Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2022

སྟོབས་ཆེན་རྒྱལ་ཁབ་ལྔའི་རྡུལ་ཕྲན་གྱི་དམག་འཁྲུག་སྔོན་འགོག་བྱ་རྒྱུའི་བསྒྲགས་གཏམ་ལ་སྔགས་བརྗོད་མཛད་པ།

ཟླ་འདིའི་ཚེས་གསུམ་གྱི་ཉིན། རྡུལ་ཕྲན་མཚོན་ཆ་ལྡན་པའི་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ལྔ་སྟེ། ཨ་རི་དང་དབྱིན་ཡུལ། རྒྱ་ནག་དང་ཨུ་རུ་སུ། དེ་བཞིན་ཧྥ་རན་སི་ལྔ་ཡིས་ཐེངས་དང་པོར་མཉམ་འབྲེལ་གྱི་ཐོག་ནས། རྡུལ་ཕྲན་གོ་མཚོན་གྱི་དམག་འཁྲུག་སྔོན་འགོག་བྱེད་རྒྱུ་དང་། རྡུལ་ཕྲན་གོ་མཚོན་གྱི་འགྲན་བསྡུར་མི་བྱེད་རྒྱུ་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བ་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྔགས་བརྗོད་ཀྱི་གསུང་འཕྲིན་ཞིག་སྩལ་འདུག དེ་ཡང་༸གོང་ས་མཆོག་གིས་གསུང་འཕྲིན་དེའི་ནང་། མགོན་པོ་གང་ཉིད་མཆོག་ནི་དུས་རྒྱུན་ནས་འཛམ་གླིང་ཁྱོན་ཡོངས་ལ་གོ་མཚོན་མེད་པ་དང་།རྡུལ་ཕྲན་མཚོན་ཆ་གཏན་མེད་བཟོ་ཐབས་ལ་འབད་བརྩོན་མཛད་མཁན་ཞིག་ཡིན་པའི་ཆ་ནས། ཐེངས་འདིར་སྟོབས་ཆེན་རྒྱལ་ཁབ་ལྔས་མཉམ་འབྲེལ་གྱི་ཐོག་ནས་རྡུལ་མཚོན་དམག་འཁྲུག་འགོག་ཐབས་ཀྱི་གསལ་བསྒྲགས་སྤེལ་བ་དེ་ནི་བཟང་ཕྱོགས་སུ་གོམ་སྟབས་གསར་བ་ཞིག་ལ་དགོངས་བཞེས་མཛད་བཞིན་ཡོད་པར་བཀའ་བསྩལ་འདུག གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་དུས་རབས་ཉི་ཤུ་པ་འདིའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་མང་པོ་བྱུང་ཡོད་ནའང་། རྡུལ་ཕྲན་མཚོན་ཆ་སོགས་ལ་བརྟེན་ནས་མི་གྲངས་ས་ཡ་ཉིས་བརྒྱ་ཙམ་གྱི་ཚེ་སྲོག་ཤོར་ཏེ་མི་མང་ལ་འཚེ་བ་གང་མང་བྱུང་བའི་དུས་རབས་ཤིག་ཀྱང་ཡིན་པར་བཀའ་འབྲེལ་གྱིས་མཉམ་འབྲེལ་གྱི་གསལ་བསྒྲགས་འདིས་ང་ཚོ་ཚང་མ་གཅིག་ལ་གཅིག་རྟེན་གྱི་འཇིག་རྟེན་ཞིག་ན་གནས་ཡོད་པའི་དངོས་དོན་མཚོན་ཡོད་ལ། དེ་ལ་བརྟེན་ནས་དུས་རབས་ཉེར་གཅིག་པ་འདི་ཞི་བདེ་དང་། མཉམ་འབྲེལ་གྱི་དུས་རབས་ཤིག་ཡོང་བའི་གོ་སྐབས་ཡོད་པ་མངོན་ཡོད་སྐོར་བཀའ་གནང་འདུག སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཡིན་པའི་སྟོབས་ཆེན་རྒྱལ་ཁབ་ལྔ་པོ་དེ་དག་གིས་སྤྱི་བསྒྲགས་དེའི་ནང་། རྡུལ་ཕྲན་གྱི་དམག་འཁྲུག་བྱུང་བ་ཡིན་ན་དེའི་རྒྱལ་ཁ་སུ་ལའང་ཐོབ་རྒྱུ་མེད་པ་དང་། དེ་ལྟ་བུའི་དམག་འཁྲུག་གིས་ཕུགས་རྒྱང་རིང་པོའི་ཐོག་ནས་ཤུགས་རྐྱེན་ངན་པ་ཡོང་ངེས་ཡིན་པ་གསལ་པོ་ཡིན་སྟབས། ང་ཚོས་རྡུལ་ཕྲན་གོ་མཚོན་གྱི་དམག་འཁྲུག་སྔོན་འགོག་བྱེད་རྒྱུ་དང་། རྡུལ་ཕྲན་གོ་མཚོན་གྱི་འགྲན་བསྡུར་མི་བྱེད་རྒྱུའི་ཁས་ལེན་དམ་བཅའ་བཀོད་པ་དང་འབྲེལ།  རྡུལ་མཚོན་ཆ་ཞེས་པ་དེ་རང་ཉིད་ཀྱི་རྒྱལ་ཁབ་སྲུང་རྒྱུ་དང་། གཞན་གྱི་དབང་བསྒྱུར་དང་དམག་འཁྲུག་འགོག་ཐབས་ཆེད་མ་གཏོགས་བེད་སྤྱོད་བྱ་རྒྱུ་མེད་པའི་འགྲེལ་བརྗོད་གནང་འདུག སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ནང་རྒྱལ་ཁབ་དེ་དག་གི་ཆོད་སེམས་ལ་སྔགས་བརྗོད་མཛད་པ་དང་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་དང་དེའི་ཁྱབ་ཁོངས་ཀྱི་ཚོགས་མི་རྒྱལ་ཁབ་སོགས་ཚང་མས་རྡུལ་ཕྲན་མཚོན་ཆའི་འཇིགས་པ་མེད་པར་བཟོ་ཐབས་ལ་འབད་བརྩོན་དང་། དེ་བཞིན་སྤྱི་ཡོངས་ནས་རྡུལ་ཕྲན་མཚོན་ཆ་གཙང་བཟོ་བྱེད་ཐབས་ལ་སྒོ་ཀུན་ནས་ཤུགས་སྣོན་གནང་དགོས་བའི་ལམ་སྟོན་མཛད་འདུག གཞན་ཡང་གསུང་འཕྲིན་དེའི་མཇུག་ཏུ། མགོན་པོ་གང་ཉིད་མཆོག་ནི་དུས་རྒྱུན་ནས་འགྲོ་བ་མི་ཡོངས་རྫོགས་གཅིག་གྱུར་ཡིན་པར་དགོངས་བཞེས་མཛད་མཁན་ཞིག་དང་། འགྲོ་བ་མིའི་རིགས་ཀྱི་བདེ་ཐང་དང་བདེ་འཇགས་ནི་ཆེས་གལ་ཆེན་གྱི་གནད་དོན་ཞིག་ཡིན་པར་དགོངས་བཞེས་མཛད་མཁན་ཞིག་ཡིན་པའི་ཆ་ནས། རྒྱལ་ཁབ་ཕན་ཚུན་བར་གྱི་གནད་དོན་ཅི་རིགས་དག་ཕྱི་འབྲེལ་གྱི་གྲོས་མོལ་དང་བསམ་ཤེས་བརྒྱུད་ནས་སེལ་ཐུབ་པ་ཞིག་ཡིན་པར་ཐུགས་ཡིད་ཆེས་བརྟན་པོ་ཡོད་པ་བཀའ་གནང་བ་དང་འབྲེལ། འདས་བའི་ལོ་རྒྱུས་ལ་ཕྱིར་མིག་མཛད་པ་ཡིན་ན་འཚེ་བ་བརྒྱུད་ནས་རྒྱུན་གནས་ཐུབ་པའི་ཞི་བདེ་ཡོང་ཐབས་མེད་པ་ནི་རྒྱལ་རབས་ལོ་རྒྱུས་ལ་བལྟས་ན་ཤེས་པ་ཡིན་ཞེས་བཀའ་བསྩལ་འདུག

རེས་གཟའ་ཕུར་བུ། ༢༠༢༢།༠༡།༠༦

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པ་བཅས་ཀྱི་བགྲོ་གླེང་ཐོགག་དབུ་བཞུགས། རྒྱ་ནག་གིས་བོད་མཐོ་སྒང་དེ་བཟོ་ལས་ཀྱི་གད་སྙུགས་གཡུག་ས་ལྟ་བུར་བཟོ་བཞིན་པར་སྐྱོན་བརྗོད། བོད་མི་སུད་ཚོང་བ་རྣམས་རང་ཁྱིམ་དུ་ཕྱིར་ལོག་མ་གནང་གོང་ངེས་པར་བརྟག་དཔྱད་གནང་དགོས་པའི་གཞེན་སྐུལ། རྒྱ་གཞུང་ལ་གདོང་ལེན་ཆེད་ཐེ་ཝན་གྱིས་ལི་ཐོ་ནི་ཡར་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་བཞིན་པ། Thursday 06/01/2022 Dalai Lama leads monastic teachers’ online debate China making Tibet dumping ground for toxic waste, not providing resources to protect ecosystem: Report Covid case on the rise , Sikyong urges Tibetan sweater sellers to take covid test before returning home Taiwan ‘buys 20,400 bottles of Lithuanian rum rejected by China’

༸གོང་ས་མཆོག་གིས་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པ་བཅས་ཀྱི་བགྲོ་གླེང་ཐོགག་དབུ་བཞུགས།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་བཞུགས་ཐོག་དྲ་ལམ་བརྒྱུད་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པ་བཅས་ཀྱི་བགྲོ་གླེང་དབུ་འཛུགས་གནང་སོང་།རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པ་བཅས་ཀྱི་དཔེ་ཁྲིད་དགེ་རྒན་རྣམ་པའི་དྲ་ཐོག་བགྲ་གླེང་དེ་བཞིན་དེ་རིང་དང་སང་ཉིན་བཅས་གཉིས་རིང་འཚོགས་བཞིན་ཡོད་པ་དང་དེ་རིང་དབུ་འབྱེད་ཐོག་སྐུ་མགྲོན་གཙོ་བོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་༸སྐྱབས་རྗེ་དགའ་ལྡན་འཇམ་མགོན་རྒྱལ་བའི་གདུང་སྲས་འཕྲིན་ལས་རྡོ་རྗེ་འཆང་མཆོག་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་གཙོས་གདན་ས་ཁག་གི་མཁན་དང་མཁན་ཟུར་རྣམ་པ། དེ་བཞིན་བགྲོ་གླེང་གི་གསུང་བཤད་གནང་མཁན་མཁས་དབང་སོགས་ཆེད་ཕེབས་གནང་ཡོད།དེ་རིང་སྔ་དྲོ་བགྲོ་གླེང་གསུང་བཤད་དབུ་འཛུགས་མ་གནང་བའི་གོང་༸གོང་ས་མཆོག་གིས་བཀའ་སློབ་སྩལ་སོང་བ་དང་སྐབས་དེར་༸གང་ཉིད་མཆོག་གིས་འཇམ་མགོན་བླ་མའི་བསྟན་པར་ཐོས་བསམ་རྒྱ་ཆེར་གནང་རྒྱུ་ནི་གལ་ཆེན་ཡིན་པ་དང་ཁྱད་པར་དུ་བོད་གངས་ཅན་པའི་རིས་སུ་མ་ཆད་པའི་མཁས་དབང་ཚོར་གཞུང་ཆེན་བཀའ་པོད་ལྔ་འདི་ཆེས་གལ་ཆེན་ཆགས་ཀྱི་ཡོད་པའི་ལམ་སྟོན་སྩལ་དོན་བཞིན་དེ་སྔ་བོད་ལ་དབུ་མ་དང་ཚད་མ་གཉིས་ཟུང་འཇུག་གིས་སློབ་གཉེར་གནང་རྒྱུའི་སྲོལ་བཟང་པོ་ཞིག་ཡོད་པ་དང་ད་ཆ་བོད་མི་རྣམས་བཙན་བྱོལ་ལ་སླེབས་པའི་རྗེས་སུའང་གཙོ་བོ་གདན་ས་ཁག་གིས་ཐུགས་ཁུར་བཞེས་བའི་ཐོག་གཞུང་ཆེན་དེ་དག་ལ་སློབ་གཉེར་གནང་རྒྱུའི་ལམ་སྲོལ་དེ་ཉམས་པ་མེད་པའི་ཐོག་ནས་རྒྱུན་འཛིན་བཞིན་པར་ཡིད་རང་བསྔགས་བརྗོད་གནང་སོང་།དེ་བཞིན་མགོན་པོ་མཆོག་གིས་༸སྐུ་ཉིད་ད་ལན་དྲ་ལམ་བརྒྱུད་དཔེ་ཁྲིད་དགེ་རྣམ་པའི་བགྲོ་གླེང་ཐོག་ལྷན་བཞུགས་མཛད་རྒྱུའི་གོ་སྐབས་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་དང་སྦྲགས། འདས་པའི་ལོ་བརྒྱད་ཙམ་ནས་གདན་ས་ཁག་གཙོ་བོར་གྱུར་པའི་དགོན་སྡེ་ཁག་ནང་སྲོལ་རྒྱུན་གྱི་གཞུང་ཆེན་སློབ་གཉེར་དང་བསྟུན་སེམས་ཁམས་རིག་པ་དང་དེང་རབས་ཀྱི་ཚན་རིག་གི་སློབ་སྦྱོང་ཡང་དུས་མཉམ་བྱེད་ཐུབ་པ་བྱུང་ཡོད་སྐོར་བཀའ་སྩལ་ཏེ་གདན་ས་གསུམ་གཙོ་བོར་གྱུར་བའི་གཞུང་ཆེན་སློབ་གཉེར་གནང་བཞིན་ཡོད་པའི་གདན་ས་ཁག་ཡོངས་རྫོགས་ཧ་ཅང་གལ་ཆེན་ཆགས་ཀྱི་ཡོད་པས་གཞུང་ཆེན་བཀའ་པོད་ལྔའི་ཐོག་མུ་མཐུད་སློབ་གཉེར་གྱིས་སེམས་ལ་བཅོས་བསྒྱུར་དགོས་གལ་ཡིན་པར་ལམ་སྟོན་སྩལ་སོང་། བགྲོ་གླེང་དེའི་ཐོག་མར་དགའ་ལྡན་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་གིས་དབུ་འབྱེད་ཀྱི་མཛད་སྐོར་ད་རེས་བགྲོ་གླེང་གི་ཆ་ཤས་བཞེས་མཁན་ཚོའི་ངོས་ནས་རང་ཉིད་ཀྱི་དཔྱད་རྩོམ་དེའི་ཐོག་ནས་གསན་གཟིགས་གནང་མཁན་ཚོར་ཐུགས་ཕན་སོས་པ་ཞིག་ཡོང་བའི་གཞེན་སྐུལ་གནང་སོང་བ་དང་དེ་རིང་ཉིན་དང་པོའི་བགྲོ་གླེང་ནང་ཆ་ཤས་བཞེས་མཁན་དགེ་བཤེས་བཞི་ཡིས་ཚད་མ་རྣམ་འགྲེལ་གྱི་བརྗོད་བྱའི་སྙིང་དོན་གང་ཡིན་དང་ཚད་མ་རྣམ་འགྲེལ་གྱི་དཀའ་གནད་ཁག་ཅིག་གི་སྐོར། དེ་བཞིན་ཕར་ཕྱིན་སྟོད་ཆ་སྐབས་དང་པོའི་བཞིའི་བརྗོད་བྱ་སྙིང་དོན་གང་ཡིན་དང་གདམས་ངག་རྣམ་པ་བཅུའི་ཐེག་པ་ཆེན་པོའི་ལམ་གྱི་གནས་ཀུན་འདོད་ཚུལ། སྐབས་དེ་དག་གི་བརྗོད་བྱའི་དཀའ་གནད་ཁག་ཅིག གཞན་ཡང་མངོན་པ་མཛོད་དང་གསང་སྔགས་རྡོ་རྗེ་ཐེག་པ་བཅས་ཀྱི་སྐོར་ལ་གསུང་བཤད་དང་འདྲི་བ་དྲིས་ལན་ལྷུག་པོ་གནང་སོང་།

བོད་མི་སུད་ཚོང་བ་རྣམས་རང་ཁྱིམ་དུ་ཕྱིར་ལོག་མ་གནང་་གོང་ངེས་པར་བརྟག་དཔྱད་གནང་དགོས་པའི་ཞུ་སྐུལ།

རྒྱ་གར་ནང་འདས་པའི་ཚོུད་༢༤ ནང་ཏོགས་དབྱིབས་ཀྱི་ནད་གསར་དུ་ཕོག་མཁན་ ༩༡༠༠༠ ཙམ་དང་འདས་གྲོངས་སུ་གྱུར་བ་ ༣༢༥ དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན། འདས་པའི་གཟའ་འཁོར་གཅིག་ནང་ཏོག་དབྱིབས་ནད་ཕོག་མཁན་གྲངས་ ༡༠ ནས་ ༨༠ ལ་འཕར་ཡོད་པའི་ཁྲོད། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཏོག་དབྱིབས་ནད་འབུ་དང་འཐབ་རྩོད་ཀྱི་རྒྱལ་ཁ་དེ་ང་ཚོར་ཐོབ་རྒྱུར་ཚང་མས་འགན་བཞེས་དགོས་པའི་འབོད་སྐུལ་གནང་བ་དང་ཆབས་ཅིག་བོད་མི་སུད་ཚོང་བ་རྣམས་རང་ཁྱིམ་དུ་ཕྱིར་ལོག་མ་གནང་གོང་ངེས་པར་དུ་བརྟག་དཔྱད་གནང་དགོས་པའི་ཞུ་སྐུལ་གནང་སོང་།དེའང་དེ་རིང་ཉིན་རྒྱབ་ཚོུད་ ༣།༣༠ འི་ཐོག་དྲ་ལམ་བརྒྱུད་ཚོགས་པའི་གསར་འགོད་ལྷན་ཚོགས་ཐོག སྲིད་སྐྱོང་མཆོག་གིས། རྒྱ་གར་ནང་རིང་མིན་ཕྱི་ཟླ་ ༢ པའི་ནང་ཏོག་དབྱིབས་ཀྱི་ནད་རླབས་གསུམ་པ་བསླེབ་རྒྱུར་ཚོད་དཔག་གནང་བཞིན་པ་མང་ཚོགས་ལ་སྙན་གསེང་དང་སྦྲགས། ད་ལྟའི་ཆར་རྒྱ་གར་གྱི་ས་ཁུལ་འདྲ་མིན་ ༢༥༠ ལྷག་གི་ནང་སུད་ཚོང་གཉེར་བཞིན་པའི་བོད་མི་ཁྱིམ་ཚང་ ༣༧༠༠ ལྷག་ཡོད་སྟབས། བོད་མི་དེ་དག་རང་ཁྱིམ་དུ་ཕྱིར་ལོག་མ་གནང་གོང་དུ་ངེས་པར་དུ་ཏོག་དབྱིབས་ཀྱི་བརྟག་དཔྱད་གནང་དགོས་པ་དང། གཞིས་ཆགས་ཁག་སོ་སོའི་ས་གནས་འགོ་འཛིན་རྣམས་ནས་ཀྱང་སྔར་ནས་ཡོད་པའི་ཟུར་བཀག་ས་ཚིགས་རྣམས་གྲ་སྒྲིག་འཐུས་ཚང་གནང་དགོས་པའི་ཞེན་སྐུལ་གནང་སོང་། སྲིད་སྐྱོང་མཆོག་གིས་ད་དུང་བོད་ཀྱི་ལོ་གསར་བསླེབ་ལ་རན་པ་དང་བསྟུན། ལས་བྱེད་རྣམས་ཛ་དྲག་ཡིན་ན་མ་གཏོགས་ལོ་གསར་གུང་གསེང་ལ་ཕེབས་རྒྱུ་མེད་པའི་འབོད་སྐུལ་གནང་སོང་ལ། བོད་མིའི་སྒྲིག་འཛུགས་ངོས་ནས་དེ་སྔོན་སྔོན་ཁབ་དང་། ནད་མནར་བ་རྣམས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་རྒྱུ། དེ་བཞིན་ཏོག་དབྱིབས་རྐྱེན་གྱིས་འཚོ་བར་དཀའ་ངལ་འཕྲད་མཁན་རྣམས་ལ་རོགས་རམ་གནང་རྒྱུ་བཅས་ཀྱི་དོན་ཚན་གསུམ་ཐད་ཕྱག་ལས་གནང་བཞིན་པ་ལྟར། ད་ལྟའི་ཆར་སྔོན་ཁབ་ཐད་དམིགས་བསལ་ཐུགས་སྣང་གནང་བཞིན་ཡོད་སྐོར་གསུངས་ཏེ། བོད་མི་རྣམས་ཀྱིས་སྔོན་ཁབ་ངེས་པར་སྐྱོན་དགོས་པ་དང་། ལྷག་པར་སྔོན་ཁབ་རིམ་པ་གསུམ་པའི་ཐོག་གྲ་སྒྲིག་དགོས་ལ། གལ་ཏེ་ས་གནས་ཁག་ཏུ་དེའི་ཐད་དཀའ་ངལ་བྱུང་ཚེ་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱོར་རྒྱུར་གྲ་སྒྲིག་ཡིན་སྐོར་གསུང་སོང་། གསར་འགོད་ལྷན་ཚོགས་ཐོག་ད་དུང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ལགས་ཀྱིས་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་ནས་འདས་བའི་ཉིན་ཤས་ཁྲོད་ས་གནས་འགོ་འཛིན་རྣམ་པ་ཙམ་མ་ཟད། དགོན་སྡེ་ཁག་གི་དབུ་བླ་དང་ལྷན་དུ་ཚོགས་འདུ་རིམ་པ་ཚོགས་ཡོད་པ་སྙན་གསེང་དང་འབྲེལ། ཏོག་དབྱིབས་ནད་རླབས་གཉིས་པའི་སྐབས་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་བ་བཞིན་ད་རེས་ཀྱང་འགན་མཉམ་བཞེས་དགོས་པའི་འབོད་སྐུལ་གནང་སོང་ལ། བོད་མི་རྣམས་ཀྱིས་ནད་རྟགས་ཐོན་མ་ཐག་སྔ་ས་ནས་བརྟག་དཔྱད་དང་། འགྲིམ་འགྲུལ་རིགས་གནང་རྒྱུར་དོགས་ཟོན་དགོས་པའི་འབོད་སྐུལ་གནང་སོང་།ཆབས་ཅིག་བདེ་ལེགས་སྨན་ཁང་གི་སྨན་པ་བརྩོན་འགྲུས་ལགས་ཀྱིས་རྒྱལ་སྤྱིའི་ཁྲོད་ཏོག་དབྱིབས་ཀྱི་ཁྱབ་ཚད་སོགས་ངོ་སྤྲོད་དང་འབྲེལ། བོད་མི་ཚོས་བརྟག་དཔྱད་དང་སྨན་བཅོས། འབྲེལ་གཏུགས་རྩད་གཅོད། སྔོན་ཁབ། དེ་བཞིན་སྔོན་འགོག་ཐོག་ཐུགས་སྣང་དགོས་པ་དང་། ལྷག་པར་ཕན་ཚུན་རྒྱང་ཐག་དང། ཁ་རས་གྱོན་རྒྱུ་སོགས་ཀྱི་སྔོན་འགོག་ཐབས་ལམ་མུ་མཐུད་བསྟེན་དགོས་པ་གསུང་སོང་། གཞི་རྩའི་ད་ཆ་རྒྱ་གར་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་ཤུགས་ཆེར་འཕར་བཞིན་པ་དང་སྒོས་སུ་ཧི་མཱ་ཅལ་མངའ་སྡེ་ནང་ཁ་སང་ཉིན་གཅིག་ནང་རིམས་ནད་འགོས་པའི་ནད་པ་གྲངས་ ༣༧༤ ཙམ་བྱུང་ཡོད་པ་དང་དེའི་ནང་ནད་པ་གྲངས་ ༡༣༦ ཀང་ར་རྫོང་ནས་ཆགས་ཀྱི་འདུག ལྷག་དོན་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལ་མཚོན་ན། ཁ་སང་ཉིན་གཅིག་ནང་གངས་སྐྱིད་གཙོས་རྡ་ས་ཁུལ་ནས་བོད་མི་ ༣༧ ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་གཞི་ཕོག་པ་དང་། དེ་རིང་བར་རྒྱ་གར་ནང་ནད་གཞི་ཕོག་མཁན་ ༨༠ ལྷག་ཙམ་ཡོད་པའི་ཁོངས་སུ་མང་ཆེ་བ་རྡ་རམ་ས་ལ་ཆགས་ཀྱི་འདུག ཁ་སང་ཚེས་ ༥ ཉིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་གིས་མངའ་སྡེའི་བློན་ཆེན་ཁག་དང་ལྷན་དུ་ཚོགས་འདུ་ཞིག་ཚོགས་པ་བརྒྱུད་ནས་མཚན་གྱི་བཀའ་རྒྱ་གཙོས་སྒྲིག་གཞི་ཁག་ཅིག་ཡོངས་ཁྱབ་གནང་ཡོད་པའི་ནང་། ཁོང་གིས་རིམས་ནད་སྔོན་འགོག་ཆེད་མང་ཚོགས་ཀྱིས་ད་ཆ་མཚན་གྱི་ཕྱག་ཚོད་༡༠ ནས་སྔ་དྲོ་ཕྱག་ཚོད་ ༥ བར་ཕྱིར་བསྐྱོད་མི་ཆོག་པའི་བཀའ་རྒྱ་བསྡམས་ཡོད་པ་དང་དེ་བཞིན་མངའ་སྡེ་ནང་ཆབ་སྲིད་གཙོས་ཆོས་ཕྱོགས་དང་ལེགས་སྦྱང་། རྩེད་རིགས། འཛིན་སྐྱོང་གི་མཛད་སྒོ། དེ་བཞིན་གཉེན་སྟོན་སོགས་ལ་མང་ཚོགས་བརྒྱ་ཆ་ལྔ་བཅུ་ལས་མ་བརྒལ་བའི་ཐོག་ནས་འདུ་འཛོམས་གནང་ཆོག་པ་མ་གཏོགས། གཞན་གློག་བརྙན་ཁང་དང་སྤྲོ་བསང་ས་ཁུལ། དེ་བཞིན་ཡོ་ག་དང་ལུས་སྦྱོང་ཁང་སོགས་གནས་སྐབས་སྒོ་རྒྱག་རྒྱུའི་བཀོད་ཁྱབ་གནང་འདུག དེ་བཞིན་སྤྱི་བསྒྲགས་དེའི་ནང་ཕྱག་མཆོད་གནང་ཡུལ་གྱི་ས་ཁུལ་ཁག་ཏུ་མི་མང་ཕོན་ཆེར་འདུ་འཛོམས་ཐོག་ཞལ་ལག་བགོ་འགྲེམས་སོགས་ཀྱི་ལས་དོན་རིགས་གཉེར་མི་ཆོག་པར་མ་ཟད། ཟ་ཁང་དང་མགྲོན་ཁང་སོགས་ནས་ཀྱང་བཀའ་རྒྱ་ལས་མ་བརྒལ་བའི་ཐོག་ནས་འདུ་འཛོམས་གནང་ཆོག་པས། མང་ཚོགས་ཀྱིས་ངེས་པར་དུ་སྤྱི་ཚོགས་རྒྱང་བཀྱེད་དང་ཁ་རས་གྱོན་རྒྱུ་སོགས་གཉན་རིམས་སྔོན་འགོག་གི་ལས་དོན་ཁག་མུ་མཐུད་ཕྱག་བསྟར་གནང་དགོས་པའི་གཞེན་སྐུལ་གནང་འདུག

རྒྱ་ནག་གིས་བོད་མཐོ་སྒང་དེ་བཟོ་ལས་ཀྱི་གད་སྙུགས་གཡུག་ས་ལྟ་བུར་བཟོ་བཞིན་པར་སྐྱོན་བརྗོད།

རྒྱ་ནག་དམར་ཤོག་སྲིད་གཞུང་གི་དབང་བསྒྱུར་འོག་ཏུ་བོད་མཐོ་སྒང་དེ་གད་སྙུགས་གཡུག་ས་ལྟ་བུར་བཟོས་ཏེ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཚད་བརྒལ་རང་བཞིན་གྱི་གནོད་རྐྱེན་ཆེན་པོ་བཟོས་ཡོད་པར་ཡོངས་གྲགས་གནང་འདུག དེའང་ཨ་རིའི་ Providence ཁུལ་དུ་རྟེན་གཞི་བྱས་པའི་International Center for Integrated Mountain Developmentཞེས་པའི་རྒྱལ་སྤྱིའི་རི་ལྗོངས་ཡར་རྒྱས་ཚོགས་པས་སྙན་ཐོ་ཞིག་བཏོན་པ་ལྟར་ན། རྒྱ་ནག་གིས་ལོ་ངོ་བཅུ་ཕྲག་མང་པོའི་ནང་བོད་ནང་དུ་བཟོ་ལས་དང་འབྲེལ་བའི་ལས་འཆར་མང་པོ་ལག་བསྟར་བྱེད་བཞིན་པ་དེ་ནི་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྣང་མེད་གཏོང་བཞིན་པའི་དཔང་རྟགས་གསལ་བོ་ཞིག་ཡིན་པར་བསྒྲགས་ཏེ་རྒྱ་ནག་གིས་བོད་དོན་དང་འབྲེལ་ནས་བཏོན་པའི་རྒྱབ་ཤ་དཀར་པོའི་སྙན་ཐོའི་ནང་དུ་ཡང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞིའི་སྐོར་གྱི་གནད་དོན་གཅིག་ཀྱང་བཀོད་མེད་པ་མངོན་གསལ་གནང་འདུག སྙན་ཐོའི་ནང་བོད་མཐོ་སྒང་ནི་མཚོ་ངོས་ལས་མི་ཊར་ ༤༣༨༠ ལྷག་གི་སར་གནས་བའི་དམིགས་བསལ་གྱི་མཐོ་སྒང་ས་ཁུལ་ཞིག་ཡིན་ཞིང་། འཛམ་གླིང་གི་ལྷོ་བྱང་གཉིས་ཕུད་པའི་བོད་མཐོ་སྒང་དུ་འཁྱགས་རོམ་མང་པོ་ཡོད་པ་མ་ཟད། དེང་སྐབས་བོད་མཐོ་སྒང་དེ་འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་བྱས་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་བོད་མཐོ་སྒང་གི་ཆ་ཤས་གསུམ་ཆ་གཅིག་རིམ་པས་ཞུ་ངེས་ཡིན་པའི་ཉེན་བརྡ་བཏང་སྟེ། དེ་ལྟ་བུའི་གནས་སྟངས་མི་ཡོང་བའི་ཆེད་དུ་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག དེ་བཞིན་ནུས་ཤུགས་འདོན་སྤེལ་གྱི་བཟོ་ལས་དང་རླངས་འཁོར་སོགས་ཀྱི་ཀར་བོན་ཐོན་སྐྱེད་བྱེད་མཚམས་ཉུང་དུ་གཏོང་དགོས་བར་སྐུལ་མ་གནང་འདུག མ་ཟད་རྒྱ་ནག་གིས་བོད་མཐོ་སྒང་དུ་ལི་ཐི་ཡམ་གཙོས་པའི་རྡུལ་ཕྲན་དང་འབྲེལ་བའི་གཏེར་ཁ་སྔོག་འདོན་གྱིས་བཟོ་ལས་ཀྱི་རིགས་འདྲ་མིན་གཉེར་བཞིན་པ་དེ་ཡིས་ཁོར་ཡུག་ལ་གནོད་པའི་ཀར་བོན་ཐོན་སྐྱེད་ཆེས་ཆེར་གྱུར་ནས་བོད་ནང་གི་ནམ་དུས་ཀྱི་འཁོར་སྐྱོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་མངོན་གསལ་གྱིས། རྒྱ་ནག་གིས་འཕྲལ་སེལ་གྱི་དཔལ་འབྱོར་གྱི་ཁེ་ཕན་ལ་གཞིགས་ཏེ་ Montreal Protocol ཞེས་པའི་མཁའ་དབྱིངས་ཀྱི་ ozone ལ་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་ཁྲིམས་ལ་རྡོག་རོལ་གཏོང་བཞིན་ཡོད་པར་སྐྱོན་བརྗོད་གནང་འདུག དེ་བཞིན་ཨ་རིའི་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་དུ་ཡང་། རྒྱ་ནག་གིས་བོད་མཐོ་སྒང་གི་འབྲོག་པའི་འཚོ་བར་བཀག་སྡོམ་བྱས་ཏེ་འབྲོག་པ་མང་ཚོགས་གནས་སྤོར་བྱེད་དུ་འཇུག་བཞིན་པ་དེ་ཡིས་འབྲོག་པ་རྣམས་ལས་མེད་དུ་ལྷག་བཞིན་པ་མ་ཟད། རང་བྱུང་ཁོར་ཡུག་ཡང་གནོད་ཚབས་ཆེན་པོ་ཐེབས་ཀྱི་ཡོད་པའང་བསྒྲགས་འདུག གོང་གི་གནད་དོན་དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གི་བོད་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་གྱིས་འཛུགས་སྐྲུན་ལས་གཞི་མང་པོ་འགོ་འཛུགས་ཀྱིས་འབྲོག་པ་མང་ཚོགས་བཙན་དབང་གིས་གནས་སྤོར་བྱེད་བཞིན་པ་དང་འབྲེལ་ནས་མང་ཚོགས་ལས་མེད་དུ་བསྒྱུར་བཞིན་ཡོད་པར་ངོ་སྤྲོད་གནང་སོང་། གཞན་ཡང་ཁོང་གིས། དེང་སྐབས་རྒྱ་ནག་གི་འཛུགས་སྐྲུན་གྱི་ལས་གཞི་འདྲ་མིན་གྱི་ཤུགས་རྐྱེན་གྱིས་བོད་མཐོ་སྒང་དེ་ས་གནས་གཞན་དང་མི་འདྲ་བར་གནམ་གཤིས་དྲོད་ཚད་འཕར་ཤུགས་ལྡབ་གཉིས་ལས་ཆེ་བ་ཆགས་ཡོད་པ་མ་ཟད། འདས་བའི་ལོ་ཤས་ཀྱི་རིང་ལ་བོད་ནང་དུ་རང་བྱུང་གོད་ཆག་འདྲ་མིན་བྱུང་ཡོད་པ་དེ་དག་ཀྱང་གཙོ་བོ་རྒྱ་ནག་གི་འཛུགས་སྐྲུན་གྱི་ལས་གཞི་དང་འབྲེལ་བ་ཆགས་ཡོད་པ་ཞིག་ཡིན་སྐོར་མངོན་གསལ་གྱིས། ཕྱི་ཕྱོགས་ཀྱི་ཉམས་ཞིབ་པ་རྣམས་དངོས་སུ་བོད་ནང་དུ་ཕེབས་ཏེ་ཁོར་ཡུག་དང་འབྲེལ་བའི་ཉམས་ཞིབ་གནང་གལ་ཡིན་པར་གསུངས་སོང་།

ལྷོ་ཕྱོགས་དཔལ་གྱི་རི་བོའི་གནས་ཆེན་ཁུལ་དུ་ནང་པའི་གཙུག་ལག་སློབ་གྲྭ་ཞིག་གསར་འཛུགས་བྱེད་འཆར།

རྒྱ་གར་ལྷོ་ཕྱོགས་Telangana མངའ་སྡེའི་གཞུང་གིས་ཁུལ་དེར་ཆགས་པའི་ལྷོ་ཕྱོགས་དཔལ་གྱི་རི་བོའི་གནས་ཆེན་ཁུལ་དུ་ནང་པའི་གཙུག་ལག་སློབ་གྲྭ་ཞིག་གསར་འཛུགས་བྱེད་རྒྱུ་རེད་འདུག དེ་རིང་རྒྱ་གར་གྱི་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། Nagarjuna sagar ཞེས་ལྷོ་ཕྱོགས་དཔལ་གྱི་རི་བོ་ཆགས་སའི་གནས་ཆེན་ནི་མགོན་པོ་ཀླུ་སྒྲུབ་མཆོག་གིས་ཐེག་ཆེན་གྱི་ཆོས་ཁྲིད་མཛད་སའི་གནས་ཤིག་ཡིན་པར་ལུང་འདྲེན་གྱིས། མངའ་སྡེ་གཞུང་གི་གྲ་སྒྲིག་གི་ཐོག་ནས་ཁུལ་དེར་ནང་པའི་གཙུག་ལག་སློབ་གྲྭ་ཞིག་ཆེད་འཛུགས་ཀྱིས་ནང་པའི་གཙུག་ལག་སློབ་གྲྭ་དེར་ནང་པའི་རིག་གཞུང་དང་རྩོམ་རིག   ནང་པའི་ལྟ་གྲུབ་དང་རི་མོ་སོགས་ཀྱི་མཚོན་པའི་བསླབ་གཞི་མ་འདྲ་བ་གྲངས་ ༦༨ ལྷག་སློབ་ཁྲིད་བྱེད་རྒྱུ་ཡིན་པར་གསལ་འདུག Telangana མངའ་སྡེ་ཡི་ཡུལ་སྐོར་སྤྲོ་འཁྱམ་གྱི་བློན་ཆེན་སྐུ་ཞབས  V Srinivas Goud ལགས་ཀྱིས་གསར་ཁང་ལ་གསུང་བ་ལྟར་ན།  ལྷོ་ཕྱོགས་དཔལ་གྱི་རི་བོའི་ཁུལ་དུ་གཙུག་ལག་སློབ་གྲྭ་ཞིག་གསར་འཛུགས་བྱེད་རྒྱུ་ཡིན་པ་མ་ཟད།   བོད་མིའི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེིན་པོ་མཆོག་གིས་རྒྱབ་སྐྱོར་ཡོད་པའི་ wellness centreཞེས་པའི་བདེ་ཐང་གི་ལྟེ་གནས་ཤིག་ཀྱང་འཛུགས་འཆར་ཡོད་པ་དང་། དེ་བཞིན་བྷང་ལོར་དུ་རྟེན་གཞི་བྱས་པའི་ Maha Bodhi Society  དང་ཐེ་ཝན་དུ་རྟེན་གཞི་བྱས་པའི་ Fo Guang Shan ཞེས་པའི་དགོན་པ་གཉིས་ཀྱི་སྦྱིན་བདག་གི་འོག    ཁུལ་དེར་དགོན་པ་གཉིས་ཀྱང་གསར་རྒྱག་བྱེད་རྒྱུ་ཡིན་པར་བསྒྲགས་འདུག

རེས་གཟའ་ལྷག་པ། ༢༠༢༢།༠༡།༠༥

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ Cincinnati ཡི་གྲོང་སྡེའི་སྤྱི་ཁྱབ་པ་ Aftab Pureval ལགས་སུ་འཚམས་འདྲི་མཛད་པ། ཨོ་ལམ་པིཀ་རྩེད་འགྲན་པར་པེ་ཅིན་གྱི་འགྲན་ཚོགས་ནང་མཉམ་ཞུགས་བྱ་རྒྱུ་མེད་པའི་རེ་འབོད། དེ་རིང་གངས་སྐྱིད་གཙོས་རྡ་ས་ཁུལ་དུ་བོད་མི་སོ་བདུན་ཙམ་ལ་གཉན་རིམས་ཕོག་པ། ལྷོ་ཕྱོགས་བོད་མིའི་གཞི་ཆགས་ནང་ལོ་ ༡༥ ནས་ ༡༨ བར་གྱི་བོད་མི་༡༡༠༠ ལྷག་ཙམ་ལ་འགོག་ཁབ་སྐྱོན་འདུག ཧྥ་རན་སིའི་ཡུ་རོབ་མཐུན་ཚོགས་ཀྱིི་འགན་བཞེས་རིང་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཞུ་སྐུལ། འཕགས་བོད་མཐའ་མཚམས་སུ་རྒྱ་གར་རྒྱལ་དར་སྒྲེང་འཛུགས་ཀྱིས་རྒྱ་ནག་ལ་རྒོལ་ལན། Wednesday 05/01/2022 Tibetan American Aftab Purewal sworn in as Cincinnati’s Mayor, receives HHDL’s blessing Time to end ‘sportswashing’, athletes urged to extend support: Beijing Olympics boycott 37 Tibetans test positive for covid in Dharamsala today Over 1100 Tibetan teens receive first dose of Covid vaccine in South India France urged to stand up for Tibetan human rights during EU Presidency Indian army busts Chinese propaganda video, shares pictures of Indian flag at Galwan

དེ་རིང་གངས་སྐྱིད་གཙོས་རྡ་ས་ཁུལ་དུ་བོད་མི་སོ་བདུན་ཙམ་ལ་གཉན་རིམས་ཕོག་པ།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་གཙོས་རྡ་ས་ཁུལ་ནས་བོད་མི་༣༧ ལ་ཏོག་དབྱིབས་ཀྱི་ནད་གཞི་ཕོག་ཡོད་པ་དང་དེའི་ཁོངས་ནས་ཕལ་ཆེ་བར་ནད་རྟགས་མངོན་གསལ་བྱུང་འདུགཉེ་བའི་ཟླ་ཤས་ནས་བཞུགས་སྒར་རྡ་ས་གཙོས་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་དེ་དེ་སྔ་ལས་ཅུང་ཇེ་བཟང་དུ་ཕྱིན་ཡོད་ཀྱང་། བར་ལམ་ནས་རྒྱལ་སྤྱིའི་ཁྱོན་དང་སྒོས་སུ་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་ནང་དུ་གཉན་སྲིན་གསར་པ་ཨོ་མི་ཀི་རོན་ཞེས་པ་དེ་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་ཁྲོད། དེ་རིང་ཉིན་གུང་བར་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་གཙོས་རྡ་ས་ཁུལ་ནས་བོད་མི་ཁྱོན་༡༣་དང་ཕྱི་དྲོར་ ༢༤ ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་གཞི་ཕོག་ཡོད་པའི་ཁྲོད་ད་ལྟའི་ཆར་བཞུགས་སྒར་ཁུལ་དུ་བོད་མི་གཉན་རིམས་ཕོག་ཡོད་མཁན་ཁྱོན་སྡོམས་༥༧ ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར། ཁོང་གིས་དེ་རིང་གངས་སྐྱིད་ནས་ནད་གཞི་ཕོག་མཁན་བོད་མི་བཅུ་གསུམ་བྱུང་བའི་ཁོངས་ནས་གཉིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་མ་གཏོགས་གཞན་རྣམས་གངས་སྐྱིད་དང་རྡ་སའི་གཡས་གཡོན་དུ་སྡོད་མཁན་ཆགས་ཀྱི་ཡོད་པ་དང་ད་ཆ་ནད་གཞི་ཕོག་མཁན་རྣམས་དེ་མ་ཐག་ཏུ་རང་ཉིད་ཀྱི་ཚོགས་པའི་གོ་སྒྲིག་ཞུས་པའི་གཉན་རིམས་གསོ་བཅོས་ཁང་དུ་ཕེབས་དགོས་ཀྱི་ཡོད་པ་གསུངས་སོང་། གསར་འགོད་པས་ཀུན་བཟང་ལགས་སུ་ད་ཆ་རྡ་ས་ཁུལ་དུ་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་དེ་ཇེ་མང་དུ་འགྲོ་བཞིན་པར་སྔོན་འགོག་དང་འབྲེལ་བའི་གྲ་སྒྲིག་གནང་ཕྱོགས་ཐད་བཅར་འདྲི་ཞུས་པར། ཁོང་གིས་སྤྱིར་ང་ཚོ་ལོ་གཉིས་ཙམ་གྱི་རིང་ནས་གཉན་རིམས་འདིར་གདོང་ལེན་གནང་ནས་བཞུགས་ཡོད་སྟབས་ནད་གཞི་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་སྐབས་ཞེད་སྣང་གནང་བ་ལས་ འདས་པའི་དུས་ཡུན་ལས་སློབ་གསོ་བླངས་ཏེ་རང་ཉིད་ཀྱིས་སྔོན་འགོག་གནང་གལ་ཡིན་པ་དང་ལྷག་དོན་རྣམ་པ་འགྱུར་བའི་གཉན་སྲིན་གསར་པ་ཨོ་མི་ཀི་རོན་ཞེས་པ་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་རྒྱལ་སྤྱིའི་ཁྲོད་ཀྱི་མཁས་དབང་མང་པོས་དེར་ཛ་དྲག་དེ་ཙམ་མེད་སྐོར་གསུངས་བཞིན་ཡོད་པ་དེ་ལྟར་ཡང་གཉན་སྲིན་གསར་པའི་ཁྱབ་གདལ་གྱི་མྱུར་ཚད་མགྱོགས་པོ་ཡོད་སྟབས་ཚང་མས་གཟབ་ནན་གནང་དགོས་པའི་གཞེན་སྐུལ་གནང་སོང་། སྤྱིར་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་དང་འབྲེལ་རྒྱ་གར་ལྟ་བུར་མཚོན་ན། དེ་རིང་རྒྱ་གར་ནང་དུ་འདས་པའི་ཚོུད་ ༢༤ ནང་དུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་གྲངས་ ༥༨༠༠༠ ཙམ་ཞིག་བྱུང་ཡོད་པ་དང་དེ་ནི་ད་བར་ངོ་བོ་འགྱུར་བའི་ནད་རླབས་མཆེད་པ་ནས་གཉན་རིམས་འགོས་ཁྱབ་ཀྱི་བརྒྱ་ཆ་མཐོ་ཤོས་དེ་ཆགས་ཀྱི་འདུག གཞི་རྩའི་བདུན་ཕྲག་སྔོན་མའི་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ ༡༩ ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༩༢ པ་སྤེལ་བར་གཞིགས་ན། སྐབས་དེར་བཙན་བྱོལ་འདུས་སྡོད་རྒྱ་བལ་གཉིས་ནང་ཏོག་དབྱིབས་གཉན་རིམས་ ༡༩ འི་ནད་གཞི་ཕོག་པ་མི་གྲངས་ ༦༩༨༨ བྱུང་བའི་ཁྲོད་ནས་དྲག་སྐྱེས་ཟིན་པ་ ༦༨༡༥ དང་འདས་གྲོངས་སུ་ཕྱིན་པ་ ༡༦༢ དེ་བཞིན་ནད་མནར་བཞིན་པའི་བོད་མི་གྲངས་ ༡༡ ཡོད་འདུག ད་ལྟའི་ཆར་བཞུགས་སྒར་རྡ་སར་མཚོན་ན་ཁྱོན་བོད་མི་ ༥༧ ལ་ནད་གཞི་ཕོག་ཡོད་འདུག

ལྷོ་ཕྱོགས་བོད་མིའི་གཞི་ཆགས་ནང་ལོ་༡༥ ནས་༡༨ བར་གྱི་བོད་མི་༡༡༠༠ ལྷག་ཙམ་ལ་འགོག་ཁབ་སྐྱོན་འདུག

རྒྱ་གར་དབུས་གཞུང་གི་ལམ་སྟོན་ལྟར་ཟླ་བ་འདིའི་ཚེས་ ༣་ནས་བཟུང་ལོ་ན་༡༥ ནས་༡༨ སོན་པའི་ན་གཞོན་རྣམས་ལ་ཏོག་དབྱིབས་ཀྱི་སྔོན་ཁབ་དང་པོ་དེ་སྐྱོན་་རྒྱུ་དབུ་འཛུགས་གནང་བ་ལྟར།རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞི་ཆགས་ཁག་ལྔའི་ནང་ད་བར་རང་ལོ་  ༡༥  ནས་   ༡༨ སོན་པའི་བོད་མི་ན་གཞོན་གྲངས་ ༤༠༠ ལྷག་ཙམ་ལ་ཏོག་དབྱིབས་༡༩ སྔོན་ཁབ་རིམ་པ་དང་པོ་དེ་རྒྱབ་ཟིན་འདུག དེ་ཡང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ལ་མཚོན་ན་ས་གནས་ཀྱི་འཕྲོད་བསྟེན་སྨན་ཁང་དུ་ཉིན་དང་པོར་རང་ལོ་༡༥ ནས་༡༨  སོན་པའི་གདན་ས་དགའ་ལྡན་དང་འབྲས་སྤུངས། བྱང་རྩེ་བཅས་ཀྱི་གྲྭ་ཆུང་༣༡༩ ཙམ་ལ་འགོག་ཁབ་སྐྱོན་འདུག སྤྱིར་དེ་སྔའི་་ཐོ་གཞུང་དང་བསྡུར་སྐབས་གཞིས་ཆགས་དེའི་ནང་རང་ལོ་༡༥་ནས་༡༨ སོན་པའི་ན་གཞོན་༦༥༥ ཡོད་ཀྱང་། ད་ལྟའི་ཆར་རྒྱ་གར་སྨན་ཁང་ནས་འགོག་ཁབ་ཆ་ཚང་འབྱོར་མེད་སྟབས། བྱིས་པ་ལྷག་འཕྲོ་རྣམས་ཀྱི་ཆེད་དུ་འགོག་ཁབ་ལ་སྒུག་བཞིན་འདུག   མོན་གྷོ་འདོད་རྒུ་གླིང་ནང་དུ་སྤྱི་ཡོངས་ནས་ཏོག་དབྱིབས་ནད་གཞི་ཕོག་མཁན་མི་གཅིག་མ་གཏོགས་མེད་པས་ད་ལྟའི་ཆར་གནས་སྟངས་ཡག་པོ་ཡོད་པར་འགྲེལ་བརྗོད་གནང་གི་འདུགཡང་ཀོ་ལེ་གྷལ་དོན་ལྡན་གླིང་གི་ནང་དུ་་གྲྭ་ཆུང་གཙོས་པའི་ལོ་ན་༡༥  ནས་  ༡༨་སོན་པ་ཁྱོན་༡༣༩  ལ་སྔོན་ཁབ་རྒྱབ་འདུག་པ་དང་། ཧུན་སུར་རབ་རྒྱས་གླིང་ལ་མཚོན་ན། ད་ལྟའི་ཆར་ཁུལ་དེའི་ནང་ལོ་༡༥ ནས་༡༨སོན་པའི་ཕྲུ་གུ་གྲངས ༦༠ ལ་འགོག་ཁབ་སྐྱོན་ཚར་ཡོད་པ་དང་། ས་གནས་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ལ་དེ་སྔ་ཆམས་ནད་འགོག་པའི་སྨན་ཁབ་སྐྱོན་ཡོད་སྟབས་བདུན་ཕྲག་གཅིག་ཙམ་བར་མཚམས་བཞག་རྗེས་སུ་མུ་མཐུད་ནས་དགོན་པའི་གྲྭ་ཆུང་རྣམས་ལ་འགོག་ཁབ་སྐྱོན་རྒྱུ་རེད་འདུག  རྩ་བའི་གཞིས་ཆགས་དེའི་ནང་ཟླ་བ་མང་པོར་ཏོག་དབྱིབས་ཕོག་མཁན་གཅིག་ཀྱང་མེད་ནའང་ཉེ་ཆར་དགུན་ཚོང་ལ་བསྐྱོད་མཁན་ཞིག་ལ་ནད་གཞི་ཕོག་འདུག དེ་དང་ཆབས་ཅིག  སྦེལ་ཀོབ་བོད་མིའི་གཞི་ཆགས་ཀྱི་ན་ཆུང་ལོ་ན་༡༥་ནས་༡༨་སོན་པ ༧༥ དང་།  སེར་བྱེས་ཀྱི་གྲྭ་ཕྲུག་༢༠༧  དེ་བཞིན་སེར་སྨད་དུ་གྲྭ་ཕྲུག་ ༢༠༡ གཞན་ཡང་་རྣམ་གྲོལ་གླིང་གི་གྲྭ་ཕྲག་༣༥༩ བཅས་ཁྱོན་སྡོམས་་སྦེལ་ཀོབ་གཞི་ཆགས་ཀྱི་སློབ་ཕྲུག་དང་གདན་སའི་དགེ་འདུན་པ་ཁྱོན་སྡོམས་༨༤༢ ་ལ་འགོག་ཁབ་སྐྱོན་འདུག་པ་དང་ད་ལྟའི་ཆར་སྦེལ་ཀོབ་གཞི་ཆགས་ནང་ཏོག་དབྱིབས་ནད་པ་གཉིས་འདུགགཞི་རྩའི་རྒྱ་གར་ནང་ད་སྐབས་སླར་ཡང་ཉིན་རེ་བཞིན་ཏོག་དབྱིབས་ནད་གཞི་གསར་པ་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཁྲོད། ཁ་སང་རྒྱ་གར་ལྷོ་ཕྱོགས་Karnataka མངའ་སྡེའི་གཞུང་གིས་རྒྱལ་ས་བྷང་ལོར་ ནང་གཟའ་མཇུག་རིང་ཁྱིམ་སྡོད་བཀའ་རྒྱ་བཏང་བ་དང་། སྔར་ནས་མཚན་མོར་མང་ཚོགས་ཀྱི་འགྲུལ་སྐྱོད་བཀག་སྡོམ་བྱས་པ་དེ་བདུན་ཕྲག་གཉིས་ལ་འཕར་འགྱངས་བཏང་བ་མ་ཟད།  ད་ལྟའི་ཆར་ནད་གཞི་ཁྱབ་བརྡལ་མྱུར་བས་བྷང་་ལོར་ནང་གི་མཐོ་སློབ་འགའ་ཤས་སྒོ་རྒྱབ་ཏེ་དྲ་རྒྱ་བརྒྱུད་འཛིན་གྲྭ་འཚོགས་བཞིན་འདུག ད་ལྟའི་ཆར་ལྷོ་ཕྱོགས་བོད་མིའི་གཞི་ཆགས་ཁག་ཏུ་ཏོག་དབྱིབས་ཀྱི་གནས་སྟངས་ཛ་དྲག་ཆེན་པོ་་དེ་ཙམ་མེད་ཀྱང་། ཕྱི་མི་སུ་འདྲ་ཞིག་གཞིས་ཆགས་ནང་ཕེབས་ཚེ་ངེས་པར་དུ་ཏོག་དབྱིབས་ནད་གཞི་ཕོག་མེད་པའི་ཡིག་ཆ་དགོས་པ་མ་ཟད། ཉིན་བདུན་ངེས་པར་དུ་ཟུར་བཀག་ལ་བཞུགས་དགོས་ཀྱི་ཡོད་པ་རེད་འདུག

Latest news