Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2022

རེས་གཟའ་ཉི་མ། ༢༠༢༢།༡༡།༢༧

ཉན་པ།: Listen ཕབ་ལེན། Download བོད་དང་ཧི་མཱ་ལ་ཡ། མོན་སྦས་ཡུལ་སྐྱིད་མོ་ལྗོངས་སམ་རྟ་དབང་གི་ལོ་རྒྱུས། Sunday 27/11/2022 Tibet and the Himalayas: History of Tawang, the land of the Monpas

རེས་གཟའ་སྤེན་པ། ༢༠༢༢།༡༡།༢༦

ཉན་པ།: Listen ཕབ་ལེན། Download བྲག་གཡབ་༸སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་དང་གླེང་མོལ། Saturday 26/11/2022 In conversation with Dayab Kyabgon Loden Sherab Rinpoche

རེས་གཟའ་པ་སངས། ༢༠༢༢།༡༡།༢༥

ཉན་པ།: Listen ཕབ་ལེན། Download འཛམ་གླིང་ལ་ཞི་བདེ་བསྐྲུན་ཐུབ་ཚེ་གོ་མཚོན་རྣམས་བེད་སྤྱོད་མེད་པར་བཀའ་སྩལ་བ། ༸གོང་ས་མཆོག་གིས་མ་ལེ་ཤ་ཡའི་སྲིད་བློན་གསར་པར་འཚམས་འདྲི་མཛད་པ། གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་གསུམ་པ་དབུ་འཛུགས། ཧི་མཱ་ཅལ་མངའ་སྡེའི་དབུས་གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་གླེང་མོལ་ལས་རིམ་ཚོགས་པ། བོད་ན་གོར་མོའི་ཁུལ་དུ་ཐད་འཕུར་གནམ་ཐང་རྒྱག་བཞིན་པ་དེས་རྒྱ་གར་ལ་ཉན་ཚབས་ཆགས་པར་མངོན་གསལ། ཡུ་གུར་ནང་གི་ཆེས་ཞན་པའིི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་དགོས་པ། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཤུག་གསེབ་བཙུན་དགོན་སྐོར། Friday 25/11/2022 Dalai Lama begins teaching for Korean Buddhists Dalai Lama congratulates Malaysia’s new Prime Minister CTA hosts 3rd meeting of Permanent Strategy Committee Himachal Central University holds ‘Tibet Dialogue’, honors Prof. Kuldeep Chand Agnihotri Beijing builds massive heliport in northern Tibet UN committee urges China to free Xinjiang detainees, recommends reparations DIASPORA FEATURE: Shugseb Ogyen Dzong Nunnery

འཛམ་གླིང་ལ་ཞི་བདེ་བསྐྲུན་ཐུབ་ཚེ་གོ་མཚོན་རྣམས་བེད་སྤྱོད་མེད་པར་བཀའ་སྩལ་བ།

དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་དབུ་འཛུགས་མཛད་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་སེམས་ཞི་བདེ་བསྐྲུན་པའི་ཐོག་ནས་འཛམ་གླིང་ལ་ཞི་བདེ་ངོ་མ་བསྐྲུན་ཐུབ་ཚེ་འཛམ་གླིང་ཐོག་ཡོད་པའི་གོ་མཚོན་རྣམས་བེད་སྤྱོད་མེད་པ་ཆགས་ངེས་རེད་ཅེས་བཀའ་སྩལ་སོང་།༸གོང་ས་༸སྐྱབས་མགོན་མཆོག་གིས་ཀོ་རི་ཡའི་ནང་པའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དེ་རིང་སྔ་དྲོ་ཕྱག་ཚོད་ ༨ ཙམ་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གཉིས་ཀྱི་བཀའ་ཆོས་དབུ་འཛུགས་དང་འབྲེལ་ཏེ་ཀོ་རི་ཡ་ནི་ཕ་མེས་ནས་ནང་ཆོས་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་དང་། ལྷོ་ཀོ་རི་ཡའི་མི་མང་རྣམས་སངས་རྒྱས་ཀྱི་ཆོས་ལ་དད་པ་རྩེ་གཅིག་པ་ཡོད་མཁན་ཞིག་ཡིན་སྟབས། ད་རེས་ཀོ་རི་ཡ་ཆོས་གྲོགས་ཚོར་ཆོས་འབྲེལ་སྕལ་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་བྱུང་ཞེས་བཀའ་སྩལ་ཡོད། ༸གོང་ས་མཆོག་གིས་དེང་རབས་ཆབ་སྲིད་ཀྱི་ཐོག་ནས་འཐེན་འཁྱེར་ཡོད་པ་ཙམ་དུ་མ་ཟད་ཆོས་ལུགས་ཀྱི་ཐོག་ནས་ཀྱང་འཐེན་འཁྱེར་བྱེད་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག་ཨབ་གྷ་ནི་སི་ཏན་ནང་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་ངལ་འཕྲད་ལུང་འདྲེན་མཛད་དེ་དེ་ནི་བློ་ཕམ་པོ་ཞིག་དང་ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་སྤྱི་ལ་ཞབས་འདེགས་ཞུ་རྒྱུ་དང་ཕན་སེམས་བྱ་རྒྱུ་ནི་ཆོས་ལུགས་ཚང་མའི་བསླབ་བྱ་གཅིག་གྱུར་ཆགས་ཡོད་པས་ཆོས་ལུགས་ཕན་ཚུན་དབར་མཐུན་ལམ་གནང་དགོས་ཞེས་ལམ་སྟོན་མཛད་ཡོད།ཉེ་ལམ་ལྷོ་ཀོ་རི་ཡ་ནང་ནུབ་ཕྱོགས་པའི་ Halloween ཞེས་ ཡི་ཤུའི་ཆོས་བྱེད་རྣམས་ཀྱི་དུས་ཆེན་སྐབས་མང་ཚོགས་འདུ་འཛོམས་ཆེ་བའི་འཚང་གའི་ཁྲོད་མི་གྲངས་ ༡༥༠ ལྷག་ཙམ་འཆི་སྐྱོན་བྱུང་ཡོད་སྟབས་འདས་པོ་རྣམས་དང་གོད་ཆག་ཁྲོད་རྨས་སྐྱོན་ཕོག་པ་བཅས་ཀྱི་ཆེད་དུ་ཐུགས་སྨོན་གནང་གལ་ཡིན་པ་བཀའ་སྩལ་སོང་།  མགོན་པོ་༸གང་ཉིད་མཆོག་གིས་བྱང་ཆུབ་སེམས་སྒོམ་སྒྲུབ་གནང་གལ་སྐོར་བཀའ་སྩལ་ཏེ་འཛམ་གླིང་ནང་མི་ཐེར་འབུམ་ཇི་ཡོད་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པར་བཀའ་སྩལ་བ་དང་སྦྲགས། ཆོས་ཕྱོགས་ཀྱི་བསམ་བློ་ཡོད་མཁན་ཚོས་སེམས་ཀྱི་བདེ་སྡུག་ཐད་ལ་བསམ་བློ་གཏོང་སྟངས་རྒྱ་ཆེ་བ་དང་ཟབ་པ་ཡོད་ཅེས་དང་། གང་ལྟར་དཀའ་ངལ་རིགས་འཕྲད་ཚེ་གང་ཟག་སོ་སོའི་བསམ་བློ་གཏོང་སྟངས་ལ་རག་ལུས་ཀྱི་ཡོད་པ་སོགས་ལམ་སྟོན་མཛད་ཡོད།༸མགོན་པོ་མཆོག་གིས་སེམས་ཀྱི་ཞི་བདེ་དཀྲུག་མཁན་དེ་ཆགས་སྡང་གི་བློ་དེ་ཡིན་པ་དང་དེའི་གཉན་པོ་ནི་སྟོང་ཉིད་རྟོགས་པའི་ལྟ་བ་དང་དང་བྱང་ཆུབ་ཀྱི་སེམས་ཆགས་ཀྱི་ཡོད་པར་བཀའ་སྩལ་ཡོད། མདོར་ན་འཛམ་གླིང་ཞི་བདེ་ཡོང་བར་སེམས་རྒྱུད་འདུལ་པའི་ཐོག་ལ་རག་ལས་ཀྱི་ཡོད་པར་བརྟེན་ཚང་མས་སེམས་བཟང་པོ་བྱེད་དགོས་པ་དང་སྒོས་འཛམ་གླིང་ལ་ཞི་བདེ་བསྐྲུན་སླད་ཐོག་མར་རང་ཉིད་ཀྱི་སེམས་ཞི་བདེ་བཟོ་དགོས་པ་དང་། དེ་ནས་གཡས་གཡོན་གྱི་ཁོར་ཡུག་ཁྲོད་ཞི་བདེ་སྒྲུབ་ཚེ་འཛམ་གླིང་ལ་ཞི་བདེ་ངོ་མ་ཡོང་ཐུབ་པ་མ་ཚད་པར་འཛམ་གླིང་ཐོག་ཡོད་པའི་གོ་མཚོན་རྣམས་བེད་སྤྱོད་མེད་པ་ཆགས་ངེས་རེད་ཅེས་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་སོང་།གཞི་རྩའི་ཐེངས་འདིའི་བཀའ་ཆོས་ཐོག་ཀོ་རི་ཡ་དང་ཝི་ཏི་ནམ། དེ་བཞིན་ཕྱི་རྒྱལ་ཆོས་ཞུ་བ་གཙོས་བོད་མི་དང་རྒྱ་གར་བ། ཧི་མཱ་ལ་ཡའི་རིགས་རྒྱུད་བཅས་ཀྱི་ཆོས་ཞུ་བ་ཁྱོན་ ༥༠༠༠ ཙམ་ཕེབས་འདུག

༸གོང་ས་མཆོག་གིས་མ་ལེ་ཤ་ཡའི་སྲིད་བློན་གསར་པར་འཚམས་འདྲི་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Malaysia འི་ཕྱོགས་བརྒལ་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ Anwar Ibrahim ལགས་སྲིད་བློན་དུ་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་སྩལ་འདུག༸གོང་ས་མཆོག་གིས་སྩལ་བའི་འཚམས་འཕྲིན་ནང་དེ་སྔ་ཕྱི་ལོ་ ༡༩༨༢ ལོར་མགོན་པོ་༸གང་ཉིད་མཆོག་ཆེས་མཛེས་སྡུག་ལྡན་པའི་མ་ལེ་ཤ་ཡ་ནང་དུ་ཞི་བདེ་དང་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་ཐོག་བཀའ་སློབ་སྩལ་གནང་ཡོང་བའི་གསོལ་འདེབས་ཀྱི་མགྲོན་འབོད་ཞུས་དོན་ལྟར་ཆིབས་བསྒྱུར་མཛད་ཐུབ་པར་དམིགས་བསལ་གྱི་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་དང་འབྲེལ་ཏེ་སྐབས་དེའི་སྲིད་བློན་སྐུ་ཞབས་ Tunku Abdul Rahman ལགས་ཀྱིས་གཙོས་པའི་དབུ་ཁྲིད་གཞན་ཁག་གཅིག་དང་མཇལ་འཕྲད་མཛད་དེ་ཕན་ཚུན་དབར་དགོངས་ཚུལ་བརྗེ་ལེན་གནང་རྒྱུའི་གོ་སྐབས་བྱུང་ཞེས་བཀའ་སྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་གོ་ལ་ཡོངས་ཀྱིས་ངལ་བར་གདོང་ལེན་གནང་དགོས་པའི་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་ཆགས་ཡོད་པ་དང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་མ་ལེ་ཤ་ཡ་འདི་ཉིད་ཡར་རྒྱས་ཕུན་སུམ་ཚོགས་པ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཛམ་གླིང་འདི་ཞི་བདེ་དང་བརྟན་ལྷིང་ལྡན་པ་ཡོང་ཐབས་སུ་ལེགས་སྐྱེས་གལ་ཆེ་ཕུལ་ཐུབ་པའི་ཐུགས་རེ་མཛད་ཀྱི་ཡོད་ཅེས་བཀའ་སྩལ་ཏེ། དེས་ན་སྐུ་ཉིད་མཆོག་གིས་སྲིད་བློན་གྱི་ཐུགས་འགན་བཞེས་རིང་ལ་མ་ལེ་ཤ་ཡའི་མང་ཚོགས་ཀྱི་མངོན་འདོད་རྒྱ་ཆེ་བསྐྲུན་ཐུབ་རྒྱུ་བཅས་ལ་ཐུགས་སྨོན་མཛད་འདུག རྩ་བའི་སྐུ་ཞབས་ Anwar Ibrahim ལགས་ནི་མ་ལེ་ཤ་ཡའི་སྲིད་བློན་ཐེངས་བཅུ་པ་དེ་ཆགས་ཀྱི་ཡོད་ཅིང་། དེ་སྔ་ཡུལ་དེའི་ཕྱོགས་བརྒལ་ཚོགས་པ་ཐེངས་བཅིུས་དང་བཅུ་དྲུག་གཉིས་ཀྱི་དབུ་ཁྲིད་གནང་མྱོང་ཡོད་པར་མ་ཟད་ཆབ་སྲིད་ཚོགས་པ་འདྲ་མིན་ལས་གྲུབ་པའི་ Pakatan Harapan ཞེས་པ་དང་སྤྱི་དམངས་དྲང་བདེན་ཚོགས་པ་གཉིས་ཀྱི་ཚོག་གཙོ་དང་གྲོས་ཚོགས་འོག་མའི་འཐུས་མི། སྲིད་བློན་ཟུར་པ་སྐུ་ཞབས་ Mahathir Mohamad ལགས་ཀྱི་འཛིན་སྐྱོང་འོག་སྲིད་བློན་གཞོན་པ་དང་ལྷན་ཁང་ཁག་ཏུ་གོ་གནས་འདྲ་མིན་ཐོག་ཕྱག་ལས་གནང་མྱོང་ཡོད་པ་རེད།

གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་གསུམ་པ་དབུ་འཛུགས།

བཞུགས་སྒར་དྷ་ས་ནོར་གླིང་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པ་དང་ཚོགས་མི་རྣམས་ལྷན་ཞུགས་ཐོག་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་དབུ་འཛུགས་གནང་ཡོད།དེ་རིང་ཟླ་ ༡༡ ཚེས་ ༢༥ ཉིན་གྱི་སྔ་དྲོ་དབུ་འཛུགས་གནང་བའི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་གསུམ་པ་འདི་བཞིན་ཕྱི་ཚེས་ ༢༧ བར་ཉིན་གྲངས་གསུམ་རིང་འཚོག་གི་ཡོད་པ་དང་། ཚོགས་འདུའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག བཀའ་ཟུར་བསྟན་པ་ཚེ་རིང་མཆོག ཚོགས་ཆུང་གི་ཚོགས་མི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་དང་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲིས་རྒྱ་མཚོ་ལགས། དམིགས་གསལ་གདན་ཞུ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་བཅས་ཚོགས་ཆུང་གི་ཚོགས་མི་ཡོངས་རྫོགས་དངོས་སུ་མཉམ་ཞུགས་གནང་འདུགརྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་པའི་འཛིན་སྐྱོང་བཀའ་ཤག་སྐབས་ ༡༦ པས་སྔ་ལོའི་ཕྱི་ཟླ་ ༨ ཚེས་ ༡༣ ཉིན་དེ་སྔ་ཡོད་བཞིན་པའི་བོད་རྒྱ་གྲོས་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་དང་སྦྲགས་ཏེ་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་ཞིག་ཆེད་བཙུགས་གནང་སྟེ། ཚོགས་ཆུང་གི་ཚོགས་འདུ་ཆེས་ཐོག་མ་དེ་སྔ་ལོའི་ཕྱི་ཟླ་ ༡༡ ཕྱི་ཚེས་ ༡༦ ནས་ ༡༨ བར་དང་། ཚོགས་འདུ་ཐེངས་གཉིས་པ་འདི་ལོའི་ཕྱི་ཟླ་ ༧ ཕྱི་ཚེས་ ༢༧ ནས་ ༢༩ བར་བཞུགས་སྒར་ཁུལ་དུ་ཚོགས་ཡོད་པ་རེད།ཚོགས་འདུ་ཐོག་གཙོ་བོ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། བོད་རྒྱ་འབྲེལ་མོལ་ཡོངས་ཐབས་སུ་རྒྱ་ནག་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་བ་གནང་ཕྱོགས། དེ་བཞིན་བོད་དང་རྒྱ་ནག་ནང་གི་ཆབ་སྲིད་འགྱུར་གྲོས། དེ་སྔའི་ཚོགས་འདུ་ཐོག་གྲོས་བསྡུར་བྱུང་བའི་གནད་དོན་ཁག་ལ་མཇུག་སྐྱོང་གང་དགོས་སོགས་ཀྱི་ཐོག་གྲོས་བསྡུར་སྦྱང་བཤད་དང་ཐབས་བྱུས་གཏན་འབེབས་སོགས་གནང་གི་ཡོད་པ་རེད།

རྒྱ་ནག་གིས་ན་གོར་མོའི་ཁུལ་དུ་ཐད་འཕུར་གནམ་ཐང་ཧ་ཅང་ཆེན་པོ་རྒྱག་བཞིན་པར་རྒྱ་གར་ལ་ཉེན་ཚབས།

རྒྱ་ནག་གིས་བོད་ཀྱི་བྱང་ཕྱོགས་ན་གོར་མོའི་ས་ཁུལ་དུ་ཐད་འཕུར་གནམ་ཐང་ཧ་ཅང་ཆེན་པོ་ཞིག་རྒྱག་བཞིན་ཡོད་པ་དང་། དེ་ནི་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་ས་ཆའི་བདག་དབང་གི་གནད་དོན་ཐད་རྒྱ་གར་ལ་ཉེན་ཚབས་ཆེན་པོ་ཆགས་ཡོད་པའི་རྣམ་པ་མངོན་གསལ་གནང་འདུགདེ་ཡང་དེ་རིང་ཕྱི་ཚེས་ ༢༥ ཉིན་ The Telegraph གསར་ཤོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། The Drive/Warzone ཞེས་རྒྱལ་སྤྱིའི་ནང་བདེ་སྲུང་གི་གནད་དོན་ཐོག་ཞིབ་ལྟ་བྱེད་མཁན་གྱི་དྲ་ཐོག་དུས་དེབ་ཞིག་གི་ནང་རྒྱ་ནག་གིས་བོད་ཀྱི་ན་གོར་མོའི་ས་ཁུལ་དུ་ཐད་འཕུར་གནམ་ཐང་ཧ་ཅང་ཆེན་པོ་ཞིག་རྒྱག་བཞིན་ཡོད་པ་དང་། དེ་ནི་རྒྱ་ནག་ནང་གི་ཐད་འཕུར་གནམ་ཐང་ཆེ་ཤོས་ཞིག་ལ་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། དེའི་ནང་གནམ་གྲུ་འཇོག་ཁང་ ༦༣ ལྷག་ཡོད་པ་ར་སྤྲོད་དང་འབྲེལ། དེ་ནི་རྒྱ་ནག་གི་དམག་དོན་རྒྱ་སྐྱེད་ནུས་ཤུགས་ཆེ་རུ་གཏོང་ཆེད་ཡིན་པར་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་ས་ཆའི་བདག་དབང་གི་གནད་དོན་ཐད་རྒྱ་གར་ལ་ཉེན་ཚབས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་འདུགཐད་འཕུར་གནམ་ཐང་དེའི་བཟོ་འཆར་ལ་གཞིགས་ན། དེ་ནི་རྩོད་རྙོག་ཅན་གྱི་འཕགས་བོད་ས་མཚམས་ཁག་ཏུ་ཡོད་པའི་གནམ་ཐང་ཆུང་ངུ་དེ་དག་གི་བརྒྱུད་ལམ་ཞིག་ཆགས་ཀྱི་ཡོད་པ་དང་འབྲེལ། ས་མཚམས་ཁུལ་དུ་སྐོར་གཡེང་དང་། གོ་ལག་སྤྲོད་རྒྱུ་སོགས་དམག་མཁོའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་མྱུར་ཚད་མཐོ་བ་མ་ཟད། ཛ་དྲག་གི་དམག་དོན་དང་སྦྱོང་བསྡར་གོང་སྤེལ། ལྷག་པར་དུ་མ་འོངས་པར་འཕགས་བོད་གཉིས་ཀྱི་ས་མཚམས་སུ་མི་མཐུན་པ་བྱུང་ཚེ། དམག་འགུལ་ཐབས་བྱུས་སོགས་ཀྱི་ཐད་ལ་དམིགས་པ་ཞིག་ཡིན་པ་མངོན་གསལ་གནང་འདུག རྩ་བའི་ན་གོར་མོའི་ནང་དེ་སྔ་ནས་མཁའ་དམག་ལྟེ་གནས་ཡོད་ཀྱང་། ད་ལྟའི་ཐད་འཕུར་གནམ་ཐང་ཆེ་བ་དེ་ནི་ཕྱི་ལོ་ ༢༠༢༠ ལོར་ཐོག་མ་བཟོ་འགོ་བཙུགས་ཏེ། ད་ཆ་སྒྲུབ་ལ་ཉེ་བ་ཞིག་ཡིན་པ་དང་། དེའི་ནང་དམག་དཔུང་བཅའ་སྡོད་བྱེད་ས་སོགས་དམག་གི་མཐུན་རྐྱེན་ཚད་མཐོ་ལྡན་པ་ཞིག་ཡིན་པ་རེད་འདུག དེ་བཞིན་རྒྱ་ནག་གིས་བོད་ཀྱི་མངའ་རི་རུ་ཐོག་རྫོང་དང་སྒེར་རྩེ་རྫོང་། དེ་བཞིན་བོད་ནག་ཆུ་ཁུལ་གྱི་ཉི་མ་རྫོང་དང་གསེར་རྙེད་ཆུས་སོགས་ཀྱི་ནང་དུ་ཐད་འཕུར་གནམ་ཐང་འཛུགས་སྐྲུན་བྱས་ཡོད་པའི་དེ་དག་རེ་རེའི་ནང་གནམ་གྲུ་འཇོག་ཁང་ ༡༨ ཙམ་ཡོད་པ་རེད། རྒྱ་ནག་གིས་དམག་དོན་ཆེད་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་ཐད་འཕུར་གནམ་ཐང་དེ་ཉིད་བཟོ་བཅོས་དང་རྒྱ་སྐྱེད་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་འབྲེལ། དེའི་ནང་མི་མེད་གནམ་གྲུའི་ཆ་རྐྱེན་ཡང་བཟོ་འཆར་ཡིན་འདུག་པ་མ་ཟད། རྒྱ་ནག་གིས་མཁའ་དམག་ཙམ་མིན་པར་འཕགས་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་གཞུང་ལམ་གསར་རྒྱག་སོགས་ཀྱི་འཛུགས་སྐྲུན་རྒྱ་སྐྱེད་བྱེད་བཞིན་ཡོད་པ་རེད།གཞི་རྩའི་རྒྱ་ནག་གི་ཐད་འཕུར་གནམ་ཐང་གི་འཛུགས་སྐྲུན་རྒྱ་སྐྱེད་དང་འབྲེལ། རྒྱ་གར་ལའང་ལ་དྭགས་བདེ་མཆོག་ཁུལ་དུ་ Fukche མཁའ་དམག་ལྟེ་གནས་དང་། གནམ་ཐང་མཐོ་ཤོས་ Daulat Beg Oldi བཅས་ཡོད་པ་མ་ཟད། ལ་དྭགས་ཤར་ཕྱོགས་ཀྱི་ས་ཐིག་ལས་སྤྱི་ལ་ ༥༠ སར་གྱི་ཉོ་མའི་ཁུལ་དུ་རྒྱ་གར་གྱི་མཁའ་དམག་ལྟེ་གནས་རྒྱ་སྐྱེད་བྱེད་བཞིན་པ་རེད་འདུག  

རེས་གཟའ་ཕུར་བུ། ༢༠༢༢།༡༡།༢༤

ཉན་པ།: Listen ཕབ་ལེན། Download བོད་ཀྱི་གསོ་རིག་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་གནང་དགོས་པར་ལམ་སྟོན་མཛད་པ། ༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སླད་ཚེ་སྒྲུབ་དབུ་འཛུགས་གནང་བ། Thermofisher ནས་རྒྱ་གཞུང་གིས་བོད་མིར་གཉའ་གནོན་བཏང་སྟེ་ཚོང་གི་ཁེ་ཕན་ལེན་རྒྱུ་མཚམས་འཇོག་དགོས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་ཐེངས་གཉིས་པ་ཚོགས་པ། འཇར་མན་གྱིས་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་ཏུ་གཏོང་རྒྱུའི་ཡིག་ཆ་ཕྱིར་འགྱར། རྒྱ་ནག་གི་ཀུ་ཤུ་རྟགས་ཅན་བཟོ་ལས་ཁང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བ། Thursday 24/11/2022 HHDL speaks to Sorig students, meets with re-incarnation of Taktser Rinpoche Preparatory ritual for ‘Tenshug’ begins in Dharamsala Thermo Fisher urged to stop profiting from Tibetan oppression Tibetan MPs hold brainstorming and strategic meeting Germany weighs harder line on China and its ‘massive human rights violations’ Covid: Violent protests at largest iPhone factory in China

༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སླད་ཚེ་སྒྲུབ་དབུ་འཛུགས་གནང་བ།

ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་༸དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཕྱི་ཟླ་ ༡༡ ཚེས་ ༣༠ རེས་གཟའ་ལྷག་པ་༸རྒྱལ་བའི་༸སྐུའི་བླ་གཟའ་དང་བསྟུན་ནས་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་ཤར་བྱང་ཆོས་རྗེ་རྣམ་གཉིས་བཅས་རེ་མོས་ཀྱི་དབུ་བཞུགས་ཐོག་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་ཀྱི་ཚེ་སྒྲུབ་དབུ་འཛུགས་གནང་ཡོད།ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་དང་འབྲེལ་ཏེ་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་ཀྱི་འབུལ་རྫས་གཙོ་བོ་ནི་སྐུ་རྟེན་དུ་ཐུབ་དབང་སྐུ་བརྙན་ ༡༢༥ དང་ཚེ་ལྷ་རྣམ་གསུམ་གྱི་སྐུ་བརྙན། ༸རྗེ་ཚེ་འཛིན་མའི་སྐུ་བརྙན། དེ་བཞིན་༸རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན། གསུང་རྟེན་ལ་༸རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་། ཀུན་མཁྱེན་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་། དེ་བཞིན་ལྕང་སྐྱ་རོལ་པའི་རྡོ་རྗའི་གསུང་འབུམ་ཆ་ཚང་། ཐུགས་རྟེན་ལ་བྱང་ཆུབ་མཆོད་རྟེན་སོགས་པ་ཆགས་ཀྱི་འདུགགཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བརྟན་བཞུགས་གོང་དུ་ཟླ་བ་འདིའི་ཕྱི་ཚེས་ ༢༥ དང་ཚེས་ ༢༦ བཅས་ཉིན་གཉིས་རིང་ལ་ཀོ་རི་ཡའི་ནང་པའི་རྗེས་འཇུག་པ་རྣམས་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུང་ལག་ཁང་དུ་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།མཛད་འཆར་ལྟར་ན་༸གོང་ས་མཆོག་རྒྱ་གར་རྒྱལ་ས་ལྡི་ལོ་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གྱིས་ཕྱི་ཟླ་ ༡༢ ཚེས་ ༢༩ དང་ ༣༠ ཉིན་གཉིས་རིང་གི་སྔ་དྲོ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་། དེ་བཞིན་ཚེས་ ༣༡ ཉིན་གྱི་སྔ་དྲོ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀའ་དྲིན་སྩལ་རྒྱུ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༡ ཚེས་ ༡ སྟེ་ཕྱི་ལོ་གསར་ཚེས་ཉིན་དགེ་ལུགས་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་རེད་འདུག

Latest news