Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: July, 2022

བོད་པའི་བེུད་ཅིག་ལ་མེ་བརྒྱབ་པར་བརྟེན་བོད་མིའི་སྤྱི་ཚོགས་ཁྲོད་དུ་གླེང་སློང་ཤུགས་ཆེ་གནང་བཞིན་པ།

ཁེ་ན་ཌའི་ཊོ་རོན་ཊོ་གྲོང་ཁྱེར་ནང་བསྟན་འཛིན་ནོར་བུ་ཟེར་བས་རང་ལོ་ ༢༨ ལ་སོན་པའི་བུ་མོ་ཉི་མ་སྒྲོལ་མ་ལགས་ལ་མེ་བརྒྱབ་རྐྱེན་ཁོ་མོ་ཉེ་ལམ་འདས་གྲོངས་སུ་སོང་བའི་གནས་ཚུལ་བྱུང་བ་ལྟར་ད་ཆ་སྤྱི་ཚོགས་དྲྭ་ལམ་ཐོག་བོད་མི་མང་དག་ཅིག་ནས་གནས་ཚུལ་དེའི་ཐོག་བློ་འཚབ་ཤུགས་ཆེ་དང་ཁོང་གི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་ཆབས་ཅིག བེུད་ལ་དྲག་སྤྱོད་དང་བསམ་བློའི་འཕྲོད་བསྟེན་དང་འབྲེལ་བའི་གནད་དོན་ཐོག་དོ་སྣང་དང་བགྲོ་གླེང་མང་ཙམ་དགོས་པའི་བསམ་ཚུལ་འདོན་མཁན་མང་དག་ཅིག་འདུགཉེ་ལམ་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་གྱི་ཉིན་དགུང་ཕྱག་ཚོད་ ༡༢་༢༥ ཡོལ་ཙམ་ལ་ཊོ་རོན་ཊོའི་ཀིཔ་གླིང་རླངས་འཁོར་འབབ་ཚུགས་སུ་ཉི་མ་སྒྲོལ་མ་ལགས་སུ་མེ་སྐྱོན་གྱི་དོན་རྐྱེན་བྱུང་འཕྲལ་དུ་མྱུར་སྐྱོབ་པས་ཁོང་ Sunnybrook Health Sciences Centre ཞེས་པའི་སྨན་ཁང་དུ་མྱུར་ཁྲིད་ཀྱིས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་བྱུང་བར་ཟླ་བ་འདིའི་ཚེས་ ༥ ཉིན་རྐྱེན་འདས་གྲོངས་སུ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་ཡོད་པ་རེད།དོན་རྐྱེན་དེ་བྱུང་འཕྲལ་ས་གནས་ཉེན་རྟོག་པས་རང་ལོ་ ༣༣ ཡིན་པའི་བསྟན་འཛིན་ནོར་བུ་ཞེས་པ་དེ་འཛིན་བཟུང་གིས་ཁྲིམས་འགལ་གྱི་བྱ་སྤྱོད་དེར་ཉེས་ཆད་དང་ཡོང་འགྱུར་ཕྱི་ཟླ་ ༧ ཚེས་ ༡༨ ཉིན་ཁྲིམས་ཁང་དུ་ཁྲིམས་ཆད་གཏང་རྒྱུ་ཡིན་པ་དང་། ཊོ་རོན་ཊོ་ཉེན་རྟོག་པའི་མགྲིན་ཚབ་པས་གནས་ཚུལ་དེ་མི་གསོད་གནས་ཚུལ་རྟོག་ཞིབ་པ་ Homicide Unit ཞེས་པར་རྩིས་སྤྲོད་བྱས་ཡོད་པ་བཞིན་རིམ་པས་ཁོང་རྣམས་ཀྱིས་ཐག་གཅོད་གནང་གི་ཡོད་སྐོར་གསུངས་པ་ལས། ད་ལྟའི་ཆར་བསྟན་འཛིན་ནོར་བུ་ཞེས་པ་དེའི་རྒྱབ་ལྗོངས་ལོ་རྒྱུས་སོགས་ཀྱི་སྐོར་ལ་གནས་ཚུལ་ཁ་གསལ་གང་ཡང་བཀོད་མི་འདུགཨོན་ཊ་རོ་ས་གནས་བོད་ཀྱི་བུད་མེད་ཚོགས་པ་ནས་ཕྱི་ཟླ་ ༧ ཚེས་ ༧ ཉིན་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། དོན་རྐྱེན་དེའི་ཁྲོད་ཤུལ་ལུས་ནང་མི་དང་དགའ་ཉེ་ཚང་མར་གདུང་སེམས་མཉམ་བསྐྱེད་ཞུས་པ་མ་ཟད། དེ་ལྟ་བུའི་རྩུབ་སྤྱོད་ནི་ཆེས་མི་འོས་པ་ཞིག་ཡིན་པ་དང་། གནད་དོན་དེའི་རྐྱེན་པས་ང་ཚོའི་སྤྱི་ཚོགས་ནང་ཕོ་མོའི་དབྱེ་འབྱེད་དང་དྲག་སྤྱོད་འགོག་ཐབས་ཐད་སློབ་སྟོན་གནང་དགོས་པའི་ཐོག་སྤྱི་ཚོགས་ནང་བུད་མེད་ལ་དྲག་སྤྱོད་དང་རྩུབ་སྤྱོད་སོགས་འགོག་པར་ནུས་པ་མཉམ་སྤུངས་ཐོག་ནས་ལས་དོན་གནང་དགོས་པར་གཞེན་སྐུལ་གནང་འདུག དེ་བཞིན་ཨོན་ཊ་རོ་ས་གནས་བོད་ཀྱི་བུད་མེད་ཚོགས་པ་ནས་ཤེས་ཡོན་དང་སྣེ་ཁྲིད། དེ་བཞིན་སྤྱི་ཚོགས་ཀྱི་བྱེད་སྒོ་སོགས་ཀྱི་བརྒྱུད་ནས་ཕོ་མོ་དབྱེ་འབྱེད་ཀྱི་གནད་དོན་འགོག་ཐབས་བྱ་རྒྱུ་ཡིན་པ་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུགཁེ་ན་ཌའི་ཨོན་ཊ་རོ་མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་ཀྱང་རང་གི་ངོ་དེབ་ཐོག་བསྒྲགས་གཏམ་སྤེལ་བའི་ནང་འདས་པོ་དེ་ཉིད་ལ་བསྔོ་སྨོན་དང་ཤུལ་ལུས་ནང་མིར་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་འབྲེལ། ད་ལྟའི་ཆར་ཉེན་རྟོག་པས་ཕྱིར་བསྒྲགས་བྱས་པ་ལས་གཞན་པའི་གནས་ཚུལ་ཞིབ་ཕྲ་རྟོགས་དཀའ་རུང་། ཉི་མ་སྒྲོལ་མ་ལགས་རྐྱེན་འདས་སུ་ཕྱིན་པ་དེས་བེུད་ལ་དྲག་སྤྱོད་དང་བསམ་བློའི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་ཐོག་སེམས་འཚབ་ཞིག་ཡོད་སྐོར་གསུངས་འདུག སྤྱིར་སྤྱི་ཚོགས་ནང་དབྱེ་འབྱེད་ནང་ཚུད་པའི་མི་རིགས་དང་ཕྱིའི་རྒྱལ་ཁབ་ནས་གཞིས་སྤོ་བྱས་པའི་མི་རིགས་ཁྲོད་བསམ་བློའི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པས་དེ་དག་ལ་རྒྱབ་སྐྱོར་དང་ལྟ་རྟོག་བྱེད་དགོས་གལ་ཡིན་པ་དང་། ཁོང་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་ཀྱང་གནད་དོན་དེའི་ཐོག་དོ་སྣང་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུགགཞི་རྩའི་ཊོ་རོན་ཊོ་ཉེན་རྟོག་པའི་མགྲིན་ཚབ་པ་ Alex Li ལགས་ཀྱིས་དོན་རྐྱེན་དེ་མ་བྱུང་གོང་ཁོང་གཉིས་དབར་ལབ་གླེང་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་ཀྱང་། ཕྱིས་སུ་རྟོག་ཞིབ་བརྒྱུད་ཁོང་གཉིས་དབར་འབྲེལ་བ་གང་ཡང་མེད་པའི་གནས་ཚུལ་ར་སྤྲོད་བྱུང་ཡོད་ཚུལ་འཁོད་འདུག གནས་ཚུལ་དེ་བཙན་བྱོལ་བོད་མིའི་ཁྲོད་དུ་ཁྱབ་བསྒྲགས་ཇེ་ཆེར་འགྲོ་བཞིན་པ་དང་བསྟུན། སྤྱི་ཚོགས་དྲྭ་རྒྱའི་ནང་བོད་མི་ཁག་གཅིག་གིས་དེ་ལྟ་བུའི་གནས་ཚུལ་དེ་ཡོང་དགོས་པའི་རྒྱབ་ལྗོངས་དང་རྒྱུ་མཚན། ལྷག་པར་བེུད་ཐོག་རྩུབ་སྤྱོད་དང་བསམ་བློའི་འཕྲོད་བསྟེན་སྐོར་ལ་ཡོངས་གྲགས་ཀྱིས་གྲོས་བསྡུར་དང་བགྲོ་གླེང་མང་ཙམ་དགོས་པའི་བསམ་ཚུལ་ཤུགས་ཆེར་འདོན་བཞིན་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དོ་སྣང་དགོས་པའི་དགོས་འདུན་གནང་མཁན་ཡང་འདུག ཤེས་རྟོགས་བྱུང་བར་རེས་གཟའ་པ་སངས་ཉིན་འདས་པོ་ཁོང་གི་སྐུ་ཕུང་བཞུགས་འབུལ་གནང་གི་ཡོད་པ་དང་ཨོན་ཊ་རོ་བོད་རིགས་ཚོགས་པའི་ངོས་ནས་བོད་མི་ཡོངས་ལ་དེ་འབྲེལ་ཐུགས་སྨོན་གནང་བའི་འབོད་སྐུལ་ཞུས་འདུག

རེས་གཟའ་ལྷག་པ། ༢༠༢༢།༠༧།༡༣

ཉན་པ།: Listen ཕབ་ལེན། Download བོད་པའི་བེུད་ཞིག་མེ་བརྒྱབ་ནས་འདས་གྲོངས་གྱུར་བར་བོད་མིའི་སྤྱི་ཚོགས་ཁྲོད་བློ་འཚབ་དང་་བགྲོ་གླེང་ཤུགས་ཆེ་གནང་བཞིན་པ། ལྷག་དཀར་གྱི་དམིགས་བསལ་ལས་རིམ། བོད་ཀྱི་སྒོར་གཞས་སློབ་སྟོན་པ་གཉིས་དང་གླེང་མོལ། བོད་ཟླ་ ༥ ཚེས་ ༡༥ སྟེ་འཛམ་གླིང་སྤྱི་བསངས་ཀྱི་ངོ་སྤྲོད། Wednesday 13/07/2022 Tibetan netizens express grief and anger over death of woman set on fire in Toronto Lhakar Special: In conversation with two ‘Gorshey’ instructors Zamling Chisang, Universal Prayer Day explained

རེས་གཟའ་མིག་དམར། ༢༠༢༢།༠༧།༡༢

ཉན་པ།: Listen ཕབ་ལེན། Download སྲིད་སྐྱོང་མཆོག་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ། སྲོང་བཙན་སློབ་གྲྭའི་སློབ་ཕྲུག་ཚོ་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་མཉམ་ཞུགས་གནང་ཐུབ་པ། Wimbledon རྩེད་འགྲན་སྐབས་ Peng Shuai ལགས་གང་དུ་ཡོད་དམ་ཞེས་ངོ་རྒོལ། ཨ་རྒྱ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་མཇལ་འཕྲད་སྐབས་བོད་སོགས་ཀྱི་གནད་དོན་གླེང་བ། གླུ་གཞས་ལས་རིམ། བསོད་བཀྲ་ལགས་ཀྱིས་བླངས་པའི་ཅིའི་ཕྱིར། Tuesday 12/07/2022 Sikyong embarks on a official visit to Delhi Nepal’s police stops Songtsen school’s staff and students from celebrating HHDL birthday, before relenting Activist stages ‘where is Peng Shuai’ demonstration at Wimbledon Championship U.S SecState Blinken raises concern about Tibet with Chinese counterpart Music feature: Tell me why by Sota

སྲིད་སྐྱོང་མཆོག་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དེ་རིང་ཕྱི་ཚེས་ ༡༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་སླད་ཕེབས་ཐོན་གནང་འདུགགནས་ཚུལ་ཤེས་རྟོགས་བྱུང་བར་སྲིད་སྐྱོང་མཆོག་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༦ བར་ལྡི་ལིར་གནད་ཡོད་མི་སྣ་མཇལ་འཕྲད་དང་ལྡི་ལིར་གནས་བཞུགས་བོད་མི་ཚོ་དང་མཇལ་འཕྲད་གནང་གི་འདུག གཞི་རྩའི་སྲིད་སྐྱོང་མཆོག་ཉེ་ལམ་ཧི་མཱ་ཅལ་མངའ་སྡེ་ནང་རྟེན་གཞི་བྱས་པའི་གདན་ས་༸དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་དང་སྦིར། ཅོན་ཏཱ་ར་ཁྱབ་ཁོངས་དགོན་སྡེ་ཁག་དང་སློབ་གྲྭ། ས་གནས་ཀྱི་འཕྲོད་བསྟེན་སྨན་ཁང་སོགས་སུ་འཚམས་གཟིགས་ཀྱིས་མང་ཚོགས་དང་མཇལ་འཕྲད་གནང་སྟེ་གསུང་བཤད་གནང་ཡོད།སྦིར་དང་ཅོན་ཏཱ་ར་ཁུལ་གྱི་མཛད་འཆར་ཐོག་མར་སྲིད་སྐྱོང་མཆོག་ནས་ཟླ་ ༧ ཚེས་ ༧ ཉིན་སྦིར་ཉེ་འདབས་སུ་ཆགས་པའི་གདན་ས་༸དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་འབྱོར་གྱིས་ཀཱན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་ཞུས་ཏེ་ཤེས་རབ་གླིང་གི་རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ་གྱི་སྐབས་དང་པོའི་སྨན་རྩིས་སློབ་གཉེར་བ་རྣམས་སློབ་ཐོན་དང་། ཉམས་གསོག བསྙེན་མཚམས་བཅས་ཡོངས་སུ་ལེགས་པར་གྲུབ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ཡོད་པ་མ་ཟད། དེ་རྗེས་མཛད་སྒོར་ཕེབས་པའི་སྐུ་མགྲོན་ལྷན་རྒྱས་དང་ལྷན་རིག་གནས་མཐོ་སློབ་ཀྱི་སྡེ་ཚན་སྨན་གྱི་ལྡུམ་ར་དང་། བརྟག་དཔྱད་སྨན་ཁང་། འཇམ་དཔྱད་ཁང་། འགྲེམས་སྟོན་ཁང་། བཟོ་རིག མཐོ་སློབ་ཀྱི་ཡིག་ཚང་། སྨན་སྦྱོར་ཁང་བཅས་ལ་གཟིགས་སྐོར་གནང་ཡོད། དེ་བཞིན་སྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༨ ཉིན་སྦིར་སྡེ་དགེ་དང་སྦིར་བོད་ཚོགས་ཀྱི་ས་གནས་མང་ཚོགས་ལ་གསུང་བཤད་གནང་བའི་ཁྲོད་བོད་མི་མང་ཚོགས་ཀྱིས་བོད་ཀྱི་ལོ་རྒྱུས་གནས་བབ་སྤྱི་དང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། དེ་བཞིན་༸གོང་ས་མཆོག་གི་བཀའ་སློབ་ཕེབས་ཁག་ལ་སློབ་སྦྱོང་གནང་གལ་དང་། ཁྲིམས་དང་སྒྲིག་གཞིའི་སྐོར་སློབ་སྦྱོང་གནང་དགོས་སྐོར་གསུངས་ཡོད་པར་མ་ཟད། མི་འབོར་གྲངས་བཤེར་སོགས་ཀྱི་སྐོར་འགྲེལ་བརྗོད་དང་འབྲེལ་ཏེ། བོད་མི་ནང་ཁུལ་མཐུན་སྒྲིལ་གནང་བའི་དགེ་མཚན་ཇི་ཡོད་སྐོར་གསུངས་པ་དང་ཆབས་ཅིག མང་ཚོགས་ཀྱི་བཀའ་འདྲི་ཞུས་པ་ཁག་ལ་བཀའ་ལན་གནང་ཡོད་པ་རེད།ཕྱི་ཚེས་ ༩ ཉིན་སྲིད་སྐྱོང་མཆོག་གིས་ཅོན་ཏཱ་ར་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་དང་ཅོན་ཏཱ་ར་སཾ་བྷོ་ཊ་སློབ་གྲྭའི་དགེ་ལས་སློབ་ཕྲུག ཅོན་ཏཱ་ར་ནང་ཆེན་གཞིས་ཆགས་ཀྱི་མི་མང་སོགས་ལ་གསུང་བཤད་གནང་བར་བོད་ཀྱི་ལོ་རྒྱུས་གནས་བབ་ཤེས་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་ལྷག་པར་གཞོན་སྐྱེས་རྣམས་ཀྱི་ངོས་ནས་བོད་ཀྱི་མི་རབས་རྒན་པ་རྣམས་ཀྱིས་སྐུ་ལས་བསྐྱོན་གནང་ཡོད་པ་དེ་དག་བཀའ་དྲིན་རྗེས་སུ་དྲན་དགོས་གལ་ཡིན་སྐོར་གསུངས་ཡོད་ལ།  དེ་བཞིན་བོད་མི་རྣམས་ནས་དགོས་མེད་ཀྱི་སྲང་ལམ་ཁྲོད་ཀྱི་བཀའ་མོལ་ལ་དབུ་མ་འཁོར་བར་བོད་མི་ནང་ཁུལ་འཆམ་མཐུན་གནང་གལ་ཡིན་སྐོར་སོགས་གསུངས་ཡོད། འབྲེལ་ཡོད་པར་ཁག་གི་བདག་དབང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ངོ་དེབ།

Wimbledon རྩེད་འགྲན་སྐབས་ལྕམ་ Peng Shuai ལགས་གང་དུ་ཡོད་དམ་ཞེས་ངོ་རྒོལ་གནང་འདུག

ཟླ་བ་འདིའི་ཕྱི་ཚེས་ ༤ དང་ ༡༠ བཅས་སོ་སོར་ཕྱི་ལོ་ ༢༠༢༢ ལོའི་ Wimbledon རྩེད་འགྲན་མཐའ་མ་དང་བསྟུན་ནས་བོད་དོན་དང་ཧོང་ཀོང་གི་ལས་འགུལ་བ་ཁག་ཅིག་གིས་རྒྱ་ནག་གི་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་ཀྱི་ཆེད་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་མ་ཟད་ཕྱི་ཚེས་ ༡༠ ཉིན་གྱི་ལས་འགུལ་ཁྲོད་ཨོ་སི་ཊོ་ལི་ཡ་ནས་ཡིན་པའི་ལས་འགུལ་བ་སྐུ་ཞབས་ Drew Pavlou ལགས་སྐོར་སྲུང་བས་རྩེད་འགྲན་གྱི་ར་བ་ནས་ཕྱིར་འབུད་བཏང་འདུག ཕྱི་ཚེས་ ༤ ཉིན་དབྱིན་ཡུལ་ནང་ཚོགས་པའི་ Wimbledon ཞེས་བེུད་ཀྱི་ Tennis རྩེད་འགྲན་ཆེས་མཐའ་མའི་སྐབས་དབྱིན་ཡུལ་གྱི་བོད་རང་དབང་ཚོགས་པ་དང་། Power to hongkongers ཞེས་ཧོང་ཀོང་གི་ཚོགས་པའི་ལས་འགུལ་བ་བཞིས་དེ་སྔ་རྒྱ་ནག་གི་དཔོན་རིགས་ལ་བཙན་གཡེམ་བཏང་བ་དང་འབྲེལ་བའི་སྐྱོན་འཛུགས་གནང་རྗེས་གར་སོང་ཆ་མེད་ལྟ་བུར་གྱུར་བའི་རྒྱ་ནག་གི་ Tennis  རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་གང་དུ་ཡོད་དམ་ཞེས་འབོད་ཚིག་འཁོད་པའི་སྟོད་གོས་གྱོན་ཏེ་རྩེད་འགྲན་ལ་ཕེབས་སྐབས་སྐོར་སྲུང་བས་བཀག་སྡོམ་ནན་པོ་བྱས་འདུག ལས་འགུལ་བ་བཞི་པོ་དེ་དག་གི་ཁོངས་སུ་ཡོད་པ་སྐུ་ཞབས་ Jason Leith ལགས་ཀྱིས་ཁོང་ཉིད་བོད་རང་དབང་ཚོགས་པའི་ནང་ལས་ཀ་བྱེད་བཞིན་པའི་ཁྲོད་བོད་ནང་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཁོ་པས་འགོ་ཁྲིད་པའི་དམར་ཤོག་གཞུང་ལ་ངོ་རྒོལ་གནང་མཁན་གྱི་བོད་མི་རྣམས་ལོ་དང་ཟླ་བ་མང་པོའི་རིང་གར་སོང་ཤེས་རྟོགས་མེད་པའི་གནས་ཚུལ་བསྟུད་མར་ཤེས་རྟོགས་འབྱུང་བཞིན་པ་འགྲེལ་བརྗོད་དང་འབྲེལ། དེ་ལྟ་བུའི་གནས་སྟངས་གཅིག་པོའི་ཁྲོད་ནས་ང་ཚོས་ཐེངས་འདིར་ལྕམ་ Peng Shuai ལགས་སུ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ལས་འགུལ་སྤེལ་བ་ཡིན་སྐོར་གསུངས་ཡོད། Wimbledon རྩེད་འགྲན་ཚོགས་ཡུལ་ All England Club གྱི་ངོས་ནས་ང་ཚོའི་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་དང་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ལ་ངོས་བཞེས་དགོས་པའི་གཞེན་སྐུལ་གནང་ཡོད།ལས་འགུལ་བ་རྣམ་པས་ཉེ་ལམ་ཕྱི་ཚེས་ ༡༠ སྟེ་རེས་གཟའ་ཉི་མའི་ཉིན་Wibledon ཆེས་མཐའ་མའི་རྩེད་འགྲན་སྐབས་ངོ་རྒོལ་གནང་བར་མ་ཟད་སྐབས་དེར་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ལས་འགུལ་བ་གྲགས་ཅན་སྐུ་ཞབས་ Drew Pavlou ལགས་ཀྱང་ལས་འགུལ་དེའི་ཐོག་ཆེད་ཕེབས་གནང་སྟེ། རྩེད་འགྲན་གྱི་བར་སེང་སྐབས་ལྕམ་ Peng Shuai ལགས་གང་དུ་ཡོད་དམ་ཞེས་སྐད་འབོད་གནང་འདུག ལས་འགུལ་དེ་སྤེལ་མ་ཐག་ཉེན་རྟོག་པས་ཁོང་རྩེད་ར་ནས་ཕྱིར་འབུད་བཏང་བ་དང་རྗེས་སུ་ཁོང་གིས་རྒྱ་ནག་གིས་ལྕམ་ Peng Shuai ལགས་བཙན་བཟུང་བྱས་པར་དབྱིན་ཡུལ་རྩེད་རིགས་ཚོགས་པས་གོ་སྒྲིག་ཞུས་པའི་ Wimbledon ངོས་ནས་ཁ་ཁུ་སིམ་པོར་བཞུགས་དོན་གང་ཡིན་ནམ་ཞེས་འདྲི་རྩད་གནང་འདུགགཞི་རྩའི་རང་ལོ་ ༣༦ སོན་པའི་ལྕམ་ Peng Shuai ལགས་ནི་དེ་སྔ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ Tennis རྩེད་འགྲན་པ་ཞིག་ཡིན་པ་དང་། ཁོང་གིས་དེ་སྔ་ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་སྲིད་བློན་གཞོན་པ་ཟུར་པ་ Zhang Gaoli ཡིས་ཁོ་མོར་བཙན་གཡེམ་བཏང་བའི་སྐྱོན་འཛུགས་གནང་འཕྲལ་ཁོང་ཟླ་བ་གཅིག་ལྷག་ཙམ་རིང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་ཡོད་པའི་ཁྲོད་རྒྱལ་སྤྱིའི་བེུད་ཊེ་ནི་སི་མཐུན་ཚོགས་ནས་རྒྱ་ནག་ནང་དུ་དེ་ལྟར་མཉམ་ཞུགས་གནང་དགོས་པ་གི་མེད་པ་རེད།

རེས་གཟའ་ཟླ་བ། ༢༠༢༢།༠༧།༡༡

ཉན་པ།: Listen ཕབ་ལེན། Download རྒྱལ་ཁབ་བདེ་འཇགས་ཟེར་བར་གནོད་སྐྱེལ་མཁན་རྣམས་རྩིས་སྤྲོད་གནང་ཚེ་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས། བོད་མིའི་སྒྲིག་འཛུགས་ཀྱིས་ཉི་ཧོང་གི་སྲིད་བློན་ཟུར་པའི་དགོངས་རྫོགས་མཆོད་འབུལ་ཚོགས་པ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་དབུ་འཛུགས། Richard Gere ལགས་ཀྱིས་སྲི་ཞུ་བས་རྒྱ་གཞུང་གིས་འཁྱོག་བཤད་ལ་ཁ་གཏད་གཅོག་དགོས་པའི་གཞེན་སྐུལ་གནང་། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་ཚོགས་གཞོན་ཟུར་པ་དམར་ཤོག་ཚོགས་པ་ནས་ཕྱིར་འབུད། Monday 11/07/2022 Lhasa police offer rewards for reporting dissenting views: Report CTA holds prayer session for Japan’s former Prime Minister Shinzo Abe The Central council of Tibetan medicine convenes a two day special meeting Richard Gere addresses CTA staff, calls for challenge to China’s narrative on Tibet China expels former TAR deputy chairman Zhang Yongze

རྒྱལ་ཁབ་བདེ་འཇགས་ཟེར་བར་གནོད་སྐྱེལ་མཁན་རྣམས་རྩིས་སྤྲོད་གནང་ཚེ་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས་སྤེལ་བ།  

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་སྔ་རོལ་དུ་ལྷ་སའི་གྲོང་ཁྱེར་སྤྱི་སྡེ་ཉེན་རྟོག་ལས་ཁང་གིས་བོད་མི་ཚོས་རྒྱལ་ཁབ་བདེ་འཇགས་ཟེར་བར་གནོད་སྐྱེལ་གཞིའི་ལས་དོན་སྤེལ་མཁན་རྣམས་ཀྱི་སྐོར་ཉེན་རྟོག་པར་རྩིས་སྤྲོད་གནང་ཚེ་དེར་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས་སྤེལ་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཚེས་ ༨ ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན།  ལྷ་སའི་གྲོང་ཁྱེར་སྤྱི་སྡེ་ཉེན་རྟོག་ལས་ཁང་གིས་ཟླ་༧ ཚེས་ ༤ ཉིན་མོར་སྤེལ་བའི་གསལ་བསྒྲགས་ནང་རྒྱལ་ཁབ་བདེ་འཇགས་ཟེར་བར་གནོད་སྐྱེལ་གཞིའི་ལས་དོན་སྤེལ་མཁན་རྣམས་རྩིས་སྤྲོད་གནང་ཚེ་རྒྱ་སྒོར་ ༣༠༠༠ ནས་ ༣༠༠།༠༠༠ བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པར་བཀོད་འདུག གསལ་བསྒྲགས་ནང་འཁོད་པའི་དོན་ཚན་བཅུ་གཉིས་ཁྲོད་དོན་ཚན་བརྒྱད་པོ་ནི་ཐད་ཀར་བོད་མི་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་གསུངས་འདུག་ལ། དེ་དག་ནི་ཕྱི་ཕྱོགས་ཀྱི་ཚོགས་སྒེར་སོགས་དང་འབྲེལ་བ་བྱེད་པ་དང་། དེ་བཞིན་རྒྱལ་དར་གྱོན་པ་སོགས་གནང་ཚེ་ཁྲིམས་འགལ་ལ་ངོས་འཛིན་བྱ་རྒྱུ་ཡིན་པ་འཁོད་འདུག ལྷག་པར་དོན་ཚན་བདུན་པ་མཚོན་ན། དྲ་ཐོག་བརྒྱུད་བོད་རང་བཙན་དང་འབྲེལ་ལས་དོན་སྤེལ་བ་དང་རང་གི་བསམ་ཚུལ་རྣམས་ཡིག་ངག་གཉིས་ཀྱི་ཐོག་ནས་འདོན་རྒྱུ་སོགས་གནང་ཚེ་ཁྲིམས་འགལ་དུ་ངོས་འཛིན་བྱ་རྒྱུ་ཡིན་པ་གསལ་བཀོད་བྱས་འདུགརྒྱ་ནག་གིས་བོད་མི་ཚོར་དམ་དྲག་བྱེད་པའི་བྱ་སྤྱོད་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཐུགས་ཚབ་དང་སྦྲགས་ད་རེས་ཀྱི་གསལ་བསྒྲགས་དེ་བཞིན་རྒྱ་གཞུང་གིས་རྐང་བོད་མི་ནང་ཁུལ་དབར་དཀྲུག་རྒྱུ་དང་།  ཡིད་ཆེས་མེད་པ་བཟོ་སླད་ཆེད་མངགས་དེ་རིགས་ཀྱི་བྱ་སྤྱོད་སྤེལ་བཞིན་སྐོར་གསུངས་འདུག གཞི་རྩའི་རྒྱ་གཞུང་གིས་ད་རེས་གསལ་བསྒྲགས་སྤེལ་བ་དེ་དེ་སྔོན་ཕྱི་ལོ་ ༢༠༡༨༌༡༩ གཉིས་སུའང་དེ་འབྲེལ་གྱི་བརྡ་ཐོ་གཅིག་མཚུངས་སྤེལ་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༢ ནང་དྲ་ཐོག་བརྒྱུད་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་གཞུང་སོགས་ལ་ངོ་རྒོལ་བྱེད་མཁན་རྣམས་སྲིད་གཞུང་ལ་རྩིས་སྤྲོད་གནང་ཚེ་རྒྱ་སྒོར་ ༣༠༠༠༠༠ བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་ཡང་སྤེལ་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལྷ་སའི་གྲོང་ཁྱེར་སྤྱི་བདེ་ལས་ཁང་ནས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་ཉིན་གཉིས་ཀྱི་སྔ་རོལ་དུ་གསལ་བསྒྲགས་སྤེལ་བ་དེར་དོ་སྣང་བྱ་འོས་པ་ཞིག་དང་སྤྱིར་རྒྱ་གཞུང་གི་མིག་ལ་བོད་ནང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་གོ་སྒྲིག་གནང་ན་ཁྲིམས་འགལ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་།ལྷག་པར་༸སྐུའི་འཁྲུངས་སྐར་ལ་རང་ཉིད་དངོས་སུ་ཞུགས་པ་ཙམ་མིན་པར་དྲ་ཐོག་བརྒྱུད་སྒྱུ་རྩལ་དང་སྙན་ངག རྩོམ་རིག་སོགས་ཀྱི་ཐོག་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་ཡིན་ན་སྲིད་གཞུང་ནས་དོ་ནན་པོའི་ཐོག་ནས་ཞིབ་འཇུག་བྱེད་པའི་གནས་སྟངས་ཆགས་ཀྱི་ཡོད་སྟབས། རྒྱ་ནག་གིས་རྒྱ་ཆེ་ས་ནས་སྤྱོད་བཞིན་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཟེར་བ་དེས་བོད་ནང་ལ་དམ་དྲག་གི་ཁོར་ཡུག་ཤུགས་ཆེ་བསྐྲུན་ཡོད་པ་གསུངས་འདུག  

བོད་མིའི་སྒྲིག་འཛུགས་ཀྱིས་ཉི་ཧོང་གི་སྲིད་བློན་ཟུར་པའི་དགོངས་རྫོགས་མཆོད་འབུལ་ཚོགས་པ།

དེ་རིང་ཕྱི་ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ Shinzo Abe མཆོག་རྐྱེན་འདས་སུ་སོང་བར་མྱ་ངན་གུས་འདུད་མཚོན་ཆེད་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དམ་པ་དེ་ཉིད་ལ་མྱ་ངན་རྗེས་དྲན་སླད་དེ་རིང་དེ་གའི་དབུས་ལས་ཁུངས་ཁག་ཉིན་ཕྱེད་རིང་ལས་མཚམས་བཞག་པར་མ་ཟད། ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣  ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་དབུས་པའི་མཛད་གཙོ་རྣམས་པ་སྲིད་སྐྱོང་ཚོགས་ཁང་ནང་ལ་་ཚང་འཛོམས་ཐོག་སྐུ་ཞབས་ཨ་བྷི་དམ་པ་དེ་ཉིད་ཀྱི་དགོངས་རྫོགས་མཆོད་འབུལ་གནང་སོང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་གི་སྲིད་བློན་དམ་པ་དེ་ཉིད་ནི་༸གོང་ས་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་དང་བོད་ཀྱི་བློ་ཐུབ་གྲོགས་པོ་ཞིག་ཡིན་པ་འགྲེལ་བརྗོད་དང་འབྲེལ། ཁོང་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་སླད་ཐུགས་འགན་ཇི་ལྟར་བཞེས་ཕྱོགས་དང་། ༸གོང་ས་མཆོག་དང་སྲིད་སྐྱོང་ཟུར་པ་དབར་མཇལ་འཕྲད་རིམ་པ་གནང་བར་མ་ཟད། བོད་དོན་ཐོག་རྒྱབ་སྐྱོར་གྱིས་རྒྱ་ནག་ལ་གདོང་ལེན་ཤུགས་ཆེ་གནང་བ་བཅས་སྐུ་ཚེ་ཧྲིལ་པོའི་རིང་བོད་དོན་ཐད་ཕྱག་ལས་རླབས་ཆེན་གནང་ཁག་དྲན་གསོ་དང་སྦྲགས། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་ལ་མྱ་ངན་གུས་འདུད་ཞུས་སོང་། གཞི་རྩའི་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ Shinzo Abe མཆོག་ཡུལ་དེའི་འོས་བསྡུའི་ཁྲོད་ཟླ་བ་འདིའི་ཚེས་ ༨ ཉིན་གྱི་སྔ་དྲོ་གུ་ཡངས་མང་གཙོ་ཚོགས་པར་རྒྱབ་སྐྱོར་གྱིས་གསུང་བཤད་གནང་སྐབས་མགུལ་ལ་མེ་མདས་བརྒྱབ་རྐྱེན་ཛ་དྲག་ངང་སྨན་བཅོས་གནང་ཡོད་ཀྱང་ཕན་འབྲས་མ་སོན་པར་དགོངས་པ་རྫོགས་ཡོད་པ་དང་། གནས་ཚུལ་དེ་ཐོན་འཕྲལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཆོག དེ་བཞིན་ཕྱི་དྲིལ་བཀའ་བློན་མཆོག་བཅས་ཀྱིས་དམ་པ་དེ་ཉིད་ཀྱི་སྐུ་ཟླ་ Abe Akie ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་གནང་ཡོད་པ་རེད། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་གིས་དམ་པ་ཁོང་ནི་ཉི་ཧོང་གི་སྲིད་བློན་ཁྲོད་དུས་ཡུན་རིང་ཤོས་ཀྱི་ཐུགས་འགན་བཞེས་མཁན་ཞིག་ཡིན་པ་དང་། ཁོང་ཉི་ཧོང་གི་རླབས་ཆེན་གྱི་དབུ་ཁྲིད་ཅིག་དང་ཤེས་སྤྱོད་ཟུང་ལྡན་གྱི་གང་ཟག་ཞིག་ཀྱང་ཡིན་པར་མ་ཟད། ཁོང་ཉི་ཧོང་གུ་ཡངས་མང་གཙོ་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ཡིན་པའི་ཆ་ནས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མ་དབུ་འཛུགས་གནང་བར་ཐུགས་འགན་གཙོ་བཞེས་གནང་ཡོད་པ་དང་། ཁོང་ནི་འཛམ་གླིང་གི་དབུ་ཁྲིད་རླབས་ཆེན་ཞིག་ཡིན་པ་སོགས་གསུངས་པ་དང་ཆབས་ཅིག དམ་པ་ཁོང་འདས་གྲོངས་སུ་གྱུར་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་གི་སྐུ་འཁོར་ལྷན་རྒྱས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་འཛམ་གླིང་འདིའི་ནང་སྙིང་སྟོབས་ཆེ་བའི་དབུ་ཁྲིད་ཅིག་གློ་བུར་དུ་འདས་གྲོངས་སུ་གྱུར་བར་ང་ཚོ་བློ་ཕམ་ཆེན་པོ་བྱུང་ཞེས་དང་། ཁོང་ནི་བོད་མིའི་རང་དབང་གི་འཐབ་རྩོད་ལ་རྒྱབ་སྐྱོར་རམ་འདེགས་ཤུགས་ཆེར་གནང་མཁན་ཞིག་ཡིན་པར་མ་ཟད། ཁོང་གི་རླབས་ཆེ་བའི་མཛད་རྗེས་རྣམས་མི་རབས་མང་པོའི་རིང་གསོན་པོར་གནས་ངེས་ཡིན་པ་དང་། བོད་མི་རྣམས་ནས་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་དང་ཉི་ཧོང་མི་མང་ཚང་མར་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་ཅེས་གསུངས་འདུག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཁོང་སྐུ་ཚེ་མ་ཟིན་པ་དེ་ནི་བོད་ཀྱི་བློ་ཐུབ་ཀྱི་གྲོགས་པོ་ཞིག་དང་འཛམ་གླིང་ནང་གི་ཆབ་སྲིད་མི་སྣ་རྩེ་ཕུད་ཅིག་མེད་པར་གྱུར་ཡོད་དང་དམ་པ་ཁོང་གིས་ཉི་ཧོང་གི་ཁེ་ཕན་དང་འཛམ་གླིང་བདེ་འཇགས་ཆེད་དུ་མཛད་རྗེས་རླབས་པོ་ཆེ་བསྒྲུབས་ཡོད་པར་བསྔགས་བརྗོད་གནང་ཡོད་པ་དང་། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་བསྐྱོར་ཚོགས་པ་ཐོག་མ་དབུ་འཛུགས་དང་འབྲེལ་ཏེ་ཉི་ཧོང་ནང་འཛམ་གླིང་ཡོངས་ནས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་གསུངས་ཡོད། གཞི་རྩའི་དམ་པ་ཁོང་ལྟ་བུར་ཆ་མཚོན་ན། དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་གུས་བརྩི་ཆེན་པོ་ཞུ་མཁན་ཞིག་དང་། མགོན་པོ་༸གང་ཉིད་མཆོག་དང་མཇལ་འཕྲད་ལན་མང་ཞུས་མྱོང་ཡོད་པ་རེད། དེ་བཞིན་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེངྒེ་མཆོག་དང་མཇལ་འཕྲད་གནང་མྱོང་ཡོད་པ་རེད།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཉིན་གྲངས་གཉིས་རིང་འཚོགས་རྒྱུའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།དེ་རིང་ཟླ་ ༧ ཕྱི་ཚེས་ ༡༡ ཉིན་སྔ་དྲོ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། བདེ་ལེགས་སྨན་ཁང་གི་སྨན་པ་ཨོ་རྒྱན་རྒྱ་མཚོ་ལགས་དང། དེ་བཞིན་ཆེད་དུ་གདན་འབོད་ཞུས་པའི་བོད་ཀྱི་གསོ་རིག་སྨན་པ་སོགས་ཁྱོན་ཚོགས་བཅར་བ་ཞལ་གྲངས་ ༣༠ སྐོར་ཞིག་ལྷན་འཛོམས་གནང་ཡོད་པ་རེད། ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་ལོ་ངོ་ ༡༨ ཙམ་རིང་ཁྲིམས་སྒྲིག་དགོངས་དོན་ལས་དོན་བསྒྲུབས་པ་དང་མ་བསྒྲུབ་པ། ལྷག་དོན་ལྷན་ཚོགས་ཀྱི་ད་ལྟའི་གནས་བབ་ཇི་ཆགས་སོགས་ཀྱི་སྐོར་ངོ་སྤྲོད་ཞིབ་རྒྱས་གནང་ཡོད།དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་བོད་ཀྱི་གསོ་རིག་ལྷན་ཚོགས་དེ་དགོས་ངེས་ཞིག་ཆགས་ཡོད་སྟབས་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་སྐོར་གསུངས་པ་དང་ཆབས་ཅིག  སྒྲིག་འཛུགས་འདི་རྒྱ་གར་དབུས་གཞུང་ལ་ཁྲིམས་མཐུན་ཐོག་ནས་དེབ་སྐྱེལ་གནང་དོན་བཞིན་སྨན་པ་ཚོས་ཀྱང་བོད་ཀྱི་གསོ་རིག་སྨན་དཔྱད་ལ་བསྲེས་ལྷད་མེད་པ་ཞིག་གནང་དགོས་གལ་ཡིན་པ་སོགས་གསུངས་སོང་།དེའི་རྗེས་སུ་གསོ་རིག་སློབ་གཉེར་ཁང་གི་འགན་འཛིན་དང་སློབ་སྤྱི་རྣམས་ནས་དགོངས་འཆར་དང་འབྲེལ་བའི་གསུང་བཤད་གནང་བའི་ཁྲོད་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སློབ་དཔོན་གཞོན་པ་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ང་ཚོའི་ངོས་ནས་གལ་ཤོས་དེ་སྨན་པའི་ལྷན་ཚོགས་ཀྱི་དམིགས་ཡུལ་གང་ཡིན་གསལ་བཟོ་དང་སྒྲིག་འཛུགས་དེ་སྲ་བརྟན་དང་རྒྱུན་གནས། དེ་བཞིན་ཚོགས་མིར་ཞུགས་མཁན་ཇེ་མང་འགྲོ་བར་ཕན་པའི་ཕྱག་ལས་གནང་གལ་ཡིན་པ་སོགས་གསུངས་སོང་བར་མ་ཟད། ལྷག་དོན་བོད་པ་དང་ཧི་མཱ་ལ་ཡའི་མི་རིགས་གསོ་བ་རིག་པར་སློབ་གཉེར་དང་ཕྱག་ལས་གནང་མཁན་ཡོངས་ཀྱིས་ནུས་པ་མཉམ་སྤུངས་གནང་ཚེ་རྒྱལ་སྤྱི་ཁྱོན་གྱི་འགྲོ་བ་མི་ལ་སྨན་པའི་དགེ་མཚན་ལྡན་ཡོད་སྐོར་སོགས་གསུངས་སོང་།དེ་བཞིན་བལ་ཡུལ་གྱི་གསོ་རིག་འགན་འཛིན་གྱིས་གསོ་བ་རིག་པའི་བསླབ་གཞིའི་ཁོངས་སུ་རྒྱུད་བཞི་འཇོག་ཐབས་གནང་གལ་ཆགས་ཡོད་པ་དང་། ལྷག་དོན་སྨན་པའི་རང་རྒྱུད་འདུལ་ཐབས་སུ་རྒྱུད་བཞི་ལ་སོགས་པའི་གསོ་རིག་གི་དབང་ལུང་མན་ངག་རྣམས་ཞུས་པ་ཙམ་མིན་པར་ཉམས་ལེན་གནང་དགོས་ཞེས་གསུངས་སོང་།སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་སྐབས་ ༡༦ པའི་ངོས་ནས་ཚོགས་པ་གང་ཡིན་ནའང་སྒྲིག་འཛུགས་ཀྱི་སྒྲོམ་གཞི་གལ་ཆེན་པོ་རྩི་ཡི་ཡོད་པའི་སྐོར་དང་། ཐེངས་འདིའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུར་ཆེད་ཕེབས་གནང་མཁན་ཚོའི་ངོས་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཀྱིས་ཁ་གསལ་བཟོ་དགོས་པ་དང་། སྒྲིག་འཛུགས་འདི་རྒྱུན་གནས་དང་དགོས་མིན་གྱི་ཐག་གཅོད་གནང་དགོས་ཞེས་ལམ་སྟོན་ཕེབས་ཡོད་སྟབས། རླུང་འཕྲིན་ཁང་གི་གསར་འགོད་པས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཚེ་རིང་མཚམས་གཅོད་ལགས་སུ་ལྷན་ཚོགས་ཀྱི་མིང་འདོགས་སྟངས་ལ་ཁེ་གྱོང་གང་ཡོད་དམ་ཞེས་བཅར་འདྲི་ཞུས་པར་ཁོང་གིས་དེ་ལྟར་གསུངས་སོང་།ཤེས་རྟོགས་བྱུང་བར་དེ་རིང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་དབུ་འཛུགས་དང་སྦྲགས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གནས་བབ་དང་ལས་དོན་བྱེད་ཕྱོགས་དང་ གསོ་རིག་སྨན་པ་དང་བྲཏག་དཔྱད་སྨན་ཁང་། སྨན་སྦྱོར་ཁང་དང་སྨན་སྦྱོར་ཐོན་བསྐྱེད་ཀྱི་གྲངས་ཐོ། འབྱུང་འགྱུར་གསོ་རིག་སྨན་རྒྱུའི་གནས་བབ་བཅས་གྲོས་གཞི་གཙོ་བོ་གཉིས་ཀྱི་ཐོག་དགོངས་འཆར་དང་བགྲོ་གླེང་སྦྱང་བཤད་གནང་རྒྱུ་རེད་འདུག པར་ཁག་ཅིག་གི་བདག་བདང་བོད་མིའི་སྒྲིག་འཛུགས་ལ་ཡོད།

Latest news