Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ཝི་ཏི་ནམ་དད་ལྡན་ ༡༣༠ ལྷག་ལ་ནང་ཆོས་དང་འགྲོ་བ་མིའི་རིན་ཐང་སྐོར་ལ་བཀའ་སློབ་བསྩལ་བ།  

དེ་རིང་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་དུ་ཝི་ཏི་ནམ་ནས་ཆེད་བཅར་ཞུས་པའི་ཚོང་པ་དང་སྒྱུ་རྩལ་བ། ཤེས་ཡོན་ཅན་སོགས་དད་ལྡན་མི་སྣ་ ༡༣༠ ལྷག་ལ་ནང་ཆོས་དང་དད་འགྲོ་བ་མིའི་རིན་ཐང་སྐོར་ལ་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུས་པར་བཀའ་ལན་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བསྐྱེད་དམ་བཅའ་གསུམ་ལས་ཆོས་ལུགས་མཐུན་འབྲེལ་དང་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་མཛད་ཐབས་སྐོར་ངོ་སྤྲོད་མཛད་པ་དང་ཆབས་ཅིག དེང་སྐབས་འཛམ་གླིང་ཐོག་ཡོད་པའི་འགྲོ་བ་མི་རྣམས་ལ་འཕྲད་བཞིན་པའི་སྡུག་བསྔལ་མང་པོ་ཞིག་སེམས་ཀྱི་འགྲོ་སྟངས་ཡག་པོ་མ་ཤེས་པའི་དབང་གིས་ཡོང་གི་ཡོད་པ་དང་། ལྷག་པར་དུ་དུས་རབས་ ༢༡ འདིའི་ནང་འཕྲད་བཞིན་པའི་བཀའ་རྙོག་མང་ཆེ་བ་འགྲོ་བ་མིས་བཟོས་པ་ཞིག་ཡིན་སྟབས། ཆོས་དད་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མི་རྣམས་ཨ་མས་བྱམས་བརྩེས་བསྐྱངས་པའི་ཐོག་ནས་འཚར་ལོངས་བྱུང་བ་འབའ་ཞིག་ཡིན་པས་རང་ཆས་སུ་ཡོད་པའི་བྱམས་བརྩེའི་བསམ་པ་དེ་གོང་མཐོར་གཏོང་དགོས་པ་དང་། ཁྱད་པར་དུ་དུས་རབས་ ༢༡ པ་འདི་བྱམས་བརྩེ་དང་ལྡན་པའི་དུས་རབས་ཤིག་ཏུ་བསྐྲུན་དགོས་པར་བཀའ་ནན་བསྩལ་འདུགརླུང་འཕྲིན་ཁང་གིས་བཀའ་སློབ་ཀྱི་ལས་རིམ་ཐོག་༸སྐུའི་གསུང་སྒྱུར་གནང་མཁན་བཙུན་མ་བསྟན་འཛིན་དབྱངས་ཅན་ལགས་སུ་མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་གཙོ་བོ་གང་བསྩལ་སྐོར་བཅར་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་ནས་གཙོ་བོ་ཝི་ཏི་ནམ་དེ་ནང་པའི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་སྟབས། གཞོན་སྐྱེས་ཚོས་ནང་ཆོས་ལ་དམིགས་བསལ་གྱིས་དོ་སྣང་གནང་ཐོག་སློབ་གཉེར་གནང་བ་ཙམ་མིན་པར་ཤེས་ཡོན་གྱི་ལམ་ལུགས་ནང་ནང་ཆོས་ཀྱི་སློབ་ཚན་གཏན་འབེབས་གནང་དགོས་པའི་སྐུལ་ལྩག་མཛད་ཡོད་པ་གསུངས་སོང་།བཀའ་སློབ་ཀྱི་མཛད་རིམ་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པ་ལྕམ་ HUYNH THAI ལགས་ཀྱིས་ད་རེས་ཝི་ཏི་ནམ་དད་ལྡན་ཆོས་ཞུ་བ་རྣམས་ལ་སླར་༸གོང་ས་མཆོག་གི་དྲུང་ནས་ནང་ཆོས་སྐོར་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་ལྷག་དོན་༸གང་ཉིད་མཆོག་གིས་དེ་རིང་བཀའ་སློབ་བསྩལ་བ་འདིའི་ཐོག་ནས་རང་ཉིད་ཀྱི་མི་ཚེ་དོན་ལྡན་བསྐྱེལ་བར་ཕན་ཐོགས་ཆེན་པོ་བྱུང་ཞེས་གསུངས་ཡོད།

སུད་ཌེན་ནང་འཚོགས་གཏན་ཁེལ་བའི་རྒྱལ་ཚོགས་ཀྱི་ལས་རིམ་ཞིག་ཕྱིར་འཐེན།

ཉེ་ཆར་ Sweden གྱི་རྒྱལ་ས་ Stockholm ནང་འཚོགས་གཏན་ཁེལ་བའི་ Stand Up for Human Rights ཞེས་པའི་རྒྱལ་ཚོགས་ཀྱི་ལས་རིམ་ཞིག་གི་ཐོག་པར་རིས་འགྲེམས་སྟོན་གནང་འདུག་པ་དང་། ནོ་སྦེལ་ཞི་བདེའི་དེད་དཔོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཆེན་ Ai Wei Wei ལགས་རྣམ་གཉིས་ཀྱི་སྐུ་པར་འགྲེམས་སྟོན་གནང་འཆར་ཡོད་སྟབས། ས་གནས་རྒྱ་ནག་གཞུང་ཚབ་ཁང་གིས་སྐྱོན་བརྗོན་བྱས་ཡོད་རྐྱེན་རྒྱལ་ཚོགས་ཀྱི་ལས་རིམ་དེ་ཚོགས་ལ་ཉེ་བའི་ཆུ་ཚོད་གཉིས་ཀྱི་སྔོན་ལ་ཕྱིར་འཐེན་གནང་བའི་གནས་ཚུལ་ཐོན་འདུགཉེ་ཆར་ཕྱི་ཚེས་ ༡༧ ཉིན་ SVT Nyheter ཞེས་པའི་ Sweden རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་ལམ་གྱི་དྲྭ་གནས་ཐོག་བདུན་ཕྲག་སྔོན་མའི་རེས་གཟའ་ཟླ་བའི་ཉིན་ Stockholm ནང་ UNDP ཞེས་པའི་རྒྱལ་ཚོགས་ཀྱི་འཛུགས་སྐྲུན་ལས་གཞི་ཚན་པས་གོ་སྒྲིག་འོག་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ལོངས་ཤོག་ཞེས་པའི་མིང་བྱང་འོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༧༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོ་ཞིག་འཚོགས་གཏན་ཁེལ་ཡོད་པ་དང། མཛད་སྒོའི་ལས་རིམ་ཁྲོད་ལམ་ལྷོང་ལྡན་པའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་བ་མཚོན་ཆེད་དུ་པར་རིས་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་དང། དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ Ai Wei Wei ལགས་རྣམ་གཉིས་ཀྱིས་གཙོས་པའི་འཛམ་གླིང་མི་སྣ་ ༩༠ ཡི་ཚོན་ཁྲ་མེད་པའི་པར་རིས་བཤམ་སྟོན་གནང་གཏན་ཁེལ་ཡོད་པ་རེད། འོན་ཏང་མཛད་སྒོ་མ་ཚོགས་པའི་ཆུ་ཚོད་གཉིས་ཙམ་གྱི་སྔོན་ཚུད་ནས་ཚོགས་བཅར་བ་ཡོངས་ལ་མཛད་སྒོ་དེ་ཕྱིར་འཐེན་གནང་རྒྱུའི་བརྡ་འཕྲིན་གནང་ཡོད་ འདུག གནས་ཚུལ་ཡོང་ཁག་གཉིས་ཀྱིས་ Swedish བརྙན་འཕྲིན་བརྒྱུད་ལམ་ལ་བརྗོད་པར་གཞིགས་ན་ Sweden ས་གནས་རྒྱ་ནག་གཞུང་ཚབ་ཁང་གི་མི་སྣས་འགྲེམ་སྟོན་ནང་༸གོང་ས་མཆོག་དང་ Ai Wei Wei ལགས་རྣམ་གཉིས་ཀྱི་༸སྐུ་པར་སྒྲིག་གཤོམ་ལ་སྐྱོན་བརྗོད་བྱས་རྐྱེན་མཛད་སྒོ་དེ་ཕྱིར་འཐེན་གནང་ཡིན་པར་གསུངས་འདུག དེ་བཞིན་མཛད་སྒོ་གོ་སྒྲིག་གནང་མཁན་རྒྱལ་ཚོགས་ཀྱི་འཛུགས་སྐྲུན་ལས་གཞི་ཚན་པའི་ Nordic ས་ཁུལ་གྱི་ངེས་སྟོན་པ་ལྕམ་ Camilla Bruckner ལགས་ཀྱིས་འགྲེམས་སྟོན་ཐོག་པར་རིས་འདེམས་ཕྱོགས་ཐད་ལ་གསལ་ཁ་མེད་རྐྱེན་དང། པར་རིས་སྒྱུ་རྩལ་བ་དེ་དག་གི་རང་དབང་སྲུང་སྐྱོབ་ཆེད་དུ་མཛད་སྒོ་དེ་ཕྱིར་འཐེན་གནང་ཡིན་པ་དང། དེའི་ཐོག་དགོངས་ཚུལ་གནང་མཁན་མང་པོ་བྱུང་ཡོད་ཀྱང། ཁོང་རྣམས་ཀྱི་ངོས་ནས་མཛད་སྒོ་བརྒྱུད་འགྲོ་བ་མིའི་ཐོབ་ཐང་གི་བརྡ་ལན་གྱི་གནད་འགག་ལ་དོ་ཕོག་མི་འགྲོ་བའི་ཆེད་དུ་དེ་ལྟར་གནང་ཡིན་སྐོར་གསུངས་འདུག འོན་ཀྱང་ཁོང་གིས་མཛད་སྒོ་དེ་ཕྱིར་འཐེན་གནང་རྒྱུའི་རྒྱབ་ཏུ་རྒྱ་གཞུང་གི་མི་སྣ་ཡོད་མེད་སྐོར་འགྲེལ་བརྗོད་གང་ཡང་གནང་མི་འདུག དེ་བཞིན་པར་རིས་སྒྱུ་རྩལ་བ་ Albert Wiking དང་ Oscar Edlund གཉིས་ཀྱིས་གླེང་མོལ་གྱི་ལས་རིམ་ཐོག་ཁོང་གཉིས་ཀྱི་པར་རིས་འགྲེམས་སྟོན་དེ་ཕྱི་ལོ་ ༢༠༡༦ ལོ་ནས་དབུ་འཛུགས་གནང་བ་ལྟར་ད་བར་ སུད་ཌེན་གྱི་ས་གནས་འདྲ་མིན་བརྒྱད་ནང་གཟིགས་འབུལ་ཞུས་ཡོད་པ་དང། འགྲེམས་སྟོན་ཐོག་པར་གང་དང་གང་གཟིགས་འབུལ་དགོས་མིན་གྱི་ཐག་གཅོད་གནང་རྒྱུའི་ཐོབ་ཐང་དེ་ཁོང་རྣམ་གཉིས་ལ་ཡོད་པ་མ་གཏོགས་གཞན་སུ་ལའང་མེད་ཅེས་གསུངས་འདུག

  ༸གོང་ས་མཆོག་གིས་ཨོ་གླིང་གི་སྲིད་བློན་སྐུ་ཞབས་ Scott Morrison མཆོག་ལ་འཚམས་འཕྲིན་བསྩལ་བ།

ཁ་ཉིན་ཚེས་ ༡༨ ཉིན་ཨོ་གླིང་དུ་རྒྱལ་ཡོངས་ཀྱི་འོས་བསྡུ་གནང་ནས་ Liberal Coalition party ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་ཡོད་སྟབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་གླིང་གི་སྲིད་བློན་སྐུ་ཞབས་ Scott Morrison མཆོག་ལ་དགའ་བསུའི་འཚམས་འཕྲིན་བསྩལ་འདུག་པ་དང་། དེའི་ནང་མགོན་པོ་༸གང་ཉིད་མཆོག་ལོ་ངོ་བཅུ་ཕྲག་བཞིའི་རིང་ཨོ་གླིང་གི་ས་ཕྱོགས་གང་སར་ཆིབས་བསྒྱུར་བསྐྱངས་པའི་ཁྲོད་ཨོ་གླིང་མི་མང་གི་གུ་ཡངས་དང་མཛའ་བརྩེས་༸གོང་ས་མཆོག་ལ་ཐུགས་འགུལ་ཐེབས་ཡོད་པར་བཀའ་བསྩལ་འདུག ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་ཐོག་འགྲོ་བ་མི་རྣམས་གཅིག་གྱུར་གྱི་འདུ་ཤེས་དང་ཆོས་ལུགས་མཐུན་སྒྲིལ་གྱི་རིན་ཐང་གོང་སྤེལ་མཛད་ཀྱི་ཡོད་སྟབས་ཨོ་གླིང་མི་མང་གི་ངོས་ནས་༸གང་ཉིད་མཆོག་གི་མཛད་འཆར་ལ་དགའ་མགུ་དང་སྤྲོ་སེམས་མངོན་པར་གནང་བ་དེས་ཐུགས་བསྐྱེད་གསར་པ་ཞིག་འཁྲུངས་ཡོད་པར་བཀའ་བསྩལ་འདུགདེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཨོ་གླིང་མི་མང་གིས་དུས་རྒྱུན་ནས་ད་ལྟའི་བོད་མིའི་གནས་སྟངས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བཞིན་པར་བཀྲིན་ཆེ་ཞེས་བཀའ་བསྩལ་བ་དང་སྦྲགས། སྲིད་བློན་མཆོག་ནས་ཕྱག་ལས་ཇི་གནང་ཐམས་ཅད་ལམ་ལྷོངས་ཡོང་བ་དང་ཨོ་གླིང་གི་མི་མང་གི་མངོན་འདོད་རྣམས་བསྒྲུབ་ཐུབ་པའི་ཐུགས་སྨོན་བཅས་མཛད་འདུག དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་ཨོ་གླིང་གི་རྒྱལ་ཡོངས་འོས་བསྡུའི་ཁྲོད་སྲིད་བློན་སྐུ་ཞབས་ Scott Morrison མཆོག་གིས་དབུ་ཁྲིད་པའི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པར་འཚམས་འཕྲིན་གནང་བ་མ་ཟད། ཨོ་གླིང་མི་མང་དང་སྲིད་གཞུང་གིས་ཆབ་སྲིད་བཙོན་ཟུར་མཚོན་པའི་བོད་མི་ ༣༢༠༠ ཙམ་སྐྱབས་བཅོལ་དུ་བཞེས་ཡོད་པ་དེ་ནི་མིག་དཔེར་འོས་པའི་རྒྱབ་སྐྱོར་ཆེ་ཤོས་ཤིག་ཡིན་པར་གསུངས་ཏེ་ཨོ་གླིང་མི་མང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུས་འདུག  སླད་མར་སྲིད་གཞུང་གསར་པའི་ངོས་ནས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་དེ་སྔ་བཞིན་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་འདུག

༸གོང་ས་མཆོག་ཨུ་རུ་སུར་ཆིབས་བསྒྱུར་མཛད་རྒྱུར་བཀག་སྡོམ་མེད།  

ཨུ་རུ་སུའི་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ Vladimir Putin མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨུ་རུ་སུར་ཆིབས་བསྒྱུར་མཛད་པར་བཀག་སྡོམ་མེད་ཅེས་གསུངས་འདུག ཁ་ཉིན་ཕྱི་ཚེས་ ༡༦ བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ཚེ་རེས་གཟའ་ཕུར་བུ་ཉིན་སྲིད་འཛིན་མཆོག་ནས་ All-Russia People's Front ཞེས་པའི་ཆབ་སྲིད་ཚོགས་པའི་ལས་འགུལ་བ་དང་མཇལ་འཕྲད་གནང་སྐབས་ཚོགས་མི་ཞིག་གིས་སླད་མར་ཨུ་རུ་སུ་ནང་༸གོང་ས་མཆོག་གདན་འདྲེན་ཞུ་འཆར་ཡོད་མེད་བཀའ་འདྲི་ཞུས་པར་སྲིད་འཛིན་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ཨུ་རུ་སུར་ཆིབས་བསྒྱུར་བསྐྱང་པར་བཀག་སྡོམ་གང་ཡང་མེད་པ་དང་། སྤྱིར་བཏང་ཨུ་རུ་སུ་ནང་ནང་པ་དེ་ཙམ་མེད་པ་ཀྱང་ཨུ་རུ་སུ་གཞུང་གི་ངོས་ནས་ཡི་ཤུ་དང་འཇིའུ། ཁ་ཆེ་སོགས་ཆོས་ལུགས་འདྲ་མིན་ལ་དབྱེ་འབྱེད་གང་ཡང་གནང་གི་མེད་ཅེས་གསུངས་འདུགཁོང་གིས་ད་དུང་འཛམ་བུ་གླིང་ནང་ནང་པ་མང་པོ་ཡོད་པའི་རྒྱལ་ཁབ་ཁག་གཅིག་ཡོད་ཀྱང་རྒྱལ་ཁབ་དེ་དག་དང་༸གོང་ས་མཆོག་དབར་གྱི་འབྲེལ་ལམ་དེ་ཙམ་ཡག་པོ་མེད་པ་དང་འབྲེལ། ང་ཚོས་སླད་མར་༸གོང་ས་མཆོག་ཨུ་རུ་སུ་ནང་གདན་འདྲེན་ཞུ་བར་དགོངས་བཞེས་གནང་ངེས་ཡིན་ཞེས་གསུངས་འདུག རྩ་བའི་སྔ་ལོར་ཨུ་རུ་སུའི་ཁྱབ་ཁོངས་ཀལ་མུག་སྤྱི་མཐུན་རྒྱལ་ཁབ་ནས་རུ་སུའི་གཞུང་ལ་མགོན་པོ་༸གང་ཉིད་མཆོག་ཁུལ་དེར་ཆིབས་བསྒྱུར་མཛད་རྒྱུའི་ཆོག་མཆན་རིམ་པ་ཞུས་ཡོད་ཀྱང་། རུ་སུ་དང་རྒྱ་ནག་གཉིས་ཀྱི་ཆབ་སྲིད་ཀྱི་གནད་དོན་ལ་བརྟེན་ནས་མགོན་པོ་༸གང་ཉིད་མཆོག་ཁུལ་དེར་འདས་པའི་ལོ་ངོ་ ༡༥ ནང་གདན་འདྲེན་ཞུ་ཐུབ་མེད་པ་རེད། སྤྱིར་ཨུ་རུ་སུ་ཁྱབ་ཁོངས་ནང་ Kalmykia དང་། Tuva དེ་བཞིན་ Buriyat སྤྱི་མཐུན་རྒྱལ་ཁབ་ནང་བོད་བརྒྱུད་ནང་བསྟན་གཅིག་འགྱུར་ཉམས་ལེན་གནང་གི་ཡོད་པ་ལྟར། ཉེ་ལམ་བཞུགས་སྒར་དུ་ཚེས་ ༡༠ ནས་ ༡༢ བར་ཨུ་རུ་སུའི་ནང་པས་༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གང་ཉིད་མཆོག་གིས་ཁུལ་དེའི་མང་ཚོགས་ ༡༠༠༠ བརྒལ་བར་རྒྱུད་བླ་མ་དང་ལམ་གཙོ་རྣམ་གསུམ། དེ་བཞིན་བྱང་སེམས་སྡོམ་པ་འབོག་ཆོག་བསྩལ་ཡོད་པ་རེད། ༸གོང་ས་མཆོག་དགུང་ལོའི་བབས་དང་༸སྐུའི་འཕྲོད་བཞེས་ལ་བརྟེན་ནས་མང་ཚོགས་ནས་མཛད་འཆར་ཉུང་འཕྲི་གནང་དགོས་པའི་དགོངས་འཆར་ཡང་ཡང་ཕུལ་བ་བཞིན་རུ་སུའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ཀྱང་ཉེ་ལམ་ཨུ་རུ་སུའི་ནང་པ་ཚོའི་སླད་བཀའ་ཆོས་བསྩལ་གནང་ཡོང་བའི་སྐྱབས་འཇུག་གསོལ་འདེབས་ཞུ་རྒྱུ་ད་རེས་འདི་མཐའ་མ་ཡིན་ཞེས་གསུངས་ཡོད།

༸གོང་མཆོག་གིས་དགུང་ལོ་ ༡༡༠ ལྷག་༸སྐུ་འཚོ་བཞུགས་ཐུབ་པའི་ཐུགས་སྨོན་མཛད་བཞིན་ཡོད་པ་བཀའ་བསྩལ་བ།

དེ་རིང་བོད་ཚེས་ ༡༤ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་རྐང་འགན་བཞེས་ཐོག་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་གཞིས་བྱེས་ལྷ་མི་ཡོངས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཆོས་ཚན་ཁོངས་བཞུགས་ཚེ་དཔག་མེད་དྭགས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།  སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ལ་སྔོན་གྱི་ལྷ་དང་བླ་མས་བཀའ་ལུང་བསྩལ་དོན་ལྟར་༸སྐུའི་འཕྲོད་བཞེས་ཡག་པོ་བྱུང་ཚེ་དགུང་གྲངས་ ༡༡༠ བར་༸སྐུ་འཚོ་ཐུབ་རྒྱུར་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་བསྩལ་སོང་།དེ་རིང་ཟླ་ ༥ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཚོུད་  ༨ ཡོལཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག  བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་བཅས་ཀྱིས་སྤོས་སྣེ་དང་བོད་ཀྱི་ཟློས་གར་ཚོགས་པས་བཀྲ་ཤིས་གླུ་དབྱངས་འབུལ་ཐོག་སེར་སྦྲེང་བཅས་ཀྱིས་མངོན་བསུས་ཏེ་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་བདེ་བར་འཁོད་མཚམས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་མཇལ་དར་ཕུལ་བ་དང་སྦྲགས་བརྟན་བཞུགས་ཀྱི་ཆོ་ག་ཁག་གསུང་འདོན་གནང་བ་དང་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཡོད།བརྟན་བཞུགས་ཀྱི་ཆོ་ག་ཁག་གསུང་འདོན་གྲུབ་མཚམས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་བར་སྐབས་༸སྐུའི་སྙུང་གཞི་བཞེས་སྐབས་དེར་བོད་གཞིས་བྱེས་གཉིས་ཙམ་དུ་མ་ཟད། འཛམ་གླིང་གང་ས་ནས་མགོན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ལ་སེམས་འཁྲལ་བྱས་ནས་སྨོན་ལམ་དང་ཞབས་བརྟན་གསོག་སྒྲུབ་གནང་མཁན་མང་པོ་བྱུང་སོང་། རྒྱ་ནག་ནང་ནས་ཀྱང་མང་པོ་བྱུང་། དད་དམ་གཡོ་བ་མེད་པའི་ཐོག་ནས་སྨོན་ལམ་བརྒྱབ་པ་དེས་གཏན་གཏན་ནུས་པ་ངེས་ཅན་ཞིག་ཐོན་ཡོད་སྟབས་ཚང་མར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་སོང་།   ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸རྒྱལ་བ་དགེ་འདུན་གྲུབ་པས་སེམས་ཅན་སྡུག་བསྔག་གིས་མནར་བར་ཕན་ཐོགས་གནང་ས་ཞིག་ཡོད་ན། དེར་འཁྲུངས་པ་མ་གཏོགས་དག་ཞིང་ལ་འཁྲུངས་པའི་དགོངས་པ་མེད་ཅེས་གསུངས་པ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་དུས་རྟག་ཏུ་ཐུགས་སྨོན་དེ་ལྟར་མཛད་བཞིན་ཡོད་པ་དང་། ཉིན་གཅིག་གཟིམ་ལམ་དུ་མགོན་པོ་༸གང་ཉིད་མཆོག་རྐྱལ་བརྒྱབ་ནས་གཙང་ཆུ་ཞིག་རྒལ་བའི་སྐབས་༸སྐུ་རྒྱབ་ཏུ་༸དཔལ་ལྡན་ལྷ་མོ་བཞོན་ནས་དཔལ་ལྡན་ལྷ་མོས་ཁྱེད་རང་ལོ་ ༡༡༠ བར་འཚོ་ཐུབ་རྒྱུ་རེད་ཅེས་གསུང་པ་ཐུགས་དྲན་གསོ་གནང་མཛད་དེ་ད་ལྟའི་ཆར་མགོན་པོ་མཆོག་༸རྒྱལ་བ་དགེ་འདུན་གྲུབ་པའི་སྐུའི་ཚེ་ཚད་དང་མཉམ་པ་དགུང་གྲངས་ ༨༤ ཟིན་ཡོད་ཀྱང། ༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ཡག་པོ་བྱུང་ཚེ་དགུང་གྲངས་ ༡༡༠ བར་༸སྐུ་འཚོ་བཞུགས་ཐུབ་རྒྱུར་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་བསྩལ་ཡོད།ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཞེད་ཆེན་པོ་གསུམ་ལས་མགོན་པོ་༸གང་ཉིད་མཆོག་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་ཀུན་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཕན་པ་སྒྲུབ་བཞིན་ཡོད་པ་དང་། ཆོས་ལུགས་མཐུན་སྒྲིལ་ཐོག་ནས་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་མི་འདྲ་བ་རྣམས་ལ་ལྟ་གྲུབ་མི་འདྲ་ཡོད་ཀྱང་མཐར་ཐུག་གི་དགོས་དམིགས་གཙོ་བོ་སེམས་རྒྱུད་འདུལ་རྒྱུ་གཅིག་མཚུངས་ཡིན་སྟབས། ཆོས་ལུགས་མཐུན་སྒྲིལ་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། རིང་མིན་རྒྱལ་ས་ལྡི་ལིར་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་ལྷན་ཚོགས་ཤིག་ཀྱང་འཚོགས་འཆར་ཡོད་པ་བཀའ་བསྩལ་སོང་།ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་བསྟན་སྲིད་སྤྱིའི་ཐོག་བཙན་བྱོལ་དུ་མ་ཕེབས་གོང་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཐུགས་ཁུར་བཞེས་ཡོད་པ་དང་། བཙན་བྱོལ་ནང་ཕེབས་རྗེས་འདས་པའི་ལོ་ངོ་དྲུག་ཅུའི་ནང་བོད་པ་འདི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད་པ་སོགས་དྲན་སྐུལ་མཛད་ཡོད།གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་གཞིས་བྱེས་ལྷ་མི་ཟུང་འབྲེལ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་ལྟར། འདིའི་ཐོག་འཁོན་རིགས་༸དཔལ་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་དབུས་པའི་འཇམ་མགོན་རྒྱལ་བའི་༸རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས། ཏཱའི་སི་ཏུ་རིན་པོ་ཆེ་མཆོག སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག སྔ་འགྱུར་རྙིང་མའི་༸སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་བཅས་ཆེད་ཕེབས་གནང་འདུག་པ་མ་ཟད། བོད་མི་གནས་ཡུལ་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་སྲི་ཞུ་བ། མང་ཚོགས་བཅས་སྟོང་ཕྲག་ལྷག་ཕེབས་འདུག

ཨ་རི་གཞུང་ལ་བོད་ནང་ཆོས་དད་རང་དབང་སྲུང་སྐྱོབ་དགོས་པའི་འབོད་སྐུལ།

ཨ་རིའི་གྲོས་ཚོགས་གོང་མིའི་འཐུས་མི་ཁག་ཅིག་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་ Sam Brownback ལགས་ཀྱི་མཚན་ཐོག་ཏུ་ཞུ་སྐུལ་གྱི་ཕྲག་བྲིས་གནང་ནས་བོད་ནང་གི་ཆོས་ལུགས་རང་དབང་དང་སྒོས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ལ་སྲུང་སྐྱོབ་གནང་རྒྱུའི་རེ་འདུན་བཏོན་འདུག ཁ་ཉིན་ཚེས་ ༡༠ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Jim Risch ལགས་དང་ Bob Menendez ལགས་སོགས་ཀྱིས་ཞུ་སྐུལ་གྱི་ཕྱག་བྲིས་དེར་གྲོས་ཚོགས་ཀྱི་འཐུས་མི་ Marco Rubio ལགས་སོགས་ཀྱིས་རྒྱབ་སྐྱོར་གནང་ཐོག་ཨ་རིའི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་གྱི་ཐོག་ནས་ཇི་ལྟར་བོད་ནང་གི་ཆོས་ལུགས་ཀྱི་རང་དབང་གཅེས་སྲུང་གནང་དགོས་བའི་དོགས་འདྲི་ཞུས་པ་བརྒྱུད་ཆོས་ལུགས་ཀྱི་སྲོལ་རྒྱུན་དེ་སྲིད་གཞུང་གི་བཙན་དབང་དུ་འཆོར་རྒྱུ་མེད་པར་མངོན་གསལ་གནང་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོང་གི་ཞུ་སྐུལ་གྱི་ཕྱག་བྲིས་དེ་བརྒྱུད་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དག་གིས་རྒྱ་ནག་གི་དབང་སྒྱུར་འོག་གི་བོད་ནང་གི་ཆོས་ལུགས་རང་དབང་ལ་སྲུང་སྐྱོབ་གནང་རྒྱུ་ནི་ཨ་རིའི་ཕྱི་སྲིད་ཀྱི་དཀྱིལ་སྙིང་དུ་འཛིན་དགོས་པར་བརྗོད་ཡོད་པ་དང་ལྷན་དུ་ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་ Brownback ལགས་ཀྱིས་ཀྱང་བོད་གནད་དོན་དེར་དོ་སྣང་གནང་དགོས་པ་ཞིག་ཆགས་ཡོད་པར་བརྗོད་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཞུ་སྐུལ་གྱི་ཕྱག་ཡིག་དེ་ནི་ཨ་རིའི་ངོས་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྦྲུལ་ལམ་ལུགས་ལ་རྒྱབ་སྐྱོར་གནང་བཞིན་པའི་མངོན་རྟགས་ཤིག་ཡིན་པ་གསལ་བཤད་ཀྱིས་ཞུ་ཡིག་དེའི་ནང་འཁོད་པ་ལྟར་ཨ་རིའི་ངོས་ནས་བོད་ནང་གི་ཆོས་ལུགས་དད་མོས་དང་བླ་སྤྲུལ་ལམ་ལུགས་ལ་ཐེ་གཏོགས་གནང་ཐབས་མེད་ནའང་། ཨ་རིའི་ངོས་ནས་དུས་རྒྱུན་ནས་ཡིད་ཆེས་ཟབ་མོ་གནང་བཞིན་པ་ཞིག་ནི་ཆོས་ལུགས་དད་མོས་ལ་སྲུང་སྐྱོབ་གནང་རྒྱུ་དེ་ཡིན་སྟབས། བོད་བརྒྱུད་ནང་བསྟན་པ་རྣམས་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྲིད་གཞུང་གི་ཐེ་གཏོགས་གང་ཡང་མེད་པར་ཡང་སྲིད་ཀྱི་ལམ་ལུགས་དེ་ཐུགས་ཐག་གཅོད་གནང་དགོས་པར་བཀའ་བསྩལ་བ་ལུང་འདྲེན་གནང་འདུགརྒྱ་ནག་སྲིད་གཞུང་གཙོ་གྱུར་སྲིད་གཞུང་གང་ཞིག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་འདེམས་སྒྲིག་ལ་ཐེ་གཏོགས་གནང་ཚེ་དེ་ནི་གུས་བརྩི་ཆེ་བའི་ཏྭ་ལའི་བླ་མའི་སྒྲིག་འཛུགས་ཀྱི་ཁྲིམས་དབང་སྤྱི་དང་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་ཡོད་པའི་ནང་པ་ཡོངས་ཀྱི་ཐོབ་ཐང་འཕྲོག་ཡོད་པར་སྦྲགས་ཏེ། ཨ་རིའི་ནང་དུ་བོད་བརྒྱུད་ནང་བསྟན་གྱི་ཁྲིམས་མཐུན་རང་བཞིན་གྱི་དབུ་ཁྲིད་དང་དགེ་རྒན་མང་པོ་ཞིག་ཡོད་པར་བརྟེན་ཨ་རིའི་སྲིད་གཞུང་གི་ངོས་ནས་ཁོང་རྣམས་ཀྱི་ཆོས་ལུགས་དད་མོས་ཀྱི་མངོན་འདོད་ལ་སྲུང་སྐྱོབ་གནང་རྒྱུ་དེ་ནི་གལ་ཆེན་ཞིག་ཏུ་བརྩི་བཞིན་པ་ལྟར། སྲིད་གཞུང་གི་ཐེ་གཏོགས་མེད་པར་རང་དབང་གི་སྒོ་ནས་ཆོས་ལུགས་དད་མོས་དེ་གཙིགས་སུ་འཛིན་རྒྱུར་གུས་བརྩི་བྱེད་ཀྱི་ཡོད་པར་གསུངས་འདུག ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དེ་དག་གིས་སྐུ་ཞབས་ Brownback ལགས་ཀྱིས་ཨ་རིའི་སྲིད་གཞུང་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་སྣེ་ཁྲིད་དེ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུར་པེ་ཅིང་གིས་གཙོ་པའི་སྲིད་གཞུང་གང་གིས་ཀྱང་ཐེ་གཏོགས་མེད་པར་སྲོལ་རྒྱུན་གྱི་ལམ་ལུགས་གཞིར་བཞག་གིས་ངོས་འཛིན་ཞུ་ཐུབ་དགོས་པའི་ནན་སྐུལ་ཞུས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་ Matteo Mecacci ལགས་ཀྱིས་རྒྱ་ནག་གི་དབང་འཛིན་པ་དག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་གཙོ་བོར་གྱུར་པའི་བོད་བརྒྱུད་ནང་བསྟན་སྤྱིའི་བླ་སྤྲུལ་ངོས་འཛིན་གྱི་ལམ་ལུགས་ཀྱི་ཐད་ནས་གོམ་གང་མདུན་སྤོས་ཀྱིས་བཏང་འཛིན་བྱེད་ཐབས་ལ་འབད་བརྩོན་བྱེད་བཞིན་པའི་ཁྲོད་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་ཚབ་མི་སྣས་ཐེངས་འདིའི་ཞུ་ཡིག་དེ་ཕུལ་ཡོད་པར་དགའ་བསུ་ཞུས་པ་མ་ཟད་ཨ་རི་ནི་མང་གཙོའི་རྒྱལ་རྒྱལ་ཁབ་ཅིག་ཡིན་པར་བརྟེན་མང་གཙོའི་ཆ་ལག་གི་སྤྱོད་སྒོ་ཡོངས་སུ་ཚང་བའི་ཐོག་རྒྱལ་ཁབ་ཕྱི་ནང་གི་ཁྲིམས་སྒྲིག་དང་ཨ་རིའི་ཀུན་སྤྱོད་ཀྱི་རིན་ཐང་གཞིར་བཟུང་གིས་བོད་མི་དག་གི་ཆོས་ལུགས་ཀྱི་གནང་སྒོས་མཚོན་པའི་སྤྱི་ཡོངས་ཀྱི་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་བརྩི་སྲུང་དང་གོང་སྤེལ་གནང་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས་འདུག  

༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་སྐོར་གནས་ཚུལ་སྤེལ་མཁན་གསར་འགོད་པ་གསུམ་ལ་འདྲི་རྩད།

བལ་ཡུལ་རྒྱལ་ཡོངས་གསར་ཁང་ Rastriya Samachar Samiti ཞེས་པའི་ཨིན་ཇིའི་སྡེ་ཚན་གྱི་གསར་འགོད་པ་ Mohani Risal ལགས་དང་ Somnath Lamichhanne ལགས། དེ་བཞིན་ Jivan Bhandar ལགས་བཅས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་སྐོར་ལ་གནས་ཚུལ་སྤེལ་བར་བརྟེན། བལ་ཡུལ་གཞུང་གིས་བཀོད་ཁྱབ་བཏང་འོག་གསར་འགོད་པ་གསུམ་གྱིས་གནས་ཚུལ་དེ་ལྟར་སྤེལ་བའི་རྒྱུ་མཚན་དང་ཕུགས་ཀྱི་དམིགས་ཡུལ་གང་ཡིན་སོགས་ཀྱི་ཐད་འདྲི་རྩད་བྱས་འདུགཁ་སང་བལ་ཡུལ་གྱི་ Kathmandu Post གསར་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་ཟླ་ ༤ ཚེས་ ༢༧ ཉིན་བལ་ཡུལ་གྱི་གསར་འགོད་པ་གསུམ་པོ་དེ་དག་གིས་གསར་ཁང་དེའི་བརྒྱུད་ལམ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡིར་༸སྐུའི་འཕྲོད་བཞེས་ཀྱི་སྨན་བཅོས་ཁག་ལེགས་གྲུབ་བྱུང་ནས་༸སྐུ་ཁམས་དྭངས་སྐྱེད་ཧ་ཅང་ཡག་པོ་བྱུང་ཡོད་པ་དང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ལྡི་ལི་ནས་བཞུགས་སྒར་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་མཚམས་སུ་གསར་འགོད་པའི་བཀའ་འདྲིར་བཀའ་ལན་བསྩལ་སྐབས་ཉེ་སྔོན་མགོན་པོ་༸གང་ཉིད་མཆོག་ལ་སྙུན་གཞི་ལྗིད་པོ་བཞེས་ཡོད་ཀྱང་། ད་ལྟ་མགོན་པོ་མཆོག་༸སྐུ་ཁམས་ཧ་ཅང་དྭངས་སྐྱེད་སངས་དྲག་བྱུང་སྟབས་མཛད་དཀའ་གང་ཡང་མི་འདུག་ཅེས་བཀའ་བསྩལ་བའི་གནས་ཚུལ་ཁག་ཞིབ་རྒྱས་སྤེལ་ཡོད་སྟབས། བལ་ཡུལ་གྱི་དྲིལ་བསྒྲགས་དང་འགྲིམ་འགྲུལ་བློན་ཆེན་ Gokul Baskota ལགས་ཀྱིས་གསར་འགོད་པ་གསུམ་ལ་འདྲི་རྩད་གནང་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་ཆེད་བཀོད་གནང་འདུགKathmandu Post གསར་ཁང་ནས་དྲིལ་བསྒྲགས་དང་འགྲིམ་འགྲུལ་བློན་ཆེན་ Gokul Baskota ལགས་སུ་གསར་འགོད་པར་འདྲི་རྩད་གནང་དགོས་དོན་སྐོར་བཀའ་འདྲི་ཞུས་པར་བོད་དང་༸གོང་ས་མཆོག་གི་གནས་ཚུལ་རྣམས་རྒྱ་ནག་གི་ཚོར་སྣོའི་གནད་དོན་ཞིག་ཆགས་ཀྱི་ཡོད་སྟབས། བལ་ཡུལ་རྒྱལ་ཡོངས་གསར་ཁང་ནས་བོད་དང་༸གོང་ས་མཆོག་གི་སྐོར་གནས་ཚུལ་སྤེལ་བ་དེ་ནི་བལ་ཡུལ་གཞུང་ནས་ངོས་ལེན་བྱེད་བཞིན་པའི་རྒྱ་ནག་གཅིག་གི་སྲིད་བྱུས་དང་འགལ་ཟླ་ཆགས་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་ཐེངས་འདིའི་གནས་ཚུལ་སྤེལ་སྐབས་སུ་བལ་ཡུལ་གྱི་སྲིད་འཛིན་ Bidhya Devi Bhandari ལགས་རྒྱ་ནག་ཏུ་འཚམས་འཟིགས་གནང་བཞིན་པར་དོ་ཕོག་མི་ཐེབས་ཆེད་གསར་འགོད་པ་གསུམ་པོར་འདྲི་རྩད་བྱས་ཡོད་སྐོར་གསུངས་འདུག འོན་ཀྱང་བལ་ཡུལ་རྒྱལ་ཡོངས་ཀྱི་གསར་ཁང་ Rastriya Samachar Samiti ནང་ལ་ཕྱག་ལས་གནང་མཁན་མི་ཉུང་བ་ཞིག་ནས་བློན་ཆེན་ Gokul Baskota ལགས་ཀྱིས་ཐག་གཅོད་གནང་བ་དེ་ནི་བལ་ཡུལ་གྱི་རྒྱལ་ས་ Kathmandu ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་གནོན་ཤུགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་དང་། གཞན་ཁག་གཅིག་གིས་བལ་ཡུལ་ནང་ཁུལ་གྱི་ཆབ་སྲིད་གནད་དོན་རྐྱེན་པས་ད་རེས་ཀྱི་གནས་ཚུལ་དེ་བྱུང་བ་རེད་ཅེས་སོགས་གསུངས་འདུགལྷག་པར་དུ་འབྲེལ་ཡོད་གསར་འགོད་པ་ Mohani Risal ལགས་དང་ Somnath Lamichhanne ལགས། དེ་བཞིན་ Jivan Bhandar ལགས་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་གནང་སྟངས་དེ་བལ་ཡུལ་མི་མང་གིས་གཙོས་པའི་རྒྱལ་སྤྱིའི་མང་ཚོགས་ལ་གལ་ཆེན་པོ་ཆགས་ཡོད་སྟབས་༸སྐུའི་འཕྲོད་བཞེས་དང་འབྲེལ་བའི་གནས་ཚུལ་བདེན་པ་རྣམས་ཕྱོགས་བསྒྲིགས་ཀྱིས་སྤེལ་བ་ཡིན་ཞེས་གསལ་བཤད་འདུག གཞི་རྩའི་བལ་ཡུལ་གྱི་དྲིལ་བསྒྲགས་དང་འགྲིམ་གྲུལ་བློན་ཆེན་ Gokul Baskota ལགས་ཀྱིས་བཀོད་ཁྱབ་བཏང་བ་ལྟར་བལ་ཡུལ་རྒྱལ་ཡོངས་གསར་ཁང་ Rastriya Samachar Samiti ཡི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ Dilliram Bhattarai ལགས་ནས་སྣེ་ཁྲིད་གནང་ཐོག་གསར་འགོད་པ་གསུམ་ལ་འདྲི་རྩད་གནང་ཡོད་པ་དང་། ད་ལྟའི་ཆར་གསར་འགོད་པ་གསུམ་ལ་མཐའ་མའི་ཐག་གཅོད་གང་གནང་ཡོད་མེད་གསལ་ཁ་གང་ཡང་མེད་པ་རེད།  

ཨུ་རུ་སུའི་ནང་པའི་ཆེད་དུ་བཀའ་ཆོས་གསོལ་འདེབས་ཞུ་རྒྱུ་མཐའ་མ་དེ་ཡིན།

ཨུ་རུ་སུའི་ཁྱབ་ཁོངས་སོག་རིགས་དད་ལྡན་མང་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཟླ་བ་འདིའི་ཚེས་ ༡༠ ནས་ ༡༢ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གིས་བཀའ་ཆོས་ཁག་ལེགས་གྲུབ་མཛད་པ་དང་བསྟུན། ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་དང་དགུང་ནའི་བབ་ཀྱི་ཆ་ནས་སླད་མར་རིན་པོ་ཆེ་༸སྐུ་ཉིད་ཀྱི་ངོས་ནས་ཨུ་རུ་སུའི་ནང་པ་ཚོའི་སླད་དུ་བཀའ་ཆོས་བསྩལ་གནང་ཡོང་བའི་སྐྱབས་འཇུག་གསོལ་འདེབས་ཞུ་རྒྱུ་མཐའ་མ་དེ་ཡིན་ཞེས་གསུངས་སོང་།བཞུགས་སྒར་དུ་ཟླ་ ༥ ཚེས་ ༡༠ དང་ ༡༡ བཅས་ཉིན་གཉིས་ཀྱི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་བླ་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་བསྩལ་བ་དང་། བཀའ་ཆོས་ཀྱི་ཉིན་མཐའ་མ་སྟེ་ཁ་སང་ཕྱི་ཚེས་ ༡༢ ཉིན་༸གོང་ས་མཆོག་གིས་ཨུ་རུ་སུའི་སོག་རིགས་གཙོས་པའི་སེར་སྐྱ་མང་ཚོགས་ཡོངས་ལ་མཇུག་ཏུ་དགེ་བ་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་བཀྲིན་བསྩལ་ཡོད་པ་རེད།སྐབས་དེར་མགོན་པོ་མཆོག་གིས་ཆོས་ཞུ་བ་ཚོར་བྱང་ཆུབ་ཀྱི་སེམས་ངོ་སྤྲོད་བསྩལ་བ་དང་འབྲེལ། བདེ་སྐྱིད་ཅེས་པ་ནི་གཞན་ཕན་གྱི་བློ་ལ་བརྟེན་ནས་ཡོང་བ་ཞིག་ཡིན་པ་དང་། བདག་ལས་གཞན་གཅེས་བའི་བྱང་ཆུབ་ཀྱི་སེམས་དེ་ཉམས་ལེན་ཡག་པོ་ཞིག་མ་བྱུང་ཚེ་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཐོབ་རྒྱུ་དཀའ་བ་མ་ཟད་འཛམ་གླིང་འདིའི་སྟེང་དུ་རྙོག་གྲ་ཤ་སྟག་བཟོ་ནས་བསྡད་ཀྱི་ཡོད་པ་དང་། ད་ཆ་མིའི་ལུས་རྟེན་ཐོབ་ནས་སངས་རྒྱས་པའི་བསྟན་པ་དང་མཇལ་རྒྱུའི་གོ་སྐབས་ཡོད་སྟབས། བདག་ལས་གཞན་གཅེས་བའི་བྱང་ཆུབ་ཀྱི་སེམས་དེ་ཉམས་ལེན་གནང་དགོས་གལ་ཡིན་པར་ལམ་སྟོན་བསྩལ་སོང་།༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ཐེངས་འདིའི་སེམས་བསྐྱེད་ཀྱི་སྡོམ་པ་བསྩལ་མཁན་གྱི་བླ་མ་ཆགས་ཀྱི་ཡོད་པར་བཀའ་བསྩལ་དང་སྦྲགས། མགོན་པོ་མཆོག་དགུང་ལོ་ ༡༢ ནས་ ༡༣ ལ་ཕེབས་སྐབས་སྟོང་ཉིད་ཀྱི་ལྟ་བར་ཐུགས་སྣང་ཆེན་པོ་མཛད་ཡོད་པ་དང་། དེ་ནས་ཕྱིས་སུ་རྒྱ་གར་ལ་ཕེབས་ནས་སྤྱོད་འཇུག་དབང་ལུང་ཞུས་ཏེ་དེར་ཐུགས་བཞེས་མཛད་སྐབས་རིམ་པས་བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དེ་ཐུགས་རྒྱུད་དུ་འཁྲུངས་བདེ་པོ་ཆགས་སྐོར་བཀའ་བསྩལ་ཡོད།ཨ་རུ་སུའི་ནང་པ་ཚོའི་ངོས་ནས་ལོ་ལྟར་༸གོང་ས་མཆོག་ལ་བཀའ་ཆོས་བསྩལ་གནང་ཡོང་བའི་སྐྱབས་འཇུག་གསོལ་འདེབས་ཞུ་བཞིན་ཡོད་པ་དང། སྤྱི་ཡོངས་ཀྱི་ཆ་ནས་གསུང་ཆོས་གོ་སྒྲིག་ཞུས་སྐབས་བར་ཆད་གང་ཡང་མེད་པར་ཚགས་ཚུད་བྱུང་བ་ནི་གྲུབ་འབྲས་བཟང་པོ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་པ་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་གསུངས་སོང་།འོན་ཀྱང་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་དང་དགུང་ནའི་བབ་ཀྱི་ཆ་ནས་སླད་མར་རིན་པོ་ཆེ་༸སྐུ་ཉིད་ཀྱི་ངོས་ནས་ཨུ་རུ་སུའི་ནང་པ་ཚོའི་སླད་དུ་བཀའ་ཆོས་བསྩལ་གནང་ཡོང་བའི་སྐྱབས་འཇུག་གསོལ་འདེབས་ཞུ་རྒྱུ་མཐའ་མ་དེ་ཡིན་ཞེས་གསུངས་ཡོད།ཐེངས་འདིའི་བཀའ་ཆོས་ཐོག་ཆེད་བཅར་ཞུས་པའི་ཆོས་ཞུ་བ་ཁག་གཅིག་ལ་ཉིན་གསུམ་གྱི་བཀའ་ཆོས་གང་འདྲ་བྱུང་མིན་སྐོར་བཅར་འདྲི་ཞུས་པར་ཚོར་བ་དགའ་སྐྱོ་ཟུང་འབྲེལ་གྱི་ཐོག་ནས་༸སྐུའི་འཕྲོད་བཞེས་དྭངང་སྐྱེད་ཡོང་བའི་སྨོན་ལམ་ཞུ་བཞིན་འདུགརྩ་བའི་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་གནས་ཐོག་མཛད་འཆར་བཀོད་པར་གཞིགས་ན། ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཆོས་ཚན་ཁོངས་བཞུགས་ཚེ་དཔག་མེད་དྭགས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག

ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་མཆོག་གི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་པ།

ཁ་སང་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་ ANC ཞེས་སྲིད་འཛིན་སྐུ་ཞབས་ Cyril Ramaphosa མཆོག་གི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་འདུག༸གོང་ས་མཆོག་གིས་འཚམས་འཕྲིན་དེའི་ནང་ལྷོ་ཨ་ཕི་རི་ཀར་མཚོན་ན་ཡར་རྒྱས་དང་གོང་འཕེལ་གྱི་ཕྱོགས་སུ་བསྐྱོད་རྒྱུར་ནུས་པ་ལྡན་ཡོད་པ་གཟིགས་ཚུལ་བྱུང་ཞེས་བཀའ་བསྩལ་བ་དང་འབྲེལ། ལྷོ་ཨ་ཕི་རི་ཀའི་མི་རིགས་ནི་ཞི་བདེ་དང་མང་གཙོ། དྲང་བདེན་སོགས་ལ་ཕྱག་ལས་ལྷོད་མེད་གནང་མཁན་ཞིག་ཡིན་སྟབས། སྲིད་འཛིན་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་དེ་མུ་མཐུད་ཡར་རྒྱས་དང་གོང་འཕེལ་གྱི་ཕྱོགས་སུ་མདུན་སྐྱོད་ཐུབ་པ་མ་ཟད། སྤྱི་ཚོགས་ཁྲོད་ཆེས་ཉམ་ཐག་རྣམས་ཀྱི་འཚོ་བར་ཡར་རྒྱས་གནང་ཐུབ་པར་ཐུགས་རེ་མཛད་བཞིན་ཡོད་པར་བཀའ་བསྩལ་འདུག༸གོང་ས་མཆོག་གིས་སྲིད་འཛིན་མཆོག་ནས་མང་ཚོགས་ཀྱི་བསམ་བློའི་ནང་ཕུགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་བའི་རེ་བ་དང་ཡིད་ཆེས་འཕེལ་བ་ཞིག་བཟོ་ཐུབ་པ་དང་། ལྷག་པར་དུ་རྒྱལ་ཁབ་གཞན་ཚོས་ཀྱང་དམིགས་དཔེ་བྱ་འོས་པ་ཞིག་གནང་དགོས་གལ་ཡིན་པར་ལམ་སྟོན་བསྩལ་འདུག སྲིད་འཛིན་མཆོག་གི་ལས་ཡུན་གཉིས་པའི་ནང་འབྱུང་འགྱུར་ངལ་བ་རྣམས་ལ་གདོང་ལེན་གྱིས་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བ་དང་ལྷོ་ཨ་ཕི་རི་ཀའི་མི་མང་གི་མངོན་འདོད་རྣམས་བསྒྲུབ་ཐུབ་པའི་ཐུགས་སྨོན་བཅས་མཛད་འདུག    

Latest news