Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2022

༸གོང་ས་མཆོག་གིས་Cincinnati ཡི་གྲོང་སྡེའི་སྤྱི་ཁྱབ་པ་ Aftab Pureval ལགས་སུ་འཚམས་འདྲི་མཛད་པ།

ཁ་སང་བོད་རིགས་ཨ་རི་བ་ Aftab Pureval ལགས་ཀྱིས་ཨ་རིའི་ Cincinnati ཡི་གྲོང་སྡེའི་སྤྱི་ཁྱབ་ཀྱི་ལས་ཁུར་དང་དམ་བཅའ་འབུལ་བཞེས་དང་སྦྲགས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་དགའ་བསུའི་འཚམས་འདྲི་མཛད་འདུགབདམས་ཐོན་ཨ་རིའི་ Cincinnati ཡི་གྲོང་སྡེའི་སྤྱི་ཁྱབ་པ་གསར་པའི་དམ་འབུལ་མཛད་སྒོ་དེ་ཁ་སང་སྔ་དྲོ་ཁུལ་དེར་རྟེན་གཞི་བྱས་པའི་ Washington Park གི་ནང་དུ་ཚོགས་ཡོད་པ་དང་མཛད་སྒོའི་ཐོག་ཨ་རིའི་ Kentucky དང་ Indiana དེ་བཞིན་ Ohio མངའ་སྡེ་སོགས་ནས་བོད་རིགས་ཚོགས་པའི་ཚོགས་མི་ཁག་ཅིག་མཉམ་ཞུགས་གནང་ཡོད་པ་མ་ཟད། སྐབས་དེར་ཁོང་རྣམས་ཀྱིས་སྐུ་ཞབས་ Aftab ལགས་སུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་སྩལ་བའི་འཚམས་འཕྲིན་དེ་ཕུལ་འདུག འཚམས་འཕྲིན་དེའི་ནང་༸གོང་ས་མཆོག་གིས་ད་བར་བོད་མི་ཚོ་དང་མཇལ་མོལ་མཛད་པའི་བརྒྱུད་རིམ་ཁྲོད་བོད་མི་རྣམས་གནས་སྟངས་འདྲ་མིན་ལ་མ་ལྟོས་པའི་རང་དང་རང་ཉིད་ཀྱི་བུ་ཕྲུག་རྣམས་ནས་བོད་མིའི་ངོ་བོ་དེ་རྒྱུན་འཛིན་གནང་པའི་ཐོག་ནས་རང་གི་གནས་ཡུལ་རྒྱལ་ཁབ་ཁག་ཏུ་ཞབས་འདེགས་འདྲ་མིན་ཞུ་བཞིན་པ་མཇལ་རྒྱུ་ཡོད་པ་དེ་བློ་སྤོབས་སྐྱེད་གཞི་ཡིན་པར་བཀའ་སྩལ་འདུག ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་ད་རེས་བོད་རིགས་ཨ་རི་བ་ཞིག་ཡུལ་དེའི་ Cincinnati ཡི་གྲོང་སྡེའི་སྤྱི་ཁྱབ་ལ་ཆེས་ཐོག་མར་འོས་འདེམས་བྱུང་བ་བཞིན་བོད་ཀྱི་རིག་གཞུང་གཅེས་ནོར་གནང་མཁན་གཞན་རྣམས་ནས་ཀྱང་དེ་དེ་བཞིན་གནང་ཐུབ་པའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་བ་མ་ཟད། སྐུ་ཞབས་ཁོང་ནས་གཞན་གྱི་ཁེ་ཕན་སླད་སྤྱི་ཚོགས་ཞབས་ཞུའི་བྱ་བ་སྒྲུབ་པའི་སྐབས་སུ་རང་ཉིད་ཀྱི་ས་ཁུལ་ནང་གནས་བཞིན་པའི་ཁ་རྗེ་དབང་ཐང་དེ་ཙམ་མེད་མཁན་གྱི་སྐྱེ་བོ་དག་ལ་དམིགས་བསལ་གྱིས་སེམས་བཟང་པོའི་ཐོག་ནས་རོགས་རམ་གནང་ཐུབ་པའི་ཡིད་ཆེས་ཡོད་སྐོར་ལམ་སྟོན་མཛད་འདུགཕ་རྒྱ་གར་བ་དང་ཨ་མ་བོད་རིགས་ཡིན་པ། ཨ་རིར་འཚར་ལོངས་བྱུང་བའི་ན་གཞོན་དགུང་ལོ་ ༣༩ ལ་ཕེབས་པའི་སྐུ་ཞབས་ Aftab Karma Singh Pureval ལགས་སུ་ད་རེས་༸གོང་ས་མཆོག་གིས་དགའ་བསུའི་འཚམས་འཕྲིན་སྩལ་ཡོད་པ་དང་འབྲེལ། སྐུ་ཞབས་ཁོང་གིས་རང་ཉིད་ཀྱི་ Twitter དྲ་གནས་སུ་ཁོང་བོད་རིགས་ཨ་རི་བ་ཞིག་ཡིན་པའི་ཆ་ནས་༸གོང་ས་མཆོག་གིས་ཁོང་ལ་ངོས་འཛིན་གྱིས་འཚམས་འཕྲིན་སྩལ་བ་དེ་ནི་ཧ་ཅང་གི་སྤྲོ་སེམས་འཁོལ་བ་དང་དམིགས་བསལ་ཆེ་བསྟོད་བྱ་ཡུལ་ཞིག་ཡིན་པར་མ་ཟད། རང་ཉིད་ཀྱི་གནས་ཡུལ་གྲོང་སྡེ་ནང་མགོན་པོ་༸གང་ཉིད་མཆོག་གི་རླབས་ཆེན་མཛད་རྗེས་དག་ངོ་སྤྲོད་བྱ་རྒྱུ་ནི་རང་ཉིད་ཀྱི་འོས་འགན་ཞིག་ལ་ངོས་འཛིན་གནང་སྟེ་༸གང་ཉིད་མཆོག་ཨ་རིའི་ Cincinnati ཡི་གྲོང་སྡེར་ཆིབས་སྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་འདུག རྩ་བའི་སྔ་ལོ་ཕྱི་ཟླ་༡༡ ནང་ཨ་རིའི་ Ohio མངའ་སྡེའི་ Cincinnati ཡི་གྲོང་སྡེའི་སྤྱི་ཁྱབ་ཀྱི་འོས་བསྡུ་ནང་བོད་རིགས་ཨ་རི་བ་ Aftab Pureval ལགས་སུ་འོས་གྲངས་བརྒྱ་ ༦༤ ཐོག་ནས་གྲོང་སྡེའི་སྤྱི་ཁྱབ་ཀྱི་འོས་བསྡུའི་རྒྱལ་ཁབ་ཐོབ་ཡོད་པ་དང་ཨ་རིའི་ནང་འཚར་ལོངས་བྱུང་བའི་བོད་རིགས་ཤིག་ཨ་རིའི་གྲོང་ཁྱེར་ཆེ་གྲས་ཤིག་གི་གྲོང་སྡེའི་སྤྱི་ཁྱབ་ལ་འོས་འདེམས་བྱུང་བ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།  

རེས་གཟའ་མིག་དམར། ༢༠༢༢།༠༡།༠༤

ཉན་པ།: Listen ཕབ་ལེན། Download རྒྱ་ནག་གི་དགུན་དུས་ཀྱི་ཨོ་རྩལ་ངོ་རྒོལ་ལས་འགུལ་ལ་བོད་མིས་མཉམ་ཞུགས། རྒྱ་གར་བའི་བོད་དོན་རྐང་འཁོར་སྐོར་སྐྱོད་པ་ Pondicherry ལ་འབྱོར་འདུག ཧོང་ཀོང་གི་བརྒྱུད་ལམ་གཉིས་སྒོ་རྒྱག་རྒྱུ་དང་འབྲེལ་གསར་འགོད་རང་དབང་ཉམས་དམས། བོད་རྒྱལ་ཡོངས་སིལ་པོལ་རུ་ཁག་གིས་རྒྱལ་སྤྱིའི་འགྲན་ཚོགས་ནང་ཞུགས་རྒྱུར་གྲ་སྒྲིག ཨོ་མི་ཀི་རོན་ནད་དུག་འཇོམས་ཐབས་སུ་སྤྱན་རས་གཟིགས་དང་དཱ་རེའི་གཟུགས་སྔགས་གསོག་སྒྲུབ་གནང་དགོས། གླུ་གཞས་ལས་རིམ། སྐལ་བཟང་ཆོས་སྐྱིད་ལགས་ཀྱིས་བླངས་བའི་མཛའ་གཞས་ཟླ་བ་སྒྲོལ་མ། Tuesday 04/01/2022 Tibetans join Global Day of Action against Beijing 2022 Olympics Lone Indian cyclist for Tibet arrives to a warm welcome in Pondicherry Hong Kong free press faces collapse as second news site announces closure Tibetan national Basketball team gears up for UNB tournament MUSIC FEATURE: ‘Dawa Dolma’ by Kelsang Chukie Tethong

རྒྱ་ནག་གི་དགུན་དུས་ཀྱི་ཨོ་རྩལ་ངོ་རྒོལ་ལས་འགུལ་ལ་བོད་མིས་མཉམ་ཞུགས།

རྒྱ་ནག་གྱི་རྒྱལ་ས་པེ་ཅང་ནང་དུ་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་དགུན་དུས་ཨོ་ལོམ་པིག་རྩེད་འགྲན་དངོས་སུ་འགོ་འཛུགས་བྱེད་པར་ཟླ་བ་གཅིག་ཏག་ཏག་ལས་མེད་པའི་ཉིན་མོ་དང་བསྟུན་དེ་རིང་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ས་གནས་གང་སར་བཞུགས་པའི་བོད་མི་དང་། ཡུ་གུར་བ། དེ་བཞིན་ཧོང་ཀོང་དང་ཐེ་ཝན། ལྷོ་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ལས་འགུལ་བ་རྣམས་ནས་རྒྱ་ནག་ནང་འཚོགས་རྒྱུའི་ཨོ་ལོམ་པིག་རྩེད་འགྲན་ནང་མཉམ་ཞུགས་བྱེད་རྒྱུ་མེད་ལ། རྩེད་འགྲན་དེ་རྩ་བརླགས་སུ་གཏོང་དགོས་ཞེས་འཁོད་པའི་འབོད་ཚིག་དང་སྦྲགས་ལས་འགུལ་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་པ་ལྟར། རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་ཐུན་མོང་ནས་ཀྱང་དེ་འབྲེལ་ལས་འགུལ་ཞིག་སྤེལ་སོང་།    དེ་ཡང་དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་ཁུངས་ཀྱི་མདུན་ཐང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བེུད་ལྷན་ཚོགས། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱི་རྒྱུན་ལས་གཙོས་པའི་ལས་བྱེད་རྣམ་པ་ལྷན་འཛོམས་ཐོག རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་། ལྷག་པར་དུ་བོད་དང་ཤིང་ཅང་། ཧོང་ཀོང་། དེ་བཞིན་ལྷོ་སོག་དང་ཐེ་ཝེན་བཅས་ཀྱི་ནང་ལ་ཆོས་དད་དང་སྨྲ་བརྗོད་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་དང་། མི་རིགས་འདྲ་མཉམ་གྱི་ཐོབ་ཐང་འཕྲོག་པ། སྐད་ཡིག་གཙོས་པའི་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པ་སོགས་འཁོད་པའི་འཕྲེད་དར་འཕྱར་ཏེ་རྒྱ་ནག་གཞུང་གི་བྱེད་བབ་ཁག་ཐེར་འདོན་དང་སྦྲགས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེར་བསྟན་ཡོད།  ལྷག་པར་དུ་སྐབས་དེར་གཏམ་བརྗོད་ཀྱི་ལམ་ནས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་གཙོ་འཛིན་Thomas Bach གྱིས་རྒྱ་ནག་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཤེས་བཞིན་དུ་དུ་དཔལ་འབྱོར་གྱི་ཁེ་ཕན་སོགས་ལ་གཞིགས་ཏེ་རྒྱ་ནག་ཚོགས་རྒྱུའི་ཨོ་ལོམ་པིག་རྩེད་འགྲན་ལ་རྒྱབ་སྐྱོར་བྱས་པ་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་དང་ལག་བབྲེལ་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་རྩིད་མེད་རྡོལ་རོལ་བཏང་བཞིན་ཡོད་པ་གསལ་སྟོན་དང་སྦྲགས། གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་ལྔ་ནས་ད་རེས་རྒྱ་ནག་ནང་ཚོགས་རྒྱུའི་ཨོ་ལོམ་པིག་རྩེད་འགྲན་དེ་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། ཨོ་ལོམ་པིག་རྩེད་འགྲན་ལ་རྒྱབ་སྐྱོར་གནང་མཁན་གྱི་སྦྱིན་བདག་ཁག དེ་བཞིན་མང་གཙོ་དང་རང་དབང་ལ་དགའ་ཞེས་ཡོད་མཁན་གྱི་མང་ཚོགས་ཡོངས་ནས་མཉམ་ཞུགས་མ་གནང་རོགས་ཞེས་རེ་སྐུལ་གནང་ཡོད།   མ་ཟད་ཚོགས་ཁག་ལྔ་ནས་དེ་རིང་གི་ལས་འགུལ་དང་འབྲེལ་ཡོངས་གྲགས་གནང་པའི་གསར་འགོད་བསྒྲགས་གཏམ་དེའི་ནང་ལ་ཉེ་ཆར་ཨ་རི་དང་ལི་ཐུའུ་ནི་ཡ། དབྱིན་ཡུལ་དང་ཁེ་ན་ཊ་སོགས་རྒྱལ་སྤྱིའི་རང་དབང་ཅན་གྱི་རྒྱལ་ཁབ་ཆེ་གྲས་ཁག་ཅིག་ནས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨ་རྩལ་ཐོག་ལ་གཞུང་འབྲེལ་སྐུ་ཚབ་མི་སྣ་མི་གཏོང་རྒྱུའི་ཐག་གཅོད་གསལ་བསྒྲགས་གནང་པ་ལྟར། རྒྱ་གར་གྱི་ངོས་ནས་ཀྱང་གནས་སྐབས་ཀྱི་ཁེ་ཕན་ལ་མི་གཟིགས་པར། རྒྱ་ནག་གི་དགུན་དུས་ཨོ་རྩལ་སྐབས་གཞུང་འབྲེལ་སྐུ་ཚབ་མི་སྣ་མི་གཏོང་རྒྱུའི་ཐག་གཅོད་གནང་དགོས་པའི་དགོས་འདུན་བཏོན་འདུག སྐབས་དེའི་ལས་འགུལ་ཁག་གྲུབ་མཚམས་སུ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་སུ་ད་བར་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་ལོམ་པིག་རྩེད་འགྲན་དང་འབྲེལ་བའི་ལས་འགུལ་སྤེལ་བ་ཁག་གི་སྐོར་དང་འབྲེལ་བཅར་འདྲི་ཁག་ཅིག་ཞུ་སྐབས། དེ་རིང་ནས་བཟུང་ཏེ་ཚོགས་པ་ཁག་ཐུན་མོང་དང་། ཡང་སྐབས་རེ་ཚོགས་པ་སྒེར་སོ་སོའི་ངོས་ནས་མུ་མཐུད་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་། ལྷག་པར་དུ་ཨ་རི་གཙོས་པའི་རྒྱལ་ཁབ་ཆེ་གྲས་ཁག་ཅིག་གིས་རྩེད་འགྲན་དངོས་ཀྱི་སྐབས་སུ་གཞུང་འབྲེལ་གྱི་སྐུ་ཚབ་མི་སྣ་མི་གཏོང་རྒྱུའི་ཐག་གཅོད་བྱས་པ་དེ་ནི་ད་བར་སྤེལ་བའི་ལས་འགུལ་གྱི་གྲུབ་འབྲས་ཤིག་ལ་ངོས་འཛིན་གནང་གི་ཡོད་པར་གསུངས་བྱུང་། གཞན་ཡང་དེ་རིང་རྡ་རམ་ས་ལ་ཙམ་མ་ཟད། སྦེལ་ཇམ་གྱི་གྲོང་ཁྱེར་ Antwerp ནང་དུ་ཡུ་གུར་བ་གཙོས་པའི་ས་གནས་སུ་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་སོགས་མཉམ་ཞུགས་ཐོག་ནས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ལ་ངོ་རྒོལ་དང་སྦྲགས། རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོལ་རོལ་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་པ་མ་ཟད། བཀག་སྐྱིལ་ཁང་ཁག་ཏུ་བཀག་ཉར་བྱེད་བཞིན་པའི་ཡུ་གུར་བ་རྣམསགློད་གྲོལ་དགོས་པ་སོགས་ཀྱི་འབོད་ཚིག་བསྒྲགས་པའི་ཐོག་སྐད་འབོད་གནང་འདུགམ་ཟད་ཨོ་གླིང་གི་གྲོང་ཁྱེར་ Brisbane ནང་དུ་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱི་གཙོས་པའི་ས་གནས་བོད་མི་དང་ཡུ་གུར་བ། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་ལྷན་འཛོམས་གནང་སྟེ་རྒྱ་ནག་གཞུང་གིས་ཤིང་ཅང་དང་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པའི་བྱ་སྤྱོད་སོགས་ཐེར་འདོན་དང་སྦྲགས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད།

རྒྱ་གར་བའི་བོད་དོན་རྐང་འཁོར་སྐོར་སྐྱོད་པ་ Pondicherry ལ་འབྱོར་འདུག

ཉེ་ལམ་ཕྱི་ཟླ་ ༡༢ པའི་ཚེས་ ༡༠ ཉིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་ནས་བྷང་ལོར་གྲོང་ཁྱེར་བར་རྐང་འཁོར་སྐོར་སྐྱོད་བརྒྱུད་བོད་དོན་གོ་རྟོགས་སྤེལ་མཁན་རྒྱ་གར་བ་སྐུ་ཞབས་ Sandesh Meshram འམ་བོད་མིང་དུ་བསམ་བསྟན་ཡེ་ཤེས་ལགས་ཞུ་བ་ཁོང་ཁ་སང་ Pondicherry   ལ་འབྱོར་འདུགསྐུ་ཞབས་ Meshram ཁ་སང་ཁུལ་དེར་འབྱོར་མ་ཐག་དེ་གའི་ས་གནས་སུ་ཆགས་པའི་  Auroville ནང་གནས་སྡོད་བོད་མི་རྣམས་ནས་ཁོང་ལ་ཕེབས་བསུ་ཟབ་རྒྱས་ཞུས་པ་མ་ཟད། དེ་རིང་སྔ་ཐོག་ཕྱག་ཚོད་༡༡་༣༠ ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པས་ཁོང་ལ་དམིགས་བསལ་སྣེ་ལེན་གྱིས་མཛད་སྒོ་ཞིག་གོ་སྒྲིག་གནང་བའི་ཐོག མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ N. Rangasamy  མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་ R Selvam མཆོག་གཙོ་བོར་གྱུར་བའི་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ཆེད་ཕེབས་གནང་འདུག རྩ་བའི་སྐུ་ཞབས་ Sandesh Meshram ལགས་རྒྱ་གར་Maharashtra མངའ་སྡེའི་ Nagpur གྲོང་ཁྱེར་ནས་ཡིན་པ་དང་། ཁོང་གིས་ད་བར་བོད་དོན་ཆེད་འདི་ལྟ་བུའི་རྐང་སྐོར་བསྐྱོད་ཀྱི་ལས་འགུལ་ཐེངས་ལྔ་སྤེལ་མྱོང་ཡོད་པ་རེད། འདི་གའི་གསར་འགོད་པས་ཁོང་ལ་ཐེངས་འདིའི་ལས་འགུལ་སྐོར་ལ་ཞལ་པར་བརྒྱུད་བཀའ་འདྲི་ཞུ་པར་ཁོང་གིས་བོད་དོན་གོ་རྟོགས་ལས་འགུལ་སྤེལ་བ་ད་རེས་གཅིག་པུ་མིན་པར་ཐེངས་ལྔ་ཙམ་གནང་ཚར་དུས་དམིགས་བསལ་དཀའ་ངལ་གང་ཡང་བྱུང་མེད་ཀྱང་། སྐབས་རེ་ལྷོ་ཕྱོགས་ཁུལ་ལ་ཧིན་དི་སྐད་མི་ཤེས་མཁན་མང་པོ་ཡོད་དུས་གོ་བརྡ་མ་འཕྲོད་པ་སོགས་ཀྱི་དཀའ་ངལ་རིམ་པ་འཕྲད་ཀྱང་། བོད་མི་ཚོས་ཁོང་ས་གནས་གང་ལ་འབྱོར་ཡང་སྣེ་ལེན་ཡག་པོ་གནང་གི་ཡོད་པ་མ་ཟད། ལྷག་པར་ཐེངས་འདིའི་ལས་འགུལ་ཁྲོད་རྒྱ་གར་བ་ཚོས་ཀྱང་བོད་དོན་ཐོག་གོ་རྟོགས་ཡག་པོ་ཡོད་པའི་ཚོར་བ་ཞིག་བྱུང་ཅེས་འགྲེལ་བརྗོད་གནང་བྱུང་། སྤྱིར་སྐུ་ཞབས་ Meshram འམ་བསམ་གཏན་ཡེ་ཤེས་ལགས་ཀྱིས་བོད་དོན་ཆེད་རྐང་འཁོར་ཀྱི་ལས་འགུལ་མཐའ་མ་དེ་ཕྱི་ལོ་ ༢༠༡༩ ལོར་སྤེལ་ཡོད་ཀྱང་། བར་ལམ་ཁོང་གི་ཁྲག་ཤེད་སྐྱོ་པོ་ཆགས་ཏེ་ལས་འགུལ་མཚམས་འཇོག་དགོས་བྱུང་བའི་རྐྱེན་གྱིས་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་ལ་བསྐྱོད་ཐུབ་མེད་པར་བརྟེན་ཐེངས་འདིའི་ལས་འགུལ་དེ་བཞིན་མོན་གྷོ་འདོད་རྒུ་གླིང་ནས་ལྷོ་ཕྱོགས་གྲོང་ཁྱེར་བྷང་ལོར་བར་སྤེལ་རྒྱུ་ཐག་གཅོད་བྱུང་བ་ཞིག་ཡིན་པ་དང་། ད་རེས་ཀྱི་ལས་འགུལ་དེ་བརྒྱུད་གཙོ་བོ་བོད་རང་བཙན་དང་རྒྱ་གར་གྱི་བདེ་འཇགས་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་མ་ཟད། བོད་ནང་གི་ཛ་དྲག་གི་གནས་སྟངས་དྲིལ་བསྒྲགས་དང་། ལྷག་པར་པེ་ཅིང་དུ་འཚོགས་ལ་ཉེ་བའི་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ལ་ངོ་རྒོལ་གྱི་རྣམ་པ་སྟོན་བཞིན་ཡོད་པ་རེད།སྐུ་ཞབས་  Meshram   ལགས་དེ་རིང་ Pondicherry ནས་ chennai ཕྱོགས་སུ་ཐོན་ཡོད་པ་དང་ཐེངས་འདིའི་ལས་འགུལ་ཁྲོད། རྒྱ་གར་གྱི་ལྷོ་ཕྱོགས་མངའ་སྡེ་ Kerala དང་། Tamil Nadu, Pondicherry, དེ་བཞིན་ Karnataka བཅས་ལ་ཁྱོན་སྤྱི་ལེ་༢༤༠༠ ལྷག་སྐོར་སྐྱོད་གནང་རྗེས་ཟླ་བ་འདིའི་ཚེས་ ༡༢ ཉིན་ལས་འགུལ་དེ་རྒྱལ་ས་བྷང་ལོར་ནས་མཇུག་སྒྲིལ་གནང་རྒྱུ་ཡིན་པ་རེད།།།

བོད་རྒྱལ་ཡོངས་སིལ་པོལ་རུ་ཁག་གིས་རྒྱལ་སྤྱིའི་འགྲན་ཚོགས་ནང་ཞུགས་རྒྱུར་གྲ་སྒྲིག

ཨ་རིའི་མི་ནི་སོ་ཊ་ཁུལ་དུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་ས་གནས་བོད་རིགས་ཚོགས་པའི་གོ་སྒྲིག་གི་འོག་ཟླ་བ་སྔོན་མའི་ཚེས་ ༢༦ ནས་ ༢༨ བར། ཨ་རིའི་ཁུལ་གྱི་བོད་རིགས་འདུས་སྡོད་ཀྱི་རུ་ཁག་ཁག་ཅིག་གི་དབར་སིལ་པོལ་གྱི་འགྲན་བསྡུར་གནང་བ་བརྒྱུད་ནས། རུ་ཁག་སོ་སོ་ནས་རྩེད་འགྲན་པ་དྲག་འདེམས་ཀྱིས་མི་བཅོ་ལྔ་ལས་གྲུབ་པའི་བོད་རྒྱལ་ཡོངས་སིལ་པོལ་རུ་ཁག་ཅིག་གསར་འཛུགས་དང་འབྲེལ། ད་ཆ་རུ་ཁག་དེའི་ངོས་ནས་ཨ་རིའི་ཁུལ་གྱི་རྒྱལ་ཡོངས་ཀྱི་སིལ་པོལ་འགྲན་བསྡུར་ལ་ཞུགས་རྒྱུར་གྲ་སྒྲིག་གནང་བཞིན་པ་རེད་འདུག འདི་གའི་གསར་འགོད་པའི་བྱང་ཨ་རིའི་ཁུལ་གྱི་བོད་རྒྱལ་ཡོངས་སིལ་པོལ་ཚོགས་པའི་འབྲེལ་མཐུད་པ་ཀརྨ་ལགས་སུ་སིལ་པོལ་ཚོགས་པ་གསར་འཛུགས་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས་United Nations of Basketball ཞེས་ཨ་རིའི་ཁུལ་གྱི་རྒྱལ་སྤྱིའི་སིལ་པོལ་མཉམ་འབྲེལ་ཚོགས་པ་ཞིག་དང་འབྲེལ་བ་བྱུང་བའི་གོ་སྐབས་བརྒྱུད། བཞུགས་སྒར་ཁུལ་གྱི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་གོ་བསྡུར་གྱིས་ཐེངས་འདིར་ཨ་རིའི་ཁུལ་གྱི་སིལ་པོལ་རྩེད་འགྲན་པ་དྲག་འདེམས་ཀྱིས་ཚོགས་པ་དེ་གསར་འཛུགས་གནང་བ་ཞིག་ཡིན་པར་ངོ་སྤྲོད་གནང་སོང་། གཞན་ཡང་ཁོང་གིས་ཐེངས་འདིའི་བོད་རྒྱལ་ཡོངས་སིལ་པོལ་རུ་ཁག་དེ་གང་མགྱོགས་རྒྱལ་སྤྱིའི་སིལ་པོལ་ཚོགས་པ་དེར་འཛུགས་ཞུགས་ཀྱིས་བོད་རྒྱལ་ཁབ་ཀྱི་མིང་ཐོག་ནས་འདི་ལོའི་ཟླ་བ་ལྔ་བའམ་དྲུག་པའི་ནང་དུ་ཨ་རིའི་ཁུལ་དུ་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་སིལ་པོལ་ཚོགས་པ་དེའི་འགྲན་ཚོགས་ཤིག་ལ་འཛུལ་ཞུགས་བྱེད་རྒྱུ་ཡིན་པར་གསུངས་ཀྱི་འདུག དེ་བཞིན་ཁོང་གིས། ཨ་རིའི་ནང་དུ་སིལ་པོལ་འགྲན་ཚོགས་ཁག་མང་པོ་ཡོད་དུས་བོད་མི་རྣམས་ཀྱིས་ཀྱང་གོ་སྐབས་དམ་འཛིན་གནང་ན་འཛུལ་ཞུགས་བྱེད་ཐུབ་པ་ཞིག་ཡིན་པར་ངོ་སྤྲོད་དང་སྦྲགས། ག་ལེར་རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་འཛུལ་ཞུགས་བྱེད་རྒྱུར་ཤུགས་སྣོན་གྱིས་གོ་སྐབས་ནམ་ཤར་ལ་བོད་རྒྱལ་ཁབ་ཀྱི་མིང་ཐོག་ནས་འགྲན་ཚོགས་ལ་ཞུགས་ཐུབ་ཐབས་གནང་རྒྱུ་གལ་ཆེན་ཡིན་པོ་ཡིན་པར་གསུངས་སོང་། གཞི་རྩའི་ཐེངས་འདིར་ཨ་རིའི་མི་ནི་སོ་ཊ་ཁུལ་དུ་འཚོགས་པའི་སིལ་པོལ་འགྲན་ཚོགས་ལས་དྲག་འདེམས་ཀྱིས་མི་ ༡༥ ལས་གྲུབ་པའི་བོད་རྒྱལ་ཡོངས་སི་སྤོལ་རུ་ཁག་ནང་རྩེད་འགྲན་པ་གཙོ་བོ་མི་ནི་སོ་ཊ་དང་ ཀ་ལེ་ཕོ་ནི་ཡ། དེ་བཞིན་ནེའུ་ཡོག་སོགས་ནས་རེད་འདུག རུ་ཁག་དེ་གསར་འཛུགས་བྱས་མ་ཐག་བཞུགས་སྒར་དུ་རྟེན་གཞི་བྱེས་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་དེ་གའི་ངོ་དེབ་ཐོག་ཐེངས་འདིར་བདམས་ཐོན་བྱུང་བའི་རྩེད་འགྲན་པ་ཡོངས་ལ་འཚམས་འདྲི་ཞུས་འདུག སྤྱིརབོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་བོད་རིགས་འདུས་སྡོད་ཀྱི་སྤྱི་ཚོགས་གང་སར་ཚོགས་པའི་ཡན་ལག་ཚོགས་པ་བཙུགས་ཏེ་དུས་རྒྱུན་ནས་རྐང་པོལ་དང་སིལ་པོལ་འགྲན་ཚོགས་སོགས་གོ་སྒྲིག་བྱེད་བཞིན་པ་མ་ཟད། འདས་པའི་དུས་ཡུན་ནང་བོད་རྒྱལ་ཡོངས་རྐང་པོལ་རུ་ཁག་ནས་རྒྱལ་སྤྱིའི་རྩེད་འགྲན་མི་ཉུང་བ་ཞིག་གི་ནང་ཆ་ཤས་བླངས་མྱོང་ཡོད་པ་རེད། དེའི་ཁྲོད་བོད་མི་མང་ཤོས་ཀྱིས་དོ་སྣང་བྱེད་ས་གཅིག་ནི་ལོ་འཆར་ཅན་བོད་མི་གནས་བསྡོད་ས་གནས་གང་སར་གོ་སྒྲིག་གནང་བཞིན་པའི་རྒྱལ་ཡུལ་ཆེན་མོ་དྲན་རྟེན་གསེར་གྱི་གཟེངས་རྟགས་ཞེས་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་ཆགས་ཡོད་པ་དང་། འདི་ལོའི་རྐང་པོལ་འགྲན་བསྡུར་དེ་བཞིན་དོན་འགྲུབ་གླིང་བོད་མིའི་གཞིས་ཆགས་ནང་ཚོགས་ཏེ་ཤིམ་ལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༢༢།༠༡།༠༣

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་དང་ཆོས་དཔོན་ཊུ་ཊུ་གཉིས་ཀྱི་མཛའ་འབྲེལ་གྱི་གློག་བརྙན་ལ་མང་ཚོགས་ཀྱིས་ཡིད་སྨོན་ཞུ་བཞིན་པ། རྡ་སྟེང་བོད་ཁྱིམ་དུ་ཕྲུ་གུ་ལོ་ན་ ༡༥ ནས་༡༨ སོན་པ་རྣམས་ལ་ཏོག་དབྱིབས་སྔོན་ཁབ་སྐྱོན་པ། འདི་ལོ་ནས་རྡ་ཤོད་བོད་ཁྱིམ་དུ་འཛིན་རིམ་ལྔ་བ་བར་དུ་མ་གཏོགས་སློབ་འཇུག་བྱེད་རྒྱུ་མ་རེད། བསྟན་འཛིན་ཡོན་ཏན་ལགས་ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་བཞེས་སོང་། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ཆབ་སྲིད་ཀྱི་གནད་དོན་ལས་གོང་དུ་བཀུར་དགོས། ཁམས་བྲག་མགོ་ཁུལ་གྱི་ཛ་དྲག་གི་གནས་སྟངས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུགས་ཁུར་བཞེས་རྒྱུའི་རེ་སྐུལ། Monday 03/01/2022 HHDL representative attends Tutu’s funeral service, new doc on the 2 icons strikes a chord with many COVID vaccination for age 15 to 18 begins today Lower TCV now a primary school, students above 5th grade to be merged with 3 other schools Tenzin Younten sworn in as new Justice Commissioner for Southern Region TPiE urges International community to stand against ‘Cultural Revolution’ like crackdown in Drago

༸གོང་ས་མཆོག་དང་ཆོས་དཔོན་ཊུ་ཊུ་གཉིས་ཀྱི་མཛའ་འབྲེལ་གྱི་གློག་བརྙན་ལ་མང་ཚོགས་ཀྱིས་ཡིད་སྨོན་ཞུ་བཞིན་པ།

ལྷོ་ཨ་ཕི་རི་ཀའི་ཡེ་ཤུའི་བླ་ཆེན་དམ་པ་ཌེས་མིན་ཊུ་ཊུ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་མང་ཚོགས་ཀྱིས་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཞུ་བཞིན་པའི་ཁྲོད་འདིར་༸གོང་ས་མཆོག་དང་ཆོས་དཔོན་ཊུ་ཊུ་གཉིས་ཀྱི་མཛའ་བརྩེའི་འབྲེལ་ལམ་སྐོར་གྱི་གློག་བརྙན་ཞིག་འདོན་སྤེལ་གྱིས། དབུ་ཁྲིད་རྣམ་གཉིས་མཇལ་མོལ་བརྒྱུད་བདེ་སྐྱིད་ཀྱི་ཚོར་བ་སྐྲུན་པ་ཁག་ལ་སྤྱི་ཚོགས་དྲ་རྒྱའི་སྟེང་མང་ཚོགས་མང་པོས་ཡིད་སྨོན་གྱིས་དགའ་བསུ་ཤུགས་དྲག་ཞུ་བཞིན་འདུགརྩ་བའི་ Mission Joy: Finding Hapiness in Troubled Times འམ་དཀའ་སྡུག་གི་དུས་སུ་བདེ་སྐྱིད་འཚོལ་བ་ཞེས་པའི་གློག་བརྙན་འདི་བཞིན་ Academy Award ཞེས་པའི་རྒྱལ་སྤྱིའི་ཁྲོད་གློག་བརྙན་དང་འབྲེལ་བའི་གཟེངས་རྟགས་ཆེ་ཤོས་བཞེས་མྱོང་མཁན་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་ Louie Psihoyos ལགས་ཀྱིས་བཟོ་སྐྲུན་གནང་བ་ཞིག་ཆགས་ཀྱི་ཡོད་པ་དང་གློག་བརྙན་འདིའི་ཆེད་༸གོང་ས་མཆོག་གི་གདན་ཞུས་ཐོག་ཆོས་དཔོན་ཊུ་ཊུ་མཆོག་ཆེད་མངགས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་བདུན་ཕྲག་གཅིག་ཙམ་རིང་ལྷན་འཛོམས་ཀྱིས་ཕྱག་ཚོད་བཏང་བའི་བརྙན་པར་ཁག་ཅིག་གཟིགས་འབུལ་གནང་ཡོད་པ་མ་ཟད། གློག་བརྙན་འདིའི་བརྗོད་བྱའི་སྙིང་པོ་ནི་དབུ་ཁྲིད་རྣམ་གཉིས་ཀྱིས་སྙིང་རྗེ་རྩ་བར་བཟུང་པའི་ཐོག་ནས་བཟང་སྤྱོད་སྤེལ་ཕྱོགས་དང་ཆོས་དད་ཡོད་མེད་ལ་མ་ལྟོས་པའི་བླང་དོར་དང་ཡ་རབས་ཀྱི་ཐོག་ནས་མི་ཚེ་སྐྱེལ་པ་བརྒྱུད་བདེ་སྐྱིད་ཀྱི་རྩ་བ་འཛུགས་སྟངས་སོགས་ཀྱི་སྐོར་ལ་གླེང་མོལ་གནང་བའི་གྲུབ་དོན་དེ་དག་ཆགས་ཀྱི་ཡོད་པ་རེད། Mission Joy ཞེས་པའི་གློག་བརྙན་འདིའི་ནང་དུ། དཀའ་ངལ་མང་དག་ཅིག་ལ་གདོང་ལེན་གནང་སྟེ་འཛམ་གླིང་འདིའི་ཉེ་བའི་ལོ་རྒྱུས་ཀྱི་ནང་དུ་མཛད་རྗེས་རླབས་ཆེན་འཇོག་མཁན་འཛམ་གླིང་ཞི་བདེའི་དེད་དཔོན་རྣམས་གཉིས་དབར་མཇལ་འཕྲད་བྱུང་བའི་བརྙན་པར་ཁག་ཅིག་དང་འགུལ་རིས་བརྙན་པར་གསལ་སྟོན་བརྒྱུད། དབུ་ཁྲིད་གཉིས་དབར་གྱི་ཁྱད་དུ་འཕགས་པའི་མཛའ་བརྩེའི་འབྲེལ་བ་དང་ལྷག་དོན་སྒེར་སོ་སོའི་སྐུ་ཚེའི་ནང་དཀའ་ངལ་དུ་མ་འཕྲད་མྱོང་སོགས་ཀྱི་གནས་སྟངས་འདྲ་མིན་ལ་མ་ལྟོས་པར་ཐུགས་སྤྲོ་སྣང་ལྡན་པའི་སྒོ་ནས་ཕན་ཚུན་ལ་བློ་བསྐྱེད་གནང་བ་ཁག་མངོན་གསལ་གནང་བ་མ་ཟད། དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་གཞུང་ལ་གདོང་ལེན་དང་འབྲེལ་བའི་༸སྐུ་སྒེར་གྱི་ངལ་བ་ཁག་དང་དྲང་བདེན་གྱི་ཆེད་དུ་འཐབ་རྩོད་ཀྱི་འགན་བཞེས་པའི་ཐོག་ནས་འཛམ་གླིང་འགོ་ཁྲིད་ཀྱི་འགན་ཁུར་བཞེས་པའི་དབུ་ཁྲིད་ཀྱི་ལོ་རྒྱུས་བཅས་གསལ་འདོན་གནང་ཡོད་པ་རེད་འདུག དཀའ་སྡུག་གི་དུས་སུ་བདེ་སྐྱིད་འཚོལ་བ་ཞེས་པའི་༸གོང་ས་མཆོག་དང་ཡི་ཤུའི་ཆོས་དཔོན་ཊུ་ཊུ་གཉིས་དབར་གྱི་མཛའ་བརྩེའི་འབྲེལ་ལམ་དང་མཇལ་མོལ་སྐོར་གྱི་གློག་བརྙན་འདིའི་ནང་བཅར་འདྲི་བྱེད་མཁན་གྱིས་དབུ་ཁྲིད་རྣམ་གཉིས་དབར་གྱི་ཁྱད་དུ་འཕགས་པའི་མཛའ་བརྩེའི་འབྲེལ་ལམ་སྐོར་བཀའ་འདྲི་ཞུས་སྐབས་ཆོས་དཔོན་ཊུ་ཊུ་ཡིས་༸གོང་ས་མཆོག་ནི་དམ་པ་ཁོང་ལ་དུས་ཀུན་ཏུ་ངལ་བ་བཟོ་མཁན་ཞིག་ཡིན་ཚུལ་གྱི་ཞལ་ཤོབ་དང་སྦྲགས་མགོན་པོ་༸གང་ཉིད་ལ་ཧ་ཅང་ཡིད་སྨོན་ཞུ་འགོ་བཙུགས་པའི་ཉིན་མོ་དེ་དྲན་གསོ་མཛད་པར་མ་ཟད། ༸གང་ཉིད་མཆོག་གིས་༸སྐུ་ཉིད་ནམ་ཞིག་དགོངས་པ་རྫོགས་ཚེ་༸གང་ཉིད་ཀྱིས་ཐུགས་མཉེས་བའི་མཛའ་གྲོགས་ཆོས་དཔོན་ཊུ་ཊུ་མཆོག་མུ་མཐུད་དྲན་གསོ་གནང་རྒྱུ་ཡིན་པར་བཀའ་ལན་སྩལ་ཡོད་པ་མཇལ་རྒྱུ་ཡོད་འདུགད་རེས་ཡེ་ཤུའི་ཆོས་དཔོན་ཆེན་མོ་ཌེ་སི་མོན་ཊུ་ཊུ་མཆོག་དགོངས་པ་རྫོགས་པར་མྱ་ངན་རྗེས་དྲན་ཞུ་བཞིན་པ་དང་འབྲེལ་༧གོང་ས་མཆོག་དང་ཆོས་དཔོན་དམ་པ་དེ་ཉིད་གཉིས་ཀྱི་མཛའ་འབྲེལ་གློག་བརྙན་ཞིག་འདོན་སྤེལ་གནང་བར་སྤྱི་ཚོགས་དྲ་རྒྱའི་སྟེང་མང་ཚོགས་མང་པོས་ཡིད་སྨོན་དང་དགའ་བསུ་ཞུ་བཞིན་པའི་ཁྲོད་འདིར། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Barack Obama ལགས་ཀྱིས་ཆོས་དཔོན་ Desmond TuTu མཆོག་ནི་འཛམ་གླིང་ནང་དྲང་བདེན་དང་འཚེ་མེད་ཞི་བའི་ཐམས་ལམ་ཐོག་ནས་ཞི་བདེ་སྐྲུན་ཐབས་གནང་མཁན་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པར་འགྲེལ་བརྗོད་གནང་སྟེ་དམ་པ་ཁོང་ངོས་རང་གཙོས་མི་མང་པོ་ཞིག་གི་སློབ་སྟོན་པ་དང་བློས་ཐུབ་གྲོགས་པོ། དེ་བཞིན་བཟང་སྤྱོད་ཀྱི་མིག་དཔེ་ལྟ་ཡུལ་ཞིག་ཡིན་ཞེས་གསུངས་འདུག དེ་བཞིན་རྒྱ་གར་གྱི་རྩོམ་པ་པོ་སྐུ་ཞབས་ Joy Bhattachariya ལགས་ཀྱིས་ཆོས་དཔོན་ཊུ་ཊུ་མཆོག་དགོངས་པ་རྫོགས་པར་ངོས་རང་ཧ་ཅང་བློ་ཕམ་བྱུང་ཞེས་དང་དམ་པ་ཁོང་ནི་ཐུགས་རྒྱུད་བཟང་ཞིང་གཞན་ལ་བརྩེ་སེམས་ལྡན་པའི་དབུ་ཁྲིད་ཅིག་ཡིན་པར་བསྔགས་བརྗོད་དང་འབྲེལ། ད་རེས་དམ་པ་དེ་ཉིད་དགོངས་པ་རྫོགས་པ་དང་འབྲེལ་ནས་འདོན་སྤེལ་གནང་བའི་༸གོང་ས་མཆོག་དང་ཆོས་དཔོན་རྣམ་གཉིས་ཀྱི་མཛའ་བརྩེའི་འབྲེལ་ལམ་སྐོར་གྱི་གློག་བརྙན་འདི་བཞིན་སེམས་ལ་ཧ་ཅང་ཟུག་པོ་འདུག་ཅེས་ཡིད་སྨོན་ཞུས་འདུག    ཡང་ Abhay K ཞུས་མཁན་ཞིག་གིས་ Mission Joy ཞེས་པའི་གློག་བརྙན་འདིའི་ནང་དུ། ༸གོང་ས་མཆོག་དང་ཊུ་ཊུ་གཉིས་ཀྱི་བཀའ་མོལ་གནང་བ་རྣམས་མང་ཚོགས་ཀྱི་གསན་འཇོག་དགོས་པའི་བཀའ་མོལ་ཡག་ཤོས་དེ་ཡིན་པར་གསུངས་འདུགགཞི་རྩའི་ཟླ་བ་སྔོན་མའི་ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་བླ་ཆེན་ Desmond Tutu མཆོག་ དགུང་གྲངས་  ༩༠ ཐམ་པར་སྐུ་ཚེའི་འཕེན་པ་རྫོགས་པར་ལྷོ་ཨ་ཕི་རི་བ་ཚོས་བདུན་གཅིག་གི་རིང་ཡུལ་དེའི་ནང་མྱ་ངན་གུས་འདུད་དང་དམ་པ་ཁོང་གི་མཛད་རྗེས་རྣམས་དྲན་གསོ་ཞུས་ཏེ་ཟླ་བ་འདིའི་ཚེས་ ༡ ཉིན་ Cape Town  གྱི་ St. George ལྷ་ཁང་དུ་གཞུང་འབྲེལ་ཐོག་ནས་ཆོས་དཔོན་ཊུ་ཊུ་མཆོག་གི་འདས་མཆོད་ཀྱི་ཆོ་ག་བསྒྲུབས་ཡོད་པ་རེད། འོན་ཀྱང་ད་རེས་ལྷོ་ཨ་ཕི་རི་ཀའི་ནང་དུ་ཆོས་དཔོན་ཊུ་ཊུ་མཆོག་གི་’འདས་མཆོད་ཀྱི་ཆོ་གར་༸གོང་ས་མཆོག་ཆིབས་སྒྱུར་མཛད་ཐུབ་མིན་ཐད་གླེང་སློང་གང་ཙམ་ཞིག་བྱུང་ཡོད་པའི་ཁྲོད་ཡུལ་དེའི་ནང་ཡོད་པའི་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཆོས་དཔོན་ཊུ་ཊུ་མཆོག་གི་གཞུང་འབྲེལ་འདས་མཆོད་ཀྱི་ཆོ་གར་མཉམ་ཞུགས་གནང་སྟེ་ཆོས་དཔོན་ཊུ་ཊུ་མཆོག་གི་ཐེབས་རྩའི་འགན་འཛིན་དང་མཇལ་འཕྲད་ཀྱིས་མ་འོངས་འཆར་གཞིའི་སྐོར་གྲོས་བསྡུར་གནང་བ་མ་ཟད། ཁུལ་དེར་ལྷན་འཛོམས་གནང་བའི་གནད་ཡོད་མི་སྣ་དང་ཆོས་ཕྱོགས་ཀྱི་མི་སྣ་སོགས་དང་མཇལ་མོལ་གྱིས་ཁོང་རྣམས་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཆོས་དཔོན་ཊུ་ཊུ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་མཛའ་འབྲེལ་ལ་ཡི་རང་བསྔགས་བརྗོད་གནང་བ་དང་འབྲེལ་གལ་ཏེ་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འགྲུལ་བཞུད་ལ་བཀག་སྡོམ་མེད་ན་འདས་མཆོད་ཀྱི་ཆོ་གར་མགོན་པོ་༸གང་ཉིད་མཆོག་ཕེབས་ན་སྙམ་པའི་རེ་འདོད་ཡོད་སྐོར་གསུངས་ཡོད་པ་རེད། ཡི་ཤུའི་ཆོས་དཔོན་ཊུ་ཊུ་མཆོག་དགོངས་པ་རྫོགས་པར་ལྷོ་ཨ་ཕི་རི་ཀའི་ནང་གི་གནད་ཡོད་མི་སྣ་གཙོས་ཡུལ་དེའི་མང་ཚོགས་ཡོངས་ཙམ་མ་ཟད། འཛམ་གླིང་ས་ཕྱོགས་གང་ས་ནས་དམ་པ་ཁོང་ལ་མྱ་ངན་གུས་འདུད་ཞུ་བཞིན་པའི་ཁོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཆོས་དཔོན་ཊུ་ཊུ་དགོངས་པ་རྫོགས་པའི་གནས་ཚུལ་གསན་མ་ཐག་ཐུགས་སྨོན་དང་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་བཅས་ནས་ཀྱང་ཐུགས་གསོའི་གསུང་འཕྲིན་གནང་ཡོད།

རྡ་སྟེང་བོད་ཁྱིམ་དུ་ཕྲུ་གུ་ལོ་ན་ ༡༥ ནས་༡༨ སོན་པ་རྣམས་ལ་ཏོག་དབྱིབས་སྔོན་ཁབ་སྐྱོན་པ། 

ཉེ་ལམ་རྒྱ་གར་དབུས་གཞུང་གིས་འདི་ལོའི་ཟླ་ ༡ ཚེས་ ༣ ནས་ཕྲུ་གུ་ལོ་ན་ ༡༥ ནས་ ༡༨ སོན་པ་རྣམས་ལ་སྔོན་འགོག་སྨན་ཁབ་བསྐྱོན་རྒྱུའི་གསལ་བསྒྲགས་གནང་བ་ལྟར།  དེ་རིང་རྡ་སྟེང་བོད་ཁྱིམ་ནང་ཕྲུ་གུ་ཚོར་ཏོག་དབྱིབས་སྔོན་ཁབ་སྐྱོན་འགོ་ཚུགས་སོང་།གཞི་རྩའི་ད་ལྟའི་ཆར་མདུན་ཐོན་ཞབས་ཞུ་བ་དང་ལོ་ན་བཅོ་བརྒྱད་ཡན་ཕལ་མོ་ཆེར་ཏོག་དབྱིབས་སྔོན་ཁབ་བརྒྱབ་ཟིན་ཏེ་ད་ཆ་ལོ་ན་རྒན་གྲས་ལ་རིམས་ནད་སྔོན་འགོག་གི་སྨན་ཁབ་གསུམ་པ་སྐྱོན་འགོ་བཙུགས་མཚམས་ལ་སླེབས་ཡོད་པ་རེད།  སྤྱིར་དེ་སྔ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པའི་སྐབས་ནད་གཞི་ཁྱབ་གདལ་མྱུར་བ་སོགས་ཀྱི་རྐྱེན་དུ་མར་བརྟེན་ཉིན་རེར་ནད་གཞི་ཕོག་མཁན་དང་འདས་གྲོངས་སུ་གྱུར་བའི་གནད་དོན་མང་དག་བྱུང་ཡོད་པ་རེད། ལྷག་པར་ནད་རླབས་གཉིས་པའི་རྗེས་དང་ལོ་ན་ ༡༨ ཡན་མང་དག་ཅིག་ལ་སྔོན་ཁབ་སྐྱོན་ཟིན་པའི་དུས་སྐབས་སུ་ཁག་ཅིག་གིས་གལ་ཏེ་རྒྱ་གར་ནང་ནད་རླབས་གསུམ་པ་བྱུང་བ་ཡིན་ན་དེས་ཕྲུ་གུ་ཚོར་ཉེན་ཚབས་ཆགས་ངེས་ཡིན་པ་གསུངས་ཡོད་པ་ལྟར། ཕ་མ་མང་པོ་ཞིག་དངངས་འཚབ་སྐྱེས་པ་ཡང་གྱུར་ཡོད་པ་རེད།   འོན་ཀྱང་དེ་རིང་ནས་འགོ་འཛུགས་ཀྱིས་ཡུན་རིང་ངང་སྒུག་བྱས་པའི་སྔོན་ཁབ་དེ་བཞིན་ལོ་ན་ ༡༥ ནས་ ༡༨ བར་དུ་སྐྱོན་འགོ་བཙུགས་ཡོད་པ་རེད།ད་ལན་རྡ་སྟེང་བོད་ཁྱིམ་ནས་ཕྲུ་གུ་ ༢༠༠ ཙམ་ཞིག་ནས་ཕ་མའི་མོས་མཐུན་དང་སྦྲགས་སྔོན་ཁབ་སྐྱོན་གནང་སོང་བ་དང་།  རྡ་སྟེང་བོད་ཁྱིམ་གྱི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་ལོ་ན་ ༡༥ ནས་ ༡༨ བར་སྔོན་ཁབ་ཐོབ་པས་སློབ་གྲྭའི་ནང་ནད་ཡམས་དང་འབྲེལ་ཉེན་ཚབས་ཆུང་དུ་འགྲོ་རྒྱུ་ཡིན་པ་དང་།  རྒྱ་གར་གཞུང་གི་དགོངས་གཞིའི་ཐོག་ནས་སྔོན་ཁབ་བསྐྱོན་རྒྱུར་ཆོག་མཆན་སོགས་ཐོབ་དུས་སེམས་ནང་དགའ་ཚོར་དང་སྤྲོ་སྣང་ཡོང་གི་འདུག་ཅེས་གསུངས་སོང་། རྩ་བའི་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་འདས་པའི་དུས་ཡུན་ནང་སློབ་གྲྭ་དངོས་སུ་འཚོགས་མ་ཐུབ་པ་དང་ཡང་ན་སློབ་གྲྭ་འཚོགས་སྐབས་ཏོག་དབྱིབས་ནད་གཞི་ཕོག་མཁན་ཁག་ཅིག་བྱུང་ཡོད་པ་རེད།དེ་བཞིན་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ལྟ་བུར་མཚོན་ན། ས་གནས་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་མཐུན་འགྱུར་འོག དེ་རིང་མོན་གྷོ་འདོད་དུ་དགོན་སྡེ་སོ་སོར་ཆ་བགོས་ཀྱིས་སློབ་ཕྲུག་དང་གྲྭ་ཕྲུག་ ༣༠༠ ལ་སྔོན་ཁབ་སྐྱོན་བཞིན་པ་མ་ཟད། ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནང་སྡ་དྲོ་ཕྱག་ཚོད་༡༡ ནས་འགོ་འཛུགས་ཀྱིས་གཞིས་ཆགས་དེའི་ནང་གི་རང་ལོ་༡༨ མན་ལ་སྔོན་ཁབ་རྒྱབ་འདུགསྤྱིར་ཐོ་གཞུང་ནང་མོན་གྷོ་འདོད་རྒུ་གླིང་དུ་ལོ་ ༡༥ ནས་༡༨ བར་གྱི་ན་གཞོན་ཁྱོན་ ༦༥༠ ལྷག་བྱུང་ཡོད་པ་དང་། ཀོ་ལེ་གྷལ་དོན་ལྡན་གླིང་དུ་ས་གནས་ཀྱི་བརྒྱ་ཤོག་སོ་སོའི་བརྒྱ་དཔོན་རྣམས་ཀྱི་རོགས་སྐྱོར་འོག་ཐོ་གཞུང་བསྡུས་པའི་ཁྲོད་སློབ་ཕྲུག་༨༩  དང་གྲྭ་ཕྲུག་༥༠་ཙམ་གྱི་མིང་ཐོ་འབྱོར་འདུག

བསྟན་འཛིན་ཡོན་ཏན་ལགས་ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་བཞེས་སོང་།

དེ་རིང་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༡ ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གི་དྲུང་ནས་རང་ལོ་ ༣༡ སོན་ལ་ཉེ་བ་དྲུང་ལས་བསྟན་འཛིན་ཡོན་ཏན་ལགས་ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་བཞེས་སོང་།དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་དགུའི་ནང་གསེས་དོན་ཚན་དང་པོའི་ནང་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ས་གནས་སོ་སོའི་འགོ་འཛིན་ཁག་དང༌། དེ་མིན་ལས་བྱེད་དང༌། སྐྱེ་བོ་སུ་འོས་ལ་ཁྲིམས་ཞིབ་ཀྱི་དབང་ཆ་སྤྲད་དེ་གཏན་འཇགས་དང༌། འཕྲལ་སེལ། ཡང་ན་སྐོར་བསྐྱོད་བཅས་ཀྱི་ཁྲིམས་ཞིབ་ཁང་འོག་མའི་ལས་དོན་སྐབས་བསྟུན་གྱིས་སྒྲུབ་ཆོག་པ་ཡིན་ཞེས་གསལ་དོན་ལྟར། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་དང་། ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག དེ་བཞིན་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་དང་འབྲེལ་ཡོད་ལས་བྱེད་བཅས་ཚང་འཛོམས་སར་དྲུང་ལས་བསྟན་འཛིན་ཡོན་ཏན་ལགས་ནས་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གི་དྲུང་ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་བཞེས་ཡོད། གཞི་རྩའི་བསྟན་འཛིན་ཡོན་ཏན་ལགས་ནི་བོད་ནང་ལ་འཁྲུངས་ཏེ་ཆུང་དུས་བོད་ནང་དུ་འཚར་ལོངས་བྱུང་ཡོད་པ་དང་། ཕྱིས་སུ་ཕྱི་ལོ་ ༢༠༠༤ ལོ་ལ་བཙན་བྱོལ་དུ་ཕེབས་ཏེ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭའི་ནང་ལ་འབྲིང་རིམ་དང་གཞི་རིམ་གོང་མའི་སློབ་སྦྱོང་གནང་གྲུབ་པའི་རྗེས་སུ་རྒྱ་གརལྷོ་ཕྱོགས་མེ་སོར་གཙུག་ལག་སློབ་གཉེར་ཁང་དུ་ལོ་ལྔའི་རིང་ལ་ཁྲིམས་ལུགས་རབ་འབྱམས་པ་དང་། རྡེ་ར་རྡུན་ཁྲིམས་ལུགས་རིག་པའི་མཐོ་སློབ་ནས་ཁྲིམས་ལུགས་རིག་པའི་གཙུག་ལག་རབ་འབྱམས་པ་བཅས་སློབ་ཐོབ་བྱུང་བ་ཞིག་ཆགས་འདུགད་རེས་ཁོང་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་བཞེས་གྲུབ་པའི་རྗེས་སུ་གསར་འགོད་པའི་བཅར་འདྲི་དང་དུ་བླངས་བ་དང་སྦྲགས། ང་རང་ཚོ་མང་གཙོའི་ལམ་སྲོལ་ཞིག་གི་ཐོག་ལ་འགྲོ་བཞིན་ཡོད་སྟབས། ཁྲིམས་ཀྱི་དབང་བསྒྱུར་ཞེས་པ་དེ་གནད་འགག་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་འགྲེལ་བརྗོད་གནང་པ་དང་ཆབས་ཅིག མ་འོངས་ལས་དོན་ཁྲོད་གཙོ་བོ་མང་ཚོགས་ཁྲོད་ལ་དེ་འབྲེལ་ཁྲིམས་ཀྱི་གོ་རྟོག་གང་ཐུབ་སྤེལ་རྒྱུའི་ཐོག་ལ་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང་། རྩ་བའི་ད་ལྟའི་ཆར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་སུ་རྡེ་ར་རྡུན་བདེ་སྐྱིད་གླིང་གཞིས་སྒར་དུ་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དང་། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་། དེ་བཞིན་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་བཅས་ཁྱོན་ས་གནས་ཁྲིམས་ཞིབ་ཁང་གསུམ་ཡོད་པ་དང་། དེ་དག་ཁྲོད་ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དེ་ནི་ཕྱི་ལོ་ ༢༠༠༣ ལོར་ཟུར་བཙུགས་གནང་ཞིང་། ས་གནས་ཁྲིམས་ཞིབ་ཁང་དེའི་ཁྱབ་ཁོངས་སུ་ཀར་ན་ཀྲ་ཀ་དང༌། ཊ་མཱེལ་ནཐ། གོ་ཝ། མ་ཧ་ར་ཤི་ཀྲ། ཨོ་ལྡི་ཤ  ཆཱ་ཏི་སི་སྒར་སོགས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཁང་དང་། དེ་བཞིན་མངའ་ཁུལ་དེ་དག་ནང་ཁ་འཐོར་དུ་གནས་འཁོད་བོད་མི་རྣམས་ཚུད་ཀྱི་ཡོད་པ་རེད།

Latest news