་ལ་རྒྱལ་ཁབ་དེའི་ནང་གི་ཉམ་ཐག་ཉུང་དུ་གཏོང་ཐབས་དང་འཕྲོད་བསྟེན་གནས་བབ་ཡར་རྒྱས་གཏོང་རྒྱུར་གྲུབ་འབྲས་སོན་པར་བསྔགས་བརྗོད་གནང་ཡོད་པ་སོགས་ལུང་འདྲེན་གནང་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་ད་ཐེངས་ཀྱི་འཚམས་གཟིགས་ལ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཡུ་གུར་ལས་འགུལ་བ་རྣམས་ཧ་ལས་ཧོར་འཐོར་ནས་ཁོ་མོའི་བྱ་སྤྱོད་ལ་འཕྲལ་མར་སྐྱོན་བརྗོད་གནང་བཞིན་པའི་ཁྲོད་འདིར། ཤིན་ཅང་གི་བཀག་སྐྱིལ་ཁང་ནང་ཡོད་པའི་ཡུ་གུར་བ་ཞིག་གི་སྤུན་མཆེད་ད་ཆ་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པའི་ཕྱག་ལས་གནང་བཞིན་པ་ལྕམ་སྐུ་ Rayhan Asat ལགས་ཀྱིས་ང་ཚོར་རྒྱབ་སྐྱོར་གྱིས་རྒྱ་ནག་ལ་གདོང་ལེན་བྱ་ཐུབ་མཁན་གྱི་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་གི་འགྲེལ་བརྗོད་ལ་མཐུན་འགྱུར་གནང་ཚེ་དེས་གནོད་གཞིར་འགྲོ་ཉེན་སོགས་ཀྱི་དྲི་བ་གནང་འདུག་པ་དང་དེ་བཞིན་ཨོ་ཊ་ཝ་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ཀྱི་སློབ་དཔོན་སྐུ་ཞབས་ Fredrick John Packer ལགས་ཀྱིས་ད་ཆ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དེ་འགྲོ་བ་མིའི་ཐོབ་ཐང་ཐད་ནས་ལྷོད་གཡེང་ཚབས་ཆེན་ཕྱིན་ཡོད་པ་དང་ལྕམ་སྐུ་མཆོག་གི་སྐོར་སྐྱོད་དེའི་འཇུག་འབྲས་ལ་ཁོང་ད་ལྟའང་ཧ་ལས་ཧོན་འཐོར་ཡོད་པར་མ་ཟད་ད་ཐེངས་ཀྱི་གྱོང་གུད་ཚབས་ཆེན་འདིར་འཛམ་གླིང་སུས་ཀྱང་བློས་བཏང་ཐུབ་ཀྱི་མ་རེད་ཅེས་གསུངས་ཏེ་ཁོང་གིས་གཙོས་པའི་ཁོང་ལ་འཇིགས་རྔམ་ཅན་གྱི་ལམ་ཕྱོགས་འདིར་སྐྱོད་དགོས་པའི་ལམ་སྟོན་གནང་མཁན་འབྲེལ་ཡོད་ཀུན་ལས་གནས་ནས་རྩ་དགོངས་ཞུ་དགོས་པར་ནན་བརྗོད་གནང་འདུགཨ་རི་ནང་གི་ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པས་ལྕམ་སྐུ་ Bachellet མཆོག་ལ་ཁོང་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་རང་ཉིད་ཀྱི་ལས་འགན་དང་རྒྱལ་ཚོགས་ཀྱི་གཞི་རྩའི་ལྟ་གྲུབ་ཁག་ལ་བརྩི་མེད་བཏང་ཡོད་སྟབས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ལས་འགན་ནས་རྩ་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་འདུག

རྒྱ་ནག་གིས་བལ་ཡུལ་དུ་ལས་མི་འོར་འདྲེན་ཆེ་རྐྱེན་བལ་ཡུལ་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་མེད་པའི་ངལ་འཕྲད།

རྒྱ་ནག་གིས་བལ་ཡུལ་ཡར་རྒྱས་ཀྱི་ལས་གཞི་ལ་ཁག་དཀྲིས་ཏེ་རྒྱ་ནག་གིས་ལས་མི་མང་པོ་ཞིག་བལ་ཡུལ་དུ་འོར་འདྲེན་ཆེས་ཆེར་བྱེད་བཞིན་རྐྱེན་བལ་ཡུལ་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་མེད་པའི་དཀའ་ངལ་ཇེ་མང་འཕྲད་བཞིན་ཡོད་པ་རེད། khabar Hub གི་དྲ་གནས་ནང་འཁོད་གསལ་བལ་ཡུལ་རྒྱལ་ས་ཀཐ་མན་ཊུ་ནས་བལ་ཡུལ་ལྷོ་ཕྱོགས་ Tarai བར་རྒྱལ་ཡོངས་སྤོབས་པའི་ལས་གཞི་ National Pride Project ཟེར་བའི་ལམ་བཟོའི་འཛུགས་སྐྲུན་རྒྱ་ཆེན་པོ་བྱེད་བཞིན་ཡོད་པའི་ནང་རྒྱ་མིའི་ལས་མི་ཧ་ཅང་མང་པོ་ཡོད་པ་དང་བལ་ཡུལ་གྱི་འཕྲུལ་ལས་ལས་མི་འགའ་མ་གཏོགས་མེད་པར་མངོན་གསལ་བྱུང་ཡོད། འཛུགས་སྐྲུན་གྱི་ལས་གཞི་ནང་མཉམ་ཞུགས་ཡོད་པའི་རྒྱ་མིའི་ལས་མི་ཇི་ཙམ་ཞིག་བལ་ཡུལ་ནང་ལས་ཀའི་ཆོག་མཆན་ཐོབ་ཡོད་མེད་སྐོར་ད་ལྟ་ཤེས་རྟོགས་བྱུང་མེད་ལ། འཛུགས་སྐྲུན་གྱི་ལས་གཞི་དོ་དམ་པ་བལ་ཡུལ་དམག་སྡེ་ཕྱོགས་ནས་ཀྱང་དེ་འབྲེལ་གསལ་བཟོ་གང་ཡང་བྱེད་ཀྱི་མེད་སྐོར་བཀོད་འདུག  བལ་ཡུལ་གཞོན་སྐྱེས་གཙོས་མང་ཚོགས་རྣམས་རང་གི་རྒྱལ་ཁབ་ནང་ལས་ཀའི་གོ་སྐབས་ཆེས་དཀོན་པ་དང་། འཚོ་རྟེན་ཆེད་ཕྱིའི་རྒྱལ་ཁབ་ཁག་ཏུ་མ་འགྲོ་ཐབས་མེད་གྱུར་ཡོད་པའི་གནས་ཚུལ་ཡ་ང་བ་འཕྲད་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་དང་བལ་ཡུལ་གཉིས་དབར་མི་མཐུན་པའི་དཀའ་ངལ་ཤུགས་ཆེ་འཕྲལ་སྐབས་བལ་ཡུལ་གྱི་སྲིད་བློན་ KP Sharma Oli ཡིས་རྒྱ་ནག་ནང་ཆེད་སྐྱོད་ཀྱིས་རྒྱལ་ནང་འཛུགས་སྐྲུན་འཐབ་བྱུས་ཀྱི་ལས་གཞི་སྣ་མང་ཐོག་གྲོས་ཆོད་བཞག་ཡོད། འོན་ཀྱང་ཕྱིས་སུ་བལ་པོའི་ཕྱོགས་ནས་གྲོས་ཆོད་དེ་དག་དོན་འབྲས་སྨིན་པ་ཞིག་བྱུང་མེད་སྐོར་བརྗོད་པར་མ་ཟད་བལ་ཡུལ་འཆར་འགོད་ལྷན་ཚོགས་ཀྱི་གཙོ་འཛིན་ཟུར་པ་ Dr Jagdish Chandra Pokhrel ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གི་ངོས་ནས་ཁས་ལེན་བྱས་ཁག་བསྐྱར་བཤད་ཡང་བཤད་བྱས་པ་མ་གཏོགས་མཇུག་སྐྱོང་དང་དོན་འབྲས་སོན་པ་ཞིག་བྱེད་ཀྱི་མེད་པར་སྐྱོན་བརྗོད་དང་། བལ་ཡུལ་གཞུང་གིས་ཀྱང་དེར་གདོང་ལེན་གནང་གི་མེད་སྐོར་སོགས་གསུངས་ཡོད། གཞི་རྩའི་རྒྱལ་ཡོངས་སྤོབས་པའི་ལས་གཞི་ National Pride Project ཉེན་སྲུང་མ་འཇོག་ཐོག་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་དེའང་རྒྱ་ནག་གིས་ཉེན་སྲུང་མ་འཇོག་དེ་ཉིད་རྒྱ་ནག་གི་ཉེན་སྲུང་བསྐྱར་འཇོག་སྡེ་ཚན་ནང་ཞོག་ཤིག་ཅེས་ནན་སྐུལ་བྱས་ཡོད་པ་དང་འབྲེལ། ལམ་བཟོའི་འཛུགས་སྐྲུན་གྱི་གནད་དོན་དེ་དང་འབྲེལ་བལ་ཡུལ་ནང་གི་ཚོང་སྡེ་རྣམས་ལ་དཀའ་ངལ་འཕར་མ་འཕྲད་མུས་ཡིན་པ་མ་ཚད་པར་རྒྱ་ནག་དང་བལ་ཡུལ་དབར་འཛུགས་སྐྲུན་གྱི་ལས་གཞི་དུ་མའི་ཐོག་རྒྱ་ནག་གིས་ཁས་ལེན་བྱས་ཁག་གཞིར་བཟུང་ལས་དོན་འགོ་འཛུགས་དང་མཇུག་སྐྱོང་བྱེད་ཀྱི་མེད་པའི་ཁར་རྒྱ་ནག་གིས་གཞི་རྒྱ་ཆེ་བའི་ལས་མི་བལ་ཡུལ་དུ་འོར་འདྲེན་ཆེ་རྐྱེན་བལ་ཡུལ་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་མེད་པའི་ངལ་འཕྲད་མུས་ཡིན་པར་མངོན་གསལ་གནང་ཡོད།

རེས་གཟའ་ལྷག་པ། ༢༠༢༢།༠༦།༠༡

ཉན་པ།: Listen ཕབ་ལེན། Download བོད་རིགས་གཞོན་སྐྱེས་ཚོར་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས། ཤིན་ཅང་ནང་རྟོག་ཞིབ་ཚད་ལྡན་གནང་མ་འཇུག་པ་དེས་རྒྱ་གཞུང་གི་དངོས་ཡོད་གནས་སྟངས་སྦས་བསྐུངས། རྒྱ་གར་གཞུང་གིས་༸གོང་ས་མཆོག་ལ་སྐྱབས་བཅོལ་ཕུལ་བ་དེ་ནོར་འཁྲུལ་མིན་ཞེས་གསུངས། ཡོ་རོབ་ནང་ཁུང་རྩི་སློབ་གླིང་གི་སྟོང་ཆ་སྐོང་བའི་ཐེ་ཝན་གྱི་སློབ་གླིང་གསར་པ་འགོ་འཛུགས། བསྟན་འཛིན་ཡེ་ཤེས་ལགས་སུ་ཚན་རིག་པའི་ཆེ་བསྟོད་གཟེངས་རྟགས་ཐོབ་པ། རྒྱ་ནག་གིས་སུད་སི་དང་ལྷན་དུ་ཚོང་འབྲེལ་གྲོས་མཐུན་བསྐྱར་གསོ་བྱས་མེད། Wednesday 01/06/2022 Dalai Lama begins two day teaching for Tibetan youth at Dharamshala. China’s failure to grant full access to Bachelet highlights their determination to hide the truth: UK It was never a mistake to give asylum to HHDL in India: Shyam Saran Taiwan pushes for a Mandarin language center as China’s Confucius Institute faces closure and boycott Tibetan student Tenzin Yeshi receives the best young scientist award in Kyrgyzstan Human rights issues stall China-Swiss trade talks

བོད་རིགས་གཞོན་སྐྱེས་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་ཉིན་གྲངས་གཉིས་རིང་བསྐྱང་རྒྱུའི་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་ཡོན་ཏན་གཞིར་འགྱུར་མ། ༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་མཛད་སོང་། དེ་རིང་ཉིན་དང་པོའི་སྔ་དྲོ་ཕྱག་ཚོད་ ༦།༣༠ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་སྤོས་སྣེའི་སྤྱན་འདྲེན་ཞུས་པ་དང་། མགོན་པོ་༸གང་ཉིད་མཆོག་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་གཙོས་པའི་མང་ཚོགས་སྟོང་ཕྲག་ལྷག་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྟ་གོན་དང་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀའ་དྲིན་སྩལ་སོང་། སྐབས་དེར་༸གོང་ས་མཆོག་གིས་དྲ་རྒྱ་བརྒྱུད་བཀའ་དབང་ཞུ་མཁན་ཚོར་དབང་ཐོབ་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ་ཏེ། སྡོད་ས་ཉེ་འགྱངས་ཀྱི་ཁྱད་པར་མེད་པ་དང་དད་པ་དམ་ཚིག་ལའང་ས་མཚམས་མེད་སྟབས། ངོས་ཀྱིས་བོད་ནང་གི་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ཀྱིས་གཙོས་པའི་རྒྱ་རིགས་ནང་པ་དད་མོས་ཡོད་མཁན་ཚང་མ་ དམིགས་འོག་ཏུ་བཅུག་གི་ཡིན་ཞེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་སྩལ་བའི་ཁྲོད་བོད་ཕྲུག་ཚོའི་ངོས་ནས་ཕྱག་དཔེ་བལྟ་དགོས་གལ་ཡིན་པ་དང་དེ་ལྟར་གནང་བར་ངེས་པར་དུ་རབ་ཏུ་བྱུང་མི་དགོས། ང་ཚོ་སྟོན་པའི་རྗེས་འབྲངས་པ་ཞིག་ཡིན་སྟབས། ཕྱག་དཔེ་གཟིགས་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད་སྐོར་ལམ་སྟོན་བཀྲིན་ཆེ་བ་སྩལ་བ་དང་ཆབས་ཅིག བོད་ཕྲུག་ཚོའི་ཚད་མ་རིག་པའི་འགྲོ་སྟངས་ལ་དོ་སྣང་རྒྱ་གང་ཆེ་བྱེད་དགོས་པ་དང་། རིགས་ལམ་གྱི་ཐོག་ནས་སྐད་ཆ་བཤད་རྒྱུ་དེ་དག་ཆོས་དད་ཀྱི་སྐད་ཆ་ཞིག་མིན་པ་དང་། མཚན་ཉིད་རིགས་པའི་འགྲོ་སྟངས་ཤེས་པ་དེས་རང་ཉིད་སྒེར་གྱི་མི་ཚེལའང་ཕན་ཐོགས་ཡོད་པར་བཀའ་སྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རིགས་གཞོན་སྐྱེས་ཚོར་བཀའ་ཆོས་སྩལ་རྒྱུ་དེ་དྷ་སའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་བོད་ཁྱིམ་གཉིས་ཟུང་སྦྲེལ་གྱིས་གོ་སྒྲིག་ཞུས་པ་ཞིག་པ་ལྟར་དྷ་སའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་དེ་ལྟར་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གང་ཡིན་དང་ཐེངས་འདིའི་བཀའ་ཆོས་ཐོག་བོད་ཕྲུག་ཐོ་འགོད་གནང་མཁན་ག་ཚོད་བྱུང་ཡོད་པ་སོགས་ཀྱི་ཐོག་བཅར་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་གིས་དུས་ཀུན་ཏུ་བོད་རིགས་གཞོན་སྐྱེས་ཚོས་ནང་ཆོས་ཐོག་སློབ་སྦྱོང་བྱེད་དགོས་གལ་དང་ནང་ཆོས་ཀྱི་ཐོག་ནས་འཛ་གླིང་སྤྱིར་ཞབས་འདེགས་ཞུ་ཐུབ་པའི་ནུས་པ་ཡོད་སྐོར་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད་པ་ལྟར་ང་ཚོས་ཕྱི་ལོ་ ༢༠༠༧ ནས་བཟུང་ལོ་ལྟར་མ་ཆད་པར་༸མགོན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་བཀའ་ཆོས་བསྩལ་བ་ཞིག་ཆགས་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་ཐེངས་འདིའི་བོད་རིགས་གཞོན་སྐྱེས་རྣམས་ལ་སྩལ་བའི་བཀའ་ཆོས་འདི་ནི་ཐེངས་ ༡༥ པ་ཆགས་ཀྱི་ཡོད་པ་དང་བཀའ་ཆོས་ཞུ་བར་ཐོ་འགོད་གནང་མཁན་བོད་ཕྲུག་ ༣༠༠༠ མིན་ཙམ་བྱུང་ཡོད་པར་ངོ་སྤྲོད་གནང་ཡོད།རྩ་བའི་༸གོང་ས་མཆོག་གི་བཀའ་ཆོས་རྣམས་དུས་རྒྱུན་བཞིན་སྐད་ཡིག་སྣ་མང་ཐོག་ཐད་སྲིང་གནང་ཡོད་པ་དང་། སང་ཉིན་ཉིན་གཉིས་པའི་བཀའ་ཆོས་ཐོག་༸གོང་ས་མཆོག་གིས་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་དངོས་གཞི་སྩལ་གནང་མཛད་རྒྱུ་ཡིན་པ་རེད།  ༸གོང་མཆོག་གི་མཛད་རིམ་ལ་གཞིགས་ན། ཕྱི་ཟླ་ ༦ ཚེས་ ༡༤ བོད་ཟླ་ ༤ ཚེས་ ༡༥ ས་ག་ཟླ་བའི་དུས་ཆེན་ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། ཟླ་ ༧ ཚེས་ ༨ ནས་ཚེས་ ༡༠ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དང་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་བཞུགས་སྒར་དྷརྨ་སཱ་ལཱར་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་མ་ཟད། དེའང་ཚེས་ ༨ ཉིན་གྱི་སྔ་དྲོ་སྔོན་འགྲོའི་སྟ་གོན་གྱི་རིམ་པ་དང་ཕྱི་ཚེས་ ༩ དང་ ༡༠ ཉིན་གཉིས་རིང་དངོས་གཞིའི་བཀའ་དབང་སྩལ་གཏན་ཁེལ་ཡོད་པ་རེད། ༸སྐུ་པར་ཁག་ཅིག་གི་བདག་དབང་༸སྐུ་སྒེར་ཡིག་ཚང་།

ལྕམ་སྐུ་ Michelle མཆོག་ལ་ཤིན་ཅང་ནང་རྟོག་ཞིབ་ཚད་ལྡན་གནང་མ་འཇུག་པ་དེས་རྒྱ་གཞུང་གི་དངོས་ཡོད་གནས་སྟངས་སྦས་བསྐུངས་ཀྱི་ཐབས་ཤེས་མངོན་གསལ།

དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་ཤིན་ཅང་ནང་རང་དབང་གི་རྟོག་ཞིབ་ཚད་ལྡན་གནང་མ་འཇུག་པ་དེས་ཡུལ་དེའི་དངོས་ཡོད་གནས་སྟངས་སྦས་བསྐུངས་ཀྱི་ཐབས་ཤེས་ཁོ་ན་ཡིན་པར་མངོན་གསལ་གནང་འདུགཁ་ཉིན་དབྱིན་ཡུལ་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གཞུང་འབྲེལ་གྱི་དྲ་གནས་ཐོག་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བར་དབྱིན་ཡུལ་གཙོས་རྒྱལ་སྤྱིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་ཡུན་རིང་འབོད་སྐུལ་ཞུས་མུས་ལ་ལྟོས་མེད་རྒྱ་གཞུང་གིས་ལྕམ་སྐུ་ Michelle bachelet མཆོག་གི་ད་ཐེངས་ཀྱི་འཚམས་གཟིགས་འདིར་དམ་དྲག་གིས་ཤིན་ཅང་ནང་རང་དབང་གི་རྟོག་ཞིབ་ཚད་ལྡན་གནང་མ་འཇུག་པ་དེས་རྒྱ་ནག་ནང་གི་དངོས་ཡོད་གནས་སྟངས་སྦས་བསྐུངས་ཀྱི་ཐབས་ཤེས་ཡིན་པར་སྐྱོན་བརྗོད་གནང་བ་དང་འབྲེལ་ཏེ་དབྱིན་ཡུལ་གཞུང་ནས་མུ་མཐུད་དེ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་མཉམ་ལས་གནང་ཐོག་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་འཕྲལ་དུ་མཚམས་འཇོག་གིས་དྲང་བདེན་མིན་པར་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ཀློད་བགྲོལ་གཏོང་དགོས་པ་དང་། ལྷག་དོན་གཙོ་འཛིན་ Bachelet མཆོག་གི་ངོས་ནས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་སྙན་ཐོ་འདོན་སྤེལ་གནང་རྒྱུ་ཞལ་བཞེས་གནང་བ་དེ་འགོར་འགྱངས་མེད་པར་འདོན་སྤེལ་གནང་སྟེ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཡིན་པར་བསྐྱར་བཤད་གནང་འདུགརྩ་བའི་ལྕམ་སྐུ་ Michelle མཆོག་གི་ཤིན་ཅང་གཙོས་རྒྱ་ནག་ནང་གི་འཚམས་གཟིགས་ཀྱི་མཇུག་འབྲས་ལ་བོད་མིའི་ཚོགས་སྡེ་ཁག་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་ཁག་དང་རྒྱལ་སྤྱིའི་རྒྱལ་ཁབ་མང་དག་ཅིག་གིས་སྐྱོན་བརྗོད་དང་བློ་ཕམ་གྱི་རྣམ་པ་ཆེད་བཏོན་གནང་ཡོད་པ་མ་ཟད་ཨ་རི་གཞུང་གིས་ཀྱང་སེམས་འཚབ་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་གཞུང་ནས་ལྕམ་སྐུ་ཁོང་གི་འཚམས་གཟིགས་ལ་དམ་དྲག་གིས་ཤིན་ཅང་ནང་གི་འགྲོ་བ་མིའི་རིགས་རྩ་མེད་གཏོང་བཞིན་པའི་ཐད་རང་དབང་གི་རྟོག་ཞིབ་ཚད་ལྡན་གནང་རྒྱུར་གཡོ་ཐབས་བྱས་པར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Zhao Lijian ཡིས་ཨ་རིར་སྐྱོན་བརྗོད་ཀྱིས་ལན་འདེབས་དང་སྦྲགས་ཏེ་གཙོ་འཛིན་ Michelle མཆོག་ལ་ད་ཆ་རྒྱལ་ཚོགས་ནས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་རྒྱ་གཞུང་ལ་ཁ་རྡུང་གཏང་རྒྱུའི་ཚབ་ཏུ་ཨ་རི་ནང་གི་མེ་མདའི་དོན་རྐྱེན་ཐད་དོ་སྣང་ཆེ་ཙམ་གནང་སྟེ་རྟོག་ཞིབ་གནང་དགོས་པའི་ཟུར་ཟ་གནང་བ་མ་ཟད། ཨ་རི་གཞུང་དེ་འཇོན་ཐང་མེད་ཁར་དཀའ་ངལ་ཁག་སེལ་རྒྱུར་དོ་སྣང་དང་སྙིང་སྟོབས། དེ་བཞིན་སྐུལ་སློང་མེད་པ་གཅིག་མཚུངས་ཡིན་སྐོར་བཤད་དེ་ཨ་རི་རྒྱལ་ནང་གི་གནད་དོན་དག་གིས་ཕྱིའི་རྒྱལ་ཁབ་ཁག་ལ་སྡང་ཟུག་གི་བློ་དེ་འཕེལ་རྒྱུར་ནུས་ཤུགས་ཆེ་རུ་གཏོང་ཡོད་པའི་སྐྱོན་བརྗོད་བྱས་འདུག

ཡོ་རོབ་ནང་ཁུང་ཙི་སློབ་གླིང་གི་སྟོང་ཆ་སྐོང་བའི་ཐེ་ཝན་གྱི་སློབ་གླིང་གསར་པ་འགོ་འཛུགས།

ཡོ་རོབ་ནང་རྒྱ་ནག་དམར་ཤོག་གཞུང་གི་ཤུགས་རྐྱེན་ཐད་དོགས་ཟོན་ཆེས་ཆེར་འགྲོ་བཞིན་པའི་ཁྲོད་རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་ཚབ་ཏུ་ཐེ་ཝན་གཞུང་གིས་གཉེར་བའི་སློབ་གླིང་བརྒྱུད་རྒྱ་ཡིག་ལ་སློབ་གཉེར་བྱ་རྒྱུའི་འདམ་ག་གསར་པ་ཞིག་སྐྲུན་བཞིན་འདུགAsia Nikkei གསར་ཁང་གིས་གནས་ཚུལ་སྤེལ་བར་ཐེ་ཝན་གཞུང་གིས་ཇར་མ་ནིའི་རྒྱལ་ས་ Berlin ནང་ Taiwan Center for Mandarin Learning ཞེས་རྒྱ་ཡིག་སློབ་གཉེར་བྱ་ས་ཞིག་འགོ་འཛུགས་གནང་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་པ་དང་དེ་ནི་ཇར་མ་ནིའི་གྲོང་ཁྱེར་ Hamburg དང་ Heidelberg རྗེས་སུ་ཡུལ་དེའི་ནང་རྒྱ་ཡིག་སློབ་གཉེར་བྱ་སའི་བསྟི་གནས་དེ་ལྟ་བུ་ཞིག་བསྐྲུན་པ་ཐེངས་གསུམ་དེ་ཆགས་ཀྱི་ཡོད་པ་རེད། སྤྱིར་འཇར་མ་ནིའི་གྲོང་ཁྱེར་ Dusseldorf དང་ Hamburg  དེ་བཞིན་ Ingolstadt སོགས་ཀྱི་ནང་དེ་སྔ་རྒྱ་ནག་གི་ཁུང་ཙི་སློབ་གླིང་ལ་འབྲེལ་བ་ཡོད་པའམ་རྒྱ་ནག་གཞུང་གིས་བཀོད་སྒྲིག་བྱས་པའི་བསླབ་གཞི་ལག་བསྟར་བྱེད་མཁན་གྱི་གཙུག་ལག་སློབ་གྲྭ་དང་ཤེས་ཡོན་སྡེ་ཁག་མང་དག་ཅིག་གིས་རྒྱ་ནག་གི་ཆབ་སྲིད་ལ་སྤྱོད་པའི་གཡོ་སྒྱུ་ལྡན་པའི་ཁུང་ཙི་སློབ་གླིང་དང་འབྲེལ་ལམ་བཅད་པའི་གནད་དོན་རིམ་པར་འབྱུང་བཞིན་ཡོད་པ་རེད། ཐེ་ཝན་གཞུང་གིས་གཉེར་བའི་ Taiwan Center for Mandarin Learning  ཞེས་པའི་བསྟི་གནས་ནང་ཐེ་ཝན་དང་ཡང་ན་ཕྱི་སྡོད་རྒྱ་རིགས་མ་གཏོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། Macao དེ་བཞིན་ཧོང་ཀོང་བཅས་ཀྱི་ཕྱི་སྐྱོད་ལག་འཁྱེར་སྤྱོད་མཁན་གྱི་དགེ་རྒན་རིགས་བཞག་གི་མེད་པ་མ་ཚད་པར་སློབ་ཕྲུག་ཚོ་ལའང་རྒྱ་ནག་སྐམ་སའི་ནང་སྤྱོད་པའི་ Simplified Chinese ཞེས་པའི་རྒྱ་ཡིག་མིན་པར་རྒྱུན་དུ་ཐེ་ཝན་དང་ཧོང་ཀོང་སོགས་ཀྱི་ནང་སྤྱོད་བཞིན་པའི་གནའ་བོའི་རིག་གཞུང་ཀྱི་ཁྱད་ཆོས་ལྡན་པའི་རྒྱ་ཡིག་སློབ་ཁྲིད་བྱ་རྒྱུ་ཡིན་སྐོར་བཀོད་འདུགགཞི་རྩའི་རྒྱ་ནག་གི་ཁུང་ཙི་སློབ་གླིང་ནི་ཐོག་མར་ Hanbanདང་རྗེས་སུ་ CIEF ཞེས་པའི་མཐུན་འགྱུར་འོག་གཙོ་བོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐད་ཀར་སྟངས་འཛིན་འོག་གཉེར་བའི་སྐད་རིགས་བརྗེ་ལེན་བྱ་སའི་སློབ་གླིང་ཞིག་ཡིན་ཞེས་ཟེར་ནས་ ༢༠༡༩ ནས་བཟུང་རྒྱལ་ཁབ་ ༡༦༢ ནང་སློབ་གླིང་ ༥༥༠ ཆེད་འཛུགས་དང་ལྷག་དོན་ཡོ་རོབ་རྒྱལ་ཁབ་ ༤༡ ནང་ཁུང་རྩི་སློབ་གླིང་ ༡༨༧ ཆེད་འཛུགས་བྱས་ཡོད་པ་རེད། འོན་ཏང་རྒྱ་ནག་གཞུང་གིས་སློབ་གླིང་དེ་དག་བརྒྱུད་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཁྱབ་སྤེལ་དང་རྒྱལ་སྤྱིའི་སྟེང་དུ་རྒྱ་ནག་དང་འབྲེལ་བའི་ཚོར་བ་རྣོ་བའི་གནད་དོན་ཁག་ལ་གླེང་སློང་བྱ་རྒྱུར་འགོག་རྐྱེན་བཟོ་ཐབས་བྱས་པ། དེ་བཞིན་རྒྱལ་ཁབ་ཀྱི་གསར་གནས་རྐུ་འཁྱེར་སོགས་ཀྱི་གནད་དོན་རིམ་པ་བྱུང་ཡོད་པ་དང་། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་དགོས་པའི་ཞུ་གཏུག་དང་ངོ་རྒོལ་དུ་མ་གནང་དོན་ལྟར། ཕྱི་ལོ་ ༢༠༡༩ ལོར་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཁག་གིས་ཁུ་རྩི་སློབ་གླིང་དང་འབྲེལ་བ་ཡོངས་སུ་མཚམས་འཇོག་གནང་ཡོད་པར་མ་ཟད། ཡོ་རབ་རྒྱལ་ཁབ་བྷེལ་འཇམ་དང་སུད་ཌེན། ཨོ་སི་ཊོ་ལི་ཡ། སི་པཱེན་ལ་སོགས་པས་རྒྱ་ནག་གིས་སློབ་གླིང་དེ་དང་འབྲེལ་ཐག་བཅད་པའི་གནས་ཚུལ་རབ་དང་རིམ་པ་ཐོན་ཡོད།ཐེ་ཝན་གཞུང་གིས་ཉེ་བའི་ལོ་ཤས་ནས་རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་སྟོང་ཆ་སྐོང་བའི་ཐོག་ཡོ་རོབ་དང་ཨ་རི་ནང་རྒྱ་ཡིག་སློབ་གཉེར་བྱ་ཡུལ་སློབ་གླིང་ ༤༥ ཙམ་སྒོ་འབྱེད་བྱས་ཡོད་པའི་ཁྲོད་ཨ་རི་ཁོ་ནར་སློབ་གླིང་ ༣༥ ཙམ་ཡོད་པ་རེད། OCAC ཞེས་ཐེ་ཝན་གྱི་ཕྱིར་སྡོད་སྤྱི་ཚོགས་ཀྱི་ལས་དོན་ལྷན་ཚོགས་ཀྱིས་འགྲེལ་བརྗོད་གནང་དོན་ལྟར་ན་འཇར་མ་ནིའི་རྒྱལ་ས་ Berlin ཁུལ་དུ་ད་རེས་རྒྱ་ཡིག་སློབ་གཉེར་བྱ་ཡུལ་བསྟི་གནས་ཁང་དབུ་འཛུགས་དང་འབྲེལ་རིམ་པས་ལོ་འདིའི་ནང་ཡོ་རོབ་རྒྱལ་ཁབ་ Spain དང་ Italy དེ་བཞིན་ Croatia ཁུལ་དུའང་འདི་ལྟ་བུའི་རྒྱ་ཡིག་སློབ་གཉེར་བྱ་སའི་བསྟི་གནས་ཁང་བརྒྱད་ཙམ་ཆེད་འཛུགས་གནང་རྒྱུ་མ་ཟད། ཡོ་རོབ་རྒྱལ་ཁབ་ཁྱོན་ལ་རིམ་བཞིན་ཆེད་འཛུགས་ཇེ་མང་གནང་རྒྱུ་ཡིན་པར་གསུངས་འདུག

བསྟན་འཛིན་ཡེ་ཤེས་ལགས་སུ་ཚན་རིག་པའི་ཆེས་བསྟོད་གཟེངས་རྟགས་ཐོབ་འདུག

ཟླ་བ་འདིའི་ཕྱི་ཚེས་ ༡༨ ཉིན་བོད་པའི་སློབ་མ་བསྟན་འཛིན་ཡེ་ཤེས་ལགས་སུ་ཨེ་ཤ་ཡའི་སྨན་གྱི་སློབ་གཉེར་ཁང་གི་ཕྱི་ལོ་ ༢༠༢༢ ལོའི་ན་གཞོན་ཚན་རིག་པའི་རྩེད་ཕུད་ཀྱི་ཆེ་བསྟོད་གཟེངས་བསྟོད་ཐོབ་འདུགབོད་མི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། kyrgyzstan གྱི་གྲོང་ཁྱེར་ Bishkek ནང་དུ་ཡོད་པའི་ཨེ་ཤ་ཡའི་སྨན་གྱི་སློབ་གཉེར་ཁང་དུ་སློབ་སྦྱོང་གནང་བཞིན་པ་བོད་པའི་གཞོན་སྐྱེས་བསྟན་འཛིན་ཡེ་ཤེས་ལགས་སུ་ཕྱི་ལོ་ ༢༠༢༢ ལོའི་ན་གཞོན་ཚན་རིག་པའི་རྩེད་ཕུད་གཟེངས་རྟགས་ཐོབ་ཡོད་པ་རེད། བསྟན་འཛིན་ཡེ་ཤེས་ལགས་དེ་སྔ་སུ་ཇཱ་བོད་ཁྱིམ་ནས་གཞི་རིམ་སློབ་སྦྱོང་གནང་རྗེས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་ཁྱིམ་ནས་འབྲིང་རིམ་གོང་མའི་སློབ་སྦྱོང་མཐར་ཕྱིན་དང་། རིམ་པས་ཀིརྒིསྟཱན་ནང་གི་ཨེ་ཤ་ཡའི་སྨན་གྱི་སློབ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས་སློབ་གཉེར་ལེགས་པོ་གནང་འབྲས་སུ་དེ་སྔ་ཕྱི་ལོ་ ༢༠༢༡ ལོའི་ཉམས་ཞིབ་སློབ་མ་རྩེད་ཕུད་ཀྱི་གཟེངས་རྟགས་ཀྱང་ཐོབ་མྱོང་ཡོད་པ་རེད།དེ་སྔ་ཁོང་སློབ་གྲྭར་འགྲིམས་སྐབས་ཕྱི་ལོ་ ༢༠༡༤ ནས་ ༢༠༡༦ བར་བོད་ཡིག་རྩོམ་སྒྲིག་པའི་འགན་ཁུར་མྱོང་ཡོད་ལ། སྦེལ་ཀོབ་བོད་ཁྱིམ་སློབ་ཕྲུག་ཚོགས་པའི་ཚོགས་མི་ཀྱང་བྱས་མྱོང་ཡོད་པ་རེད། ཕྱི་ལོ་ ༢༠༡༥ ལོར་འཛིན་རིམ་བཅུ་གཉིས་སྐབས་རྒྱལ་ཡོངས་བོད་ཡིག་རྩོམ་ཡིག་འགྲན་བསྡུར་ནང་མཉམ་ཞུགས་ཀྱིས་ཨང་རིམ་དང་པོ་དང་ཕྱི་ལོ་ ༢༠༢༠ ལོར་ཨ་རིར་གཏན་གཞིར་བྱས་པའི་ཧར་ཝཊ་གཙུག་ལག་སློབ་ཁང་གི་སྨན་དཔྱད་སྡེ་ཚན་ནས་སྨན་སྦྱོར་རིག་པ་དང་། ནད་རིགས་སྔོན་འགོག་རིག་པའི་ཐོག་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་བཞེས་གནང་འདུག འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གོ་སྒྲིག་ཞུས་པའི་ལས་གཞི་སྣ་མང་ནང་མཉམ་ཞུགས་ཀྱིས་ཚན་རིག་དང་སྨན་དཔྱད་རིག་པའི་ཐོག་ཞབས་འདེགས་ཧུར་བསྐྱེད་ཞུས་པས་འཛམ་གླིང་འཕྲེད་བསྟེན་ལྷན་ཚོགས་ཀྱིས་ཁོང་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་མང་པོ་གནང་ཡོད།གཞི་རྩའི་གཟེངས་རྟགས་དེ་ནི་རྒྱལ་ཁབ་མང་པོའི་མཐོ་སློབ་དབར་ཉམས་ཞིབ་པའི་གྲུབ་འབྲས་ཆེས་རྩེད་ཕུད་སོན་པར་ཆེ་བསྟོད་གནང་གི་ཡོད་པ་དང་།ད་ལྟའི་ཆར་ཨེ་ཤ་ཡའི་སྨན་གྱི་སློབ་གཉེར་ཁང་དུ་སློབ་གཉེར་གནང་བཞིན་པ་བོད་པའི་སློབ་མ་བསྟན་འཛིན་ཡེ་ཤེས་ལགས་ནི་ལྟ་གྲུབ་སྡེ་ཚན་གྱི་རྒྱབ་ལྗོངས་ལས་གཟེངས་རྟགས་དེ་ཐོབ་པ་ཞིག་ཆགས་ཀྱི་འདུག་པ་དང་། མཐོ་སློབ་ནང་ལོ་བསྟུད་མར་ཨང་རིམ་རྩེར་སོན་གྱིས་ཀུན་གྱི་མིག་དཔེར་འོས་པའི་སློབ་མ་ཞིག་ལ་ངོས་འཛིན་གནང་གི་འདུག

Latest news